ཨ་མདོའི་རྡུང་ལེན་གྱི་མ་འོངས་པ་གླེང་སྟངས་ཤིག-སྒར་བ་ཚེ་བཀྲ།

8183

རྩོམ་པ་པོ། སྒར་བ་ཚེ་བཀྲ།

     སྔོན་ཆད་མཐོང་བ་ཙམ་དང་ཉན་པ་ཙམ་གྱིས་ཤེས་ནུས་པའི་ཨ་མདོའི་རྡུང་ལེན་ནམ་སྒྲ་སྙན་རྡུང་ལེན་དེ་ད་ནི་བལྟས་པས་མི་ཤེས་ལ།   ཉན་པས་ཀྱང་ཐག་ཆོད་མི་ཆོད་ཙམ་གྱི་ས་ལ་ལྷུང་འགྲོ་བ་ནི་དཔྱོད་ལྡན་ས་བུ་ཆེས་བསྟན་པ་ལྟར་མདོ་སྨད་པ་ཚོས་དབུས་ཀྱི་འདུ་ཤེས་གལ་ཆེན་ཏུ་ལྟ་བའི་རྟགས་གཅིག་ཡིན་པ་གཞིར་བཅས།   སྒྲ་སྙན་གྱིས་མཚོན་པའི་རང་གི་རིག་གནས་ལ་ངོས་ཟིན་དང་སད་རྟོགས།   བློ་སྤོབས་སྐྱེས་ཀྱི་ཡོད་པའི་དཔེ་གསལ་པོ་ཞིག་ཏུ་ཆགས་ཡོད་པ་རེད། དེ་ལྟར་ཡང་།   རོལ་ཆས་ཀྱི་འགྱུར་བ་དེས་ཨ་མདོའི་རྡུང་ལེན་ལ་ལམ་འགྲོ་བརྒྱུགས་པ་ལས་ལྡོག་སྟེ་ལམ་གྱི་དཀའ་ངལ་ཞིག་ལ་ཕྲད་པར་གྱུར་ཡོད།   གཅིག་བྱས་ན།  རྐྱེན་ངན་གྲོགས་སུ་གྱུར་ཏེ་དཀའ་ངལ་འདིས་ཨ་མདོའི་རྡུང་ལེན་ལ་ཐོད་རྒལ་ཞིག་བསྐྲུན་ངེས་སྲིད་ལ།    དེ་ལས་འབྱུང་སྲིད་པའི་ཐོད་རྒལ་སྣ་གཅིག་ནི་རོལ་ཆས་གསར་པ་ཞིག་བཟོ་རྒྱུ་དེ་ཡིན་པར་སྣང་། 

     མིག་སྔར་སྒྲ་སྙན་རྡུང་ལེན་ལ་ལམ་གྱི་དཀའ་ངལ་ཞིག་ལ་ཕྲད་ཡོད་ཅེས་པའི་ཕྱོགས་གཅིག་ནི་དཀྲོལ་སྟངས་དང་ལེན་ལུགས་ཀྱི་ཆ་ནས་རེད།  དེ་ལ་རྡུང་ལེན་པ་དཔལ་ཆེན་རྡོ་རྗེ་ནས་མགོ་ལུས་རྐང་གསུམ་སྟོད་གཞས་ཡིན་པའི་བརྩམས་ཆོས་ཡང་ཡང་ཁྱེར་ཡོང་བ་དང་རྡུང་ལེན་པ་གཞན་མང་པོ་ཞིག་ནས་མགོ་སྟོད་གཞས་མིན་ན་རྐང་པ་སྟོད་གཞས་ཡིན་པ་དང་།   མགོ་ནང་མར་སོང་མེད་ན་རྐང་པ་ནང་མར་ཚུད་ཡོད་པའི“ཨ་མདོའི་རྡུང་ལེན”ཁྱེར་ཡོང་བས་སྔར་གྱི་གསལ་བའི་ཆ་དེ་མག་མོག་རབ་རིབ་ཏུ་གྱུར་ནས་ར་ལུག་གང་ཡིན་འབྱེད་མི་ཤེས་པར་གྱུར་བ་རེད།  

