1966ལོའི་སེམས་ཁྲལ།

382

རྩོམ་པ་པོ།   ཨ་སྐྱབས་དར་རྒྱས།

 

1

   1966ལོའི་ཞོགས་པ་དེར། སྙིའི་ཞོ་མར་ཐང་དུ་སྤྲིན་དཀར་པོ་ཐང་ལ་ལྷུང་འདྲའི་སྨུག་པ་ཞིག་གིས་ཡོངས་སུ་གཡོག་འདུག་ལ། གནའ་མིའི་གཏམ་དཔེར་ཡང་དར་སབ་སོབ་ནང་ནས་བརླ་གཅོག སྨུག་ལང་ལོང་ནང་ནས་མགོ་འཁོར་ཟེར་བ་བཞིན། ལོ་དེར། སྙིའི་ཞོ་མར་ཐང་གི་མི་མང་པོ་ཞིག་ཀྱང་མགོ་འཁོར་སོང་སྐད།

             ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ་ཞིག་གིས་ཕྱུགས་ལྷས་སུ་འབྲི་མོ་དུང་མགོ་མ་བཞོ་བར་བརྩམས་པ་ན།  མོས་སོ་ལ (དེ་ནི་ཨ་མདོའི་ཁ་སྐད་དེ། འབྲོག་པས་འབྲི་བཞོ་དུས་འབྲི་རྒོད་པོའི་རྐང་ལག་སྡོམ་བྱེད་ཀྱི་ཐག་པ་ཐུང་ཐུང་ཞིག་གི་མིང་ལ་ཟེར།)ཁྱིམ་དུ་ལུས་སོང་བ་དྲན་པས་བཞོ་ཟེའུ་ཐང་ལ་བཞག་ནས་སྦྲ་སྒོའི་ཕྱོགས་སུ་སོང་།

              ཨ་ཙི།  སྦྲ་ཡི་རྣུ་ཆོན་གྱི་འོག་ཏུ་ཐག་ཁྲ་ཞིག་དང་འདྲ་བའི་སྦྲུལ་ཆེན་པོ་ཞིག་ཁྲ་ཤར་ཤར་སྦྲ་སྒོའི་ཕྱོགས་སུ་དལ་གྱིས་ནུད་ཡོང་བ་མཐོང་། མོར་གློ་བུར་དུ་འཇིགས་སྣང་ཞིག་ཤར་ཏེ། “ཨ་མ” ཞེས་ལན་གཅིག་བོས་ལ་དེ་ནས་གོམ་པ་འགའ་ལ་ཕྱིར་ནུད་ཙམ་བྱས་པ་ན།  སྦྲ་ཡི་གཡས་ཕྱོགས་ཀྱི་ལམ་ཆེན་སྟེང་ན། སྡེ་བའི་ནང་དུ་ལྟ་སྐོར་ལ་འགྲོ་བཞིན་པའི་རྒད་པོ་བསམ་འགྲུབ་དང་།  ཝང་ཙུའུ་ཀྲང་ཟེར་བའི་རྒྱ་རྒན་གཉིས་བྲེལ་བྲེལ་ངང་ཚུར་རྒྱུག་ཡོང་།

 “ཅི་ཞིག་རེད།” རྒད་པོ་བསམ་འགྲུབ་ལྷ་མོ་འཚོའི་གམ་དུ་ཐོན་ནས་དེ་ལྟར་དྲིས་བྱུང་།

 “ངེད་ཚང་གི་སྦྲ་སྒོ་ན་སྦྲུལ་ཞིག་ཐོན་འདུག ང་ཁྱིམ་ལ་འགྲོ་ཕོད་ཀྱིན་མི་འདུག  འདི་ས་སྟོང་ཞིག་ལ་འཕེན་རོགས”ཞེས་བཤད།

     “སྦྲུལ་འདི་གསད་འཇོག”  དེའི་དུས་ཝང་ཙུའུ་ཀྲང་ཡང་གམ་དུ་བསླེབས་ནས་དེ་ལྟར་ཟེར། ལྷ་མོ་འཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ།  མོས་ཁོང་གཉིས་ལ་ཞུ་བ་བྱེད་པའི་སྐད་ཆ་དེ་བཤད་མ་ཚར་གོང་།  ཝང་ཙུའུ་ཀྲང་ཕར་སོང་ནས་སྦྲུལ་གྱི་མགོ་ཐོག་ཏུ་གདུག་རྩུབ་ལྡན་པའི་ངང་བརྫུས་བྱུང་ལ།  བསམ་འགྲུབ་ཀྱིས་ཀྱང་དེ་མ་ཐག་ཤིང་ཐུར་ཞིག་གིས་ཝང་ཙུའུ་ཀྲང་གི་རྐང་འོག་ན་ཤུགས་ཀྱིས་འགྲེ་ལྡོག་བྱེད་བཞིན་པའི་སྦྲུལ་གྱི་རྐེད་པ་རུ་ལན་གཅིག་བྲབས་པ་ན།  སྦྲུལ་དེ་ཁོག་སྟོད་ཁོག་སྨད་གཉིས་སུ་འཕངས། སྦྲུལ་གྱི་ཁོག་སྟོད་དང་ཁོག་སྨད་ནས་ཁྲག་དམར་འཛར་འཛར་ངང་འཕག་འཚག་བྱེད་དུས། ལྷ་མོ་འཚོས་ཡང་བསྐྱར“ཨ་མ”ཞེས་དངན་པ་འཐེན་བཞིན་ཕྱུགས་ལྷས་སུ་བརྒྱུགས་སོང་།    ལྷ་མོའི་འཚོའི་སེམས་སུ། ད་ནི་རྒད་པོ་བསམ་འགྲུབ་ཡང་སྐེ་རུ་ཕྲེང་བ་གྱོན་པའི་སྦྲུལ་གསོད་མཁན་ཞིག་ཏུ་གྱུར་འདུག་སྙམ།