     ཕྱོགས་གཞན་ཞིག་ནི།  སྔར་ཡིན་ན་སྒྲ་སྙན་རྡུང་ལེན་དེ་རྣ་བར་ལྷུང་ལྷུང་བབས་ཡོང་བ་ཞིག་རེད།   དེ་ཡང་སྙན་ཆའི་ངོས་ན་བཤད་ཀྱི་མེད་དེ།   སྡེབ་སྦྱོར་གྱི་ངོས་ནས་ལྷུང་ལྷུང་འབབ་པ་ཞིག་རེད།  དེ་ནི་མཱན་ཌོ་ལིན་གྱི་སྒྲ་དྲག་གཉོམ་ཐ་དད་པའི་རྒྱུད་སྐུད་ཆ་བཞི་བོ་དེ་ཨམ་སྐད་ཀྱི་སྒྲ་དྲག་ཞན་འབྱིན་སྟངས་དང་།    སྔོན་འཇུག་རྗེས་འཇུག་གསལ་བོར་ཀློག་ལུགས་བཅས་ཕན་ཚུན་ཅུང་ཟད་འཕལ་ཀ་འཕྲོད་སོང་བས་རེད་འདོད།    འོན་ཏེ་སྒྲ་སྙན་ལ་སྒྲ་ཐ་དད་པའི་རྒྱུད་སྐུད་ཆ་གསུམ་ལས་མེད།   དེས་ན་སྙན་ཆའི་ངོས་ནས་གོང་ཐང་གཅོད་དགོས་དོན་མེད་ཀྱང་། རྒྱུད་སྐུད་ལ་མང་ཉུང་ཡོད་པ་དེས་སྒྲ་ལ་མང་ཉུང་ཡོད་ངེས་པ་སུས་བསམ་ཡང་ཤེས་པ་ཞིག་རེད།  དེའི་ཕྱིར་མིའི་སྐད་དང་རོལ་ཆས་ཀྱི་སྒྲའི་སྡེབ་སྦྱོར་གྱི་སྟེང་ན་ཡོངས་སུ་འཕྲོད་མི་འཕྲོད་ཅིག་སྐབས་འདིར་ཡོང་གི་ཡོད་པ་འདྲ།   གནད་འདི་བརྒྱ་ཆ་ལ་བཀུག་ནས་བསམ་བློ་བཏང་ཡང་འགྲིག 

     དེ་ནས་སྒྲ་སྙན་རྡུང་ལེན་དང་འབྲེལ་བའི་བག་ཆགས་སམ་དྲན་པ་ཞེས་པའི་སྐོར་མི་གླེང་ཐུ་མེད་ཆགས་འདུག   འགྲོ་བ་མི་འདི་ནང་པའི་བཤད་ཕྱོགས་ལྟར་བྱས་ན་ཉོན་མོངས་ཆེ་དྲགས་པས་མིན་འགྲོ  དྲན་པ་ལ་དམིགས་བསལ་ཞིག་བརྟེན་དགོས་ཀྱི་ཡོད།  དྲན་པ་ལ་བརྟེན་ནས་རང་རིགས་དང་གཞན་རིགས། སྔོན་ཆད་དང་ད་ལྟ།  ཕ་མ་དང་བུ་ཕྲུག དྲན་གདུང་དང་ཞེ་འཁོན་སོགས་ངོ་ཤེས་ངོས་ཟིན་གྱི་ཡོད་ལ། དེ་ལ་བརྟེན་ནས་འཚོ་བ་རོལ་ཟེར་ན་མི་ཚེ་སྐྱེལ་གྱི་ཡོད།  དེས་ན་སྒྲ་སྙན་རྡུང་ལེན་གྱི་བསྟན་པ་འདི་དཔལ་མགོན་ལགས་ནས་སྤེལ། བདུད་བྷེ་དང་རྡོ་རེད།   ནམ་མཁའ་སོགས་ལས་དར་བ་ནས་བཟུང་ཉུང་མཐར་ཡང་མི་རབས་གཉིས(གཙོ་བོ་མདོ་སྨད་པ་ཡིན)ཀྱི་མིག་བྱང་རྣ་བྱང་ཡིད་བྱང་ལ་སོང་ཡོད་ལ།  དེར་བརྩེ་འདང་འདྲེས་པའི་ཐུན་མོང་གི་དྲན་པ་ཞིག་སིམ་བསྡད་ཡོད། དྲན་པ་དེ་ཨ་མདོ། རྩྭ་ཐང་། ཕ་ཡུལ། འབྲོག་པ།  བདུད་བྷེ། ཡང་ན་དྭངས་གཙང་ལྟ་བུ་ལྷད་མེད་ལྟ་བུ་མ་བཅོས་པ་ལྟ་བུ་བོད་ལྟ་བུ་ལ་སོགས་པ་བརྡ་མང་པོ་ཞིག་གི་ཚུལ་དུ་གྲུབ་ཡོད།  དེས་ན་རོལ་ཆས་དང་དཀྲོལ་སྟངས། སྒྲ་བཅས་ཀྱི་འགྱུར་བ་དེས་བར་བརྒལ་གྱི་ཟམ་པ་མེད་པར་དྲན་པ་དེའི་རྒྱུན་བཅད་དེ་དྲན་པ་གསར་པ་བསྐྲུན་རྩིས་བྱས་ཡོད་ལ། དེས་བཞི་མདོར་ལྷུང་བ་ལྟ་བུའི་མགོ་འཐོམ་དང་འཚུབ་ཆ་ཞིག་བསླངས་ཤིང་། གཞི་ནས་ཨ་མདོའི་རྡུང་ལེན་དང་སྒྲ་སྙན་གཉིས་བར་གྱི་ཁྱད་པར་དང་། ཅི་ཞིག་ལ་ཨ་མདོའི་རྡུང་ལེན་ཟེར། ཨམ་རྡུང་གི་ཁྱད་ཆོས་གང་ན་ཡོད་སོགས་རྩ་བའི་གནད་དོན་འགའ་སྟེ་ཨ་མདོའི་རྡུང་ལེན་གྱི་ས་ལམ་ལ་བསམ་གཞིག་མི་བྱེད་རང་བྱེད་དུ་གྱུར་ཡོད། 