2

      2016ལོའི་ཉིན་དེར། ཉི་འོད་ཧ་ཅང་འཇམ་ལ། རླུང་བུ་བསིལ་མོ་ཞིག་དལ་གྱིས་ལྡང་གིན་འདུག  སྙིའི་ཞོ་མར་ཐང་གི་མ་ཎི་དུང་འཁོར་ཆེན་མོའི་གམ་དུ་མི་མང་པོ་ཞིག་འདུས་ནས་ཅི་ཞིག་ལབ་གླེང་བྱེད་ཀྱིན་མཆིས།   དེ་རུ་ལག་ཏུ་འཁར་བ་ཐོགས་ལ། ངོ་གདོང་ཧྲིལ་བོ་གཉེར་མས་ཁེབས་པའི་བགྲེས་མོ་ཞིག་གིས་གོམ་པ་འཁྱར་འཁྱོར་ངང་སྤོ་བཞིན་མི་ཚོགས་ཀྱི་གྲལ་དུ་འཚང་ནས།

 “སྦྲུལ་མདོ་ཞིག་བརྐོ་ན་སྒོར་ག་ཚོད་རེད”ཅེས་དྲིས།

“སྦྲུལ་མདོ་ཞིག་ལ་སྒོར་ཉི་ཤུ་རེད།” རྡོ་རྐོ་མཁན་གྱིས་མགོ་སྒུར་ནས་རྡོ་རྐོ་བཞིན་དེ་ལྟར་ལན་ལྡོན།

“ང་ལ་སྦྲུལ་མདོ་ཞིག་བརྐོ་རོགས།”

“ཁྱོད་ཀྱིས་སྦྲུལ་བསད་མྱོག་ངམ།”

    “མ་མྱོང་། ང་རང་གིས་དངོས་སུ་བསད་མ་མྱོང་ཡང1966ལོའི་དཔྱིད་ཀ་ཞིག་ལ། ང་འདྲེ་མོ་མ་འདིའི་ཁ་ལ་འདུག་བཟོད་མ་ཡོད་པར་མི་འགས་ང་ལ་རོགས་བྱེད་པའི་ཟོལ་གྱིས་སྦྲུལ་ཞིག་བསད་སོང་། ཨོཾ་མ་ཎི་པདྨེ་ཧཱུཾ དོན་དངོས་སུ། ང་སང་ཉིན་གཤིན་རྗེ་ཆོས་རྒྱལ་ལ་ཐུག་སོང་ཡང་སྦྲུལ་དེ་གསད་བསམས་པ་ཡིད་ལ་འཁོར་མ་མྱོང་། ད་གང་ལྟར་ང་ལ་སྡིག་པ་ཡོད་རྒྱུ་རེད།”

    “ཨ་ཡེ་ལགས།  སེམས་བདེ་མོ་བྱོས་དང་། སང་ཉིན་ངས་ཁྱོད་ལ་སྦྲུལ་མདོ་ཚད་ལྡན་ཞིག་བརྐོས་ཡོང་།  ཁྱོད་ཀྱིས་དངོས་སུ་བསད་པ་མིན་ན། སྡིག་པ་དེ་འདྲ་ཆེ་རྒྱུ་མ་རེད།”རྡོ་རྐོ་མཁན་གྱིས་བགྲེས་མོ་ལ་སེམས་གསོའི་ཚུལ་དུ་དེ་ལྟར་བཤད།  བགྲེས་མོའི་མིག་ནང་དུ་ད་དུང་སེམས་ཁྲལ་གྱི་འགྱོད་ཉམས་ཤིག་ངོམས་བཞིན། སླར་ཡང་གོམ་པ་འཁྱར་འཁྱར་ངང་མ་ཎི་འཁོར་ལོ་སྐོར་དུ་སོང་།

      རྡོ་རྐོ་མཁན་གྱིས་ཡང་བསྐྱར་ཡིད་ལ་ཅི་ཞིག་འཁོར་ནས“ཨ་ཡེ་ལགས། ཁྱོད་ཀྱི་མིང་ལ་ཅི་ཟེར”ཞེས་དྲིས།

གོམ་པ་ལྔ་དྲུག་ཙམ་གྱི་ས་ན་འཁྱར་འཁྱོར་ངང་འགྲོ་བཞིན་པའི་བགྲེས་མོ་དེས་ཁ་ཕྱིར་འཁོར་ནས་“ངའི་མིང་ལ་ལྷ་མོ་འཚོ”ཟེར་ཞེས་བཤད་བྱུང་།

 

2016.4.18ལ་བྲིས་ཤིང་2016.8.26ལ་ཡར་བསྐྱར་བཅོས།

 

 

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།