     ཡང་ཨ་མདོའི་རྡུང་ལེན་གྱི་དར་རབས་ལ་ཕྱིར་ལྟོས་ཤིག་བྱས་ན། ད་སྐབས་ནི་སྲང་ལམ་ཞིག་ལ་དཔེ་བཞག་ན་འཁེགས་བསྡད་ཡོད་དེ། དེ་རླངས་འཁོར་མང་དྲགས་པས་ཀྱང་མིན་པར། ལམ་དོག་དྲགས་པ་དང་། མདུན་ཕྱོགས་སུ་ཡུན་རིང་བོར་འགྲོ་ས་མེད་པས་འཁེགས་པ་རེད། མདུན་ཕྱོགས་ཀྱི་ལམ་སྣེར་སླེབས་པ་དག་ནི་ལྷོད་ལ་དམའ་བའི་ལུགས་འཛིན་དཔལ་མགོན་དང་རྡོ་རེད།  གཙང་ལ་དག་པར་འདྲེན་མཁས་ཧོར་གཙང་སྨོན་ལམ་དང་ཨ་མཆོག་མགོན་དོན། སྐྱོ་ལ་སྨྲེང་བས་འགུག་མཁས་ཉི་མའི་བུ་རྒྱུད་ནམ་མཁའ་དང་རྨ་ཀླུང་གླུ་བ་ལྷུན་གྲུབ།  བཅུད་ཀུན་གཅིག་ཏུ་འདུས་པ་གངས་ལྗོངས་ཁུ་བྱུག་སྔོན་མོ།  དེ་ཡི་སྤྲུལ་སྐུར་འཁྲུངས་པ་རྒྱ་ཡར་ཚེ་རིང་དོན་གྲུབ་སོགས་རེད་ལ། གལ་ཏེ་རང་རེའི་ཆོས་ཀྱི་གྲུབ་མཐའ་ཞིག་ཡིན་ན། གྲུབ་མཐའ་འདི་ལ་ཀ་བ་འགའ་དང་གདུང་མ་འགའ་བྱུང་། དེ་ནས་སྤྲུལ་སྐུ་བྱུང་། ད་ནི་ཁྲི་དང་ལྷ་སྡེ་རྩོད་དགོས་པའི་སྐབས་ལ་སླེབས་ཡོད་ངེས་མོད།  གྲུབ་མཐའ་མིན་པས་དེ་ཙམ་མ་དར་བར་འདུག དེ་ལྟར་སྒྱུ་རྩལ་པ་འདི་དག་གིས་ཨ་མདོའི་རྡུང་ལེན་སྒྱུ་རྩལ་དེ་ཁོ་ཚོའི་སྐབས་ཀྱི་སྤྱི་ཚོགས་དང་འདུ་ཤེས། རིག་གནས་ཀྱི་འཕེལ་ཚད་ནང་དུ་རྩེ་མོ་ཞིག་ལ་བསྐྱལ་ཡོད་ལ།  དེས་ཁོ་ཚོའི་འགན་འཁྲི(གལ་ཏེ་འགན་འཁྲི་ཞིག་ཡོད་ན)བསྒྲུབ་ཚར་ཡོད་ལ། ད་ནི་ཡུལ་དུས་གནས་བབ་ཀྱི་འཕེལ་སྟངས་དང་མཐུན་པ། རྡུང་ལེན་རིག་གནས་ཀྱི་ཤུལ་བཞག་ལ་འཚམ་པའི་ཐོད་རྒལ་ཞིག་ངེས་པར་དགོས་པའི་སྐབས་ལ་ཁེལ་ཡོད།  

     ཞིབ་འཇུག་པ་རེ་ཟུང་ནས་ལྷ་ལྡན་གཙུག་ལག་ཁང་གི་ལྡེབས་བྲིས་དང་པོ་ཏཱ་ལའི་ལྡེབས་བྲིས་ལ་གཞིགས་ནས་རྒོད་པོར་ཡང་འབོད་པའི་མངའ་རིས་སྒྲ་སྙན་འདི་དར་རྒྱུ་བོད་བཙན་པོའི་སྐབས་ནས་དར་ཡོད་པར་དཔགས་འདུག་ལ། དེའི་རྩ་བའི་ཁུངས་ནི་བདག་རང་ནས་དབུས་ཤར་ཁུལ་ལ་ཐུག་ཨེ་ཡོད་བསམ་སྟེ། ཨ་རབ་དང་པར་སིག་གི་ཡུལ་དུ་དར་ཆེ་བའིquanbus ལྟ་བུ་མཐོང་ཚེ་སྒྲ་སྙན་ལ་འཁྲུལ་འགྲོ་བ་ལྟ་བུར་སྣང་། 

     ཡང་ཡུལ་ཁམས་ཆགས་སྟངས་ཀྱིས་ཀྱང་སྔོན་ཚེ་མངའ་རིས་དང་དུ་རུ་ཀ པར་སིག་བར་གྱི་རིག་གནས་ལ་བརྗེ་རེས་མང་པོ་བྱུང་ཡོད་པས།  སྒྲ་སྙན་དེ་མངའ་རིས་ལ་དར་བར་ཡང་རྒྱུ་མཚན་ཞིག་འཚོལ་དུ་ཡོད་སྙམ།  གང་ལྟར་ལོ་རྒྱུས་ལ་མཇལ་ཚེ་སྔོན་ཆད་ཀྱི་རང་རེའི་ཡོན་ཏན་ཆེ་ཤོས་ནི་གསོ་རིག ཆོས་ལུགས། རྩོམ་རིག འཛུགས་བསྐྲུན་གང་ཆ་ནས་ཀྱང་གཞན་གྱི་ཕུན་སུམ་ཚོགས་པའི་ཆ་ནང་འདྲེན་རྒྱུ་བྱེད་རྒྱུ་གལ་ཆེན་དུ་ལྟ་མཁན། ནང་འདྲེན་བྱས་རྗེས་གསར་གཏོད་འདྲ་མིན་བྱས་ཏེ་རང་གི་ཅ་ལག་ཅིག་ཏུ་བཟོ་ནུས་པ་དེ་རེད་ལ།  སྒྲ་སྙན་ཡང་རང་ས་ནས་ཐོན་པའི་རོལ་ཆས་ཡིན་ན་འདྲ།  གཞན་ཡུལ་ལས་དྲངས་ན་འདྲ། ད་ནི་རང་གི་ཁྱད་ཆོས་ཀྱིས་ཕྱུག་ཅིང་རང་གི་ཅ་དངོས་དང་རིག་གནས་ཀྱི་བརྡ་རྟགས་ཤིག་ཏུ་གྱུར་ཚར་ཡོད།  དེས་ན་མཱན་ཌོ་ལིན་ནི་མདོ་སྨད་ཁུལ་དུ་མངའ་རིས་སྒྲ་སྙན་གྱི་རོལ་ཆ་བཟོ་མ་ནུས་པ(རང་རེའི་བཟོ་ལས་ཀྱི་ཚད་སྟོན་ནུས་པའི་དཔེ་གཅིག)དང་ཉོ་མ་ནུས་པའི་སྐབས་ལ།  ཁྲོམ་ར་ལས་གོང་སླ་ལ་འཁྱེར་སྤྱོད་སྟབས་བདེ་བའི་མཱན་ཌོ་ལིན་རྙེད་དེ་སྟབས་ལེགས་ནས་དར་བ་ཞིག་རེད་མོད།  དེས་གོང་ནས་བཤད་པ་ལྟར་དེ་འབྲེལ་གྱི་རིག་གནས་དང་ཐུན་མོང་གི་དྲན་པ་ཞིག་བསྐྲུན་ཐུབ་ཡོད།  

     དེ་ལྟར་མཱན་ཌོ་ལིན་ནི་ཕྱི་ཡུལ་ཡོ་རོབ་ནས་དར་བའི་རོལ་ཆས་ཤིག་ཡིན་པས་རིགས་ཀྱི་ཁྱད་ཆོས་སྟོན་མི་ཐུབ་པའི་དོགས་པ་དང་སེམས་ཁྲལ་བྱུང་བར་བརྟེན། སྒྲ་སྙན་སྤྱད་པ་ཡིན་ལ་ཡང་སྒྲ་སྙན་སྤྱད་ཚེ་ཨ་མདོའི་རྡུང་ལེན་དེ་ཡུན་གྱིས་ལོ་རྒྱུས་ཟབ་ལ་རིང་བའི་སྟོད་གཞས་དང་ནང་མའི་ཡན་ལག་ཙམ་དུ་འགྱུར་བའི་ཉེན་ཁ་བྱུང(གླུ་སྐད་མ་གཏོགས་ད་ལྟ་ནས་འགྱུར་མགོ་ཚུགས་ཡོད)རྐྱེན།   ཨ་མདོའི་རྡུང་ལེན་ལ་གདམ་ཀ་མིན་པའི་གདམ་ཀ་ཞིག་ལ་ཕྲད་ཡོད་པ་ནི་ཐོད་རྒལ་ཞིག་བྱུང་ཨེ་ཐུབ་ལྟ་བ་དེ་ཡིན། 

     དེས་ན་མ་འོངས་པར་འབྱུང་སྲིད་པའི་ཐོད་རྒལ་མང་པོ་ལས་གཅིག་ནི་རོལ་ཆས་གསར་པ་ཞིག་བཟོ་དགོས་པ་དེ་རེད། དེ་ཡང་མངའ་རིས་སྒྲ་སྙན་ལ་གཞི་བྱས། མདའ་ཡི་རིང་ཐུང་དང་རྫིང་གི་ཆེ་ཆུང་སྒྲའི་སྦོམ་ཕྲ་དྲག་ཞན་གྱི་མཁོ་ཚད་ལྟར་བཟོས། དེ་ནས་མཱན་ཌོ་ལིན་གྱི་རྒྱུད་སྐུད་མང་ཉུང་དང་ཚད་ལེན་ནང་འདྲེན་བྱས་པ་ཡིན་ན། གོང་གསལ་གྱི་སེམས་ཁྲལ་དག་མི་འབྱུང་ལ། ཨ་མདོའི་རྡུང་ལེན་ཞེས་པའི་དུས་རབས་སྔོན་མའི་ནང་གི་སྒྱུ་རྩལ་པའི་གསར་གཏོད་དང་ཤུལ་བཞག་དེ་སྔར་ཡོད་ཀྱི་སྒྱུ་རྩལ་རྣམ་པ་གཞན་ཞིག་གི་ཉིང་ལག་དང་ཐ་ན་ཞབས་མཆན་ཙམ་དུ་མི་འགྱུར་བའི་ཁེག་ཐེག་ཡང་ཡོད་པ་ཡིན་ནོ།།  འདི་ཡང་རོལ་མོའི་སྒྱུ་རྩལ་ཞིག་རྩ་བ་ཚུགས། རྩེ་མོ་བུད། ཡལ་འདབ་རྒྱས་པའི་རྨང་གཞི་དང་སྔོན་འགྲོ་ལྟ་བུ་ཡིན་ལ།  འགྲོ་མིའི་ལོ་རྒྱུས་སྟེང་ཅི་སྙེད་ཅིག་བྱུང་བའི་ཤེས་རིག་གི་རྣམ་པ་གསར་གཏོད་བྱེད་ལུགས་དང་དར་ལུགས་ཀྱང་ཡིན་ནོ།།  

2020.10.26

0

3 Responses to ཨ་མདོའི་རྡུང་ལེན་གྱི་མ་འོངས་པ་གླེང་སྟངས་ཤིག-སྒར་བ་ཚེ་བཀྲ།

  1. སྲིད་པ་རོག་པོ། ལགས་ཀྱིས:

    ཨ་མདོའི་རྡུང་ལེན་ཡིན་པ་འདྲ་ཡང་། མདོ་ལྷོའི་ཕྱོགས་ཀྱི་རྡུང་ལེན་དང་མཚོ་སྔོན་ཕྱོགས་ཀྱི་རྡུང་ལེན་ལའང་ལེན་སྟངས་གཙོར་བཟུང་སྟེ་ཁྱད་པར་ཕྲ་མོ་ཞིག་འབྱེད་དུ་ཡོད་པ་རེད། རྒན་ལགས་ཀྱིས་ནམ་མཁར་ཡང་སྐལ་ཞིག་བྱིན་འདུག་པ་འདི་རྨད་བྱུང་། ནམ་མཁའ་དང་ཨ་མདོའི་རྡུང་ལེན་གྱི་འཕེལ་རྒྱས་ཐད་ནས་ད་དུང་ཡང་བགྲོ་གླེང་མང་དུ་འོང་ཆོག་སྙམ་ཡང་། སྐབས་སུ་མ་བབས་པར་བརྩིས་ཆོག་སྟེ། གཅིག་བྱས་ཁོ་ཚེ་ལས་འདས་པའམ་ཡོངས་སུ་རྒས་འཁོགས་ཆགས་ན་ད་གཟོད་གླེང་འོང་ཡང་སྲིད།

  2. ཐོ་ནེ། ལགས་ཀྱིས:

    ཨ་མདོའི་སྐད་ཀྱི་སྒྲའི་ལྕི་ཡང་དང་འཕུལ་རྟེན་གྱི་སྒྲ་སོགས་མན་ཊོ་ལིན་དང་འཕྲོད་པོ་འདུག་ཟེར་བ་འདི་ལ་གནས་ལུགས་ཆེན་པོ་ཞིག་མེད་པ་འདྲ། ཡིན་ན་ཡང་བསམ་བློ་འདི་འདྲ་འཁོར་བའང་ཡི་རངས་ཀྱི་གནས་རེད།

  3. རྒྱ་ཡར་དུང་བུ ལགས་ཀྱིས:

    དགེ་བྷེ་བྲིས་མི་འདུག ཁོ་འབྲི་དགོས་བསམ གཞན་དག་ལ་ནི་སྤྱི་སྡོམ་བྱས་པ་གནད་དུ་ཁེལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།