གཅན་མེ་སྟག་གི2020ལོའི་གསར་བྲིས་སྙན་ཆེད་འགོད་བྱས་པ།(3)

6782



མེ་ཏོག་པད་མ།


ད་ནིངས། ངས་མེ་ཏོག་པད་མ་ཞིག་ཉོས་འོང་སྟེ།
དེ་ཡི་འདབ་མ་སྐྲ་ལོ་བཞིན་བཏོགས།
དེ་ཡི་ཡུ་བ་བརླ་རྐང་བཞིན་བཅགས།
དེ་ཡི་རྩད་པ་འཇག་མ་བཞིན་བལ།
དེ་ནས་གཙབ་སྟན་ཤིང་ལེབ་ཞིག་གི་སྟེང་བཞག་ནས།
གཏུབ་གྲི་རྣོན་པོ་ཞིག་ལག་ཏུ་བཟུང་སྟེ།
སྡང་མིག་འབུར་ཚུགས་ཀྱིས་བལྟ་བཞིན།
མ་ཁར་སོ་བཏབས་སྟེ།
སྙིང་ནད་དྲག་པོ་དང་བཅས།
གཙབ་མགོ་བརྩམས།
ངས་གཙབས།
གཙབས་ནས་ཤ་འཐོར་རུས་འཐོར་ཏུ་བཏང་།
གཙབས་ནས་ཤ་ཉོག་རུས་ཉོག་ཏུ་བཟོས།
གོ་རེ་ཡི་སྤྱོད་ཡ་མི་ཉན་ལ།
ཤ་རིལ་གྱི་བརྗོད་ཡ་མི་ཉན་པའི།
རྩྭ་ཉོག་ཁྱོད།
རྗེས་སུ་སུ་ཞིག་གིས་བུ་མོ་ཁྱོད་ནི་མེ་ཏོག་བཞིན།།
ཁྱོད་ཀྱི་གདོང་ནི་པད་མ་བཞིན།།ཞེས།
ཁ་སེམས་མི་མཐུན་པའི་སྙན་ངག་འབྲི་ནུས།

གནད་དོན།


གནད་དོན་གཙོ་བོ་ནི།
འཇིག་རྟེན་འདི་ཧྲིལ་བོ།
སྙན་ངག་གི་བརྗོད་བྱར་བསྡུ་བ་དེ་མ་རེད།

སྙན་ངག་ནི།
ཉི་འོད་དང་།
རླུང་དང་།
རྩི་ཤིང་གིས་གསོ་དགོས་པ་དེ་རེད།

དེ་ནི་འཆི་བ་དང་ཉི་མ། གདོལ་གཤིས།
མཛའ་མོའི་གཅེར་གཟུགས་ལ་སོགས་ཀྱིས་བཏེགས་པའི།
ཆེས་མཛེས་པའི་སྐད་ཆ་དེ་མ་རེད།

གནད་དོན་གྱི་གནད་དོན་ནི།
ཇི་ལྟར་སྒྲུབ་ཚེ་སྙན་ངག་བྱ་བ་དེ།
དབུལ་ཕོངས་བ་དག་གི་སྡོད་གནས་སུ་འགྱུར་བ་དང་།
ཁེར་རྐྱང་བ་དག་གི་དགོས་མཁོ་རུ་འགྱུར་བ་དེ་རེད།

རྒྱུ་མཚན་ནི། མི་དེ་དག
སྙན་ངག་ཁྲོད་ཕན་ཚུན་སྤུན་གྲོགས་སུ་འགྱུར་བའི།
ཐ་སྙད་རྣམས་ལས།
ཁེར་རྐྱང་ཡིན་པས་སོ།

བྱི་ལའི་རྒྱལ་བོ།


ཁོ་ཚོས་གློ་བུར་དུ།
ང་ཁང་མིག་སྟོང་བ་ཞིག་གི་ནང་དུ་བཅུག

ཁང་མིག་འདིར་གྱང་ལྡེབས་སྟོང་བ་ཞིག་ལས།
ཙི་གུ་ཞིག་གི་གྲིབ་མ་ཙམ་ཡང་མི་འདུག

ངས་ཉི་མ་རེ་རེ་བཞིན།
ངའི་རང་སྟེང་གི་སྤོབས་པ་དང་དུངས་བརྩེ་ཡོད་ཚད་ཤོར་བཞིན་པ་དེ་ཚོར།

སྣོམ་བཞིན་སྣོམ་བཞིན།
ངས་ཁང་བའི་གྲུ་ཟུར་དུ་བཞག་པའི་ཟ་ཕོར་སྟོང་བ་ཞིག་མཐོང་སོང་།

ལྟོགས་རྒྱུར་སྐྲག་ནས།
ངས་ཟ་ཕོར་སྟོང་བ་དེ་ཡང་ཡང་བལྡགས།

ཟ་ཕོར་སྟོང་བ་དེ་བལྡགས་བལྡགས་ནས།
སྡེར་མ་ལྟ་བུའི་ནར་མོ་ཞིག་བཟོས།

བྲེལ་ཟིང་ཁྲོད་ཀྱི་ང་།
ཐང་ཆད་དེ་ཆུ་རུལ་ཞིག་ཏུ་གྱུར།

ད་ལྟ་ངའི་མཐིང་མདོག་གི་འདྲེན་བྱེད་གཉིས།
མིག་ཁོངས་ན་ཡར་རྡེབ་མར་རྡེབ་ཙམ་ལས་བྱེད་མི་ནུས།

ཁོ་ཚོས་སྒོ་སྲུབས་ལས་ལྐོག་ལྟ་བྱེད་དུས།
ང་ནི་ཤི་ལ་ཉེ་བའི་ཙི་གུ་ཞིག་ཡིན་ནམ།

རྡོ་བའི་རི་རྩེ།

ན་ནིངས། ངས་རྡོ་བ་ཞིག་པང་ནས་རི་རྩེ་རུ་སྐྱེལ།
དེ་ནས་བཟུང༌།
རྡོ་བ་དེ་ལ་རང་གི་མཐོ་ཚད་ཡོད་པར་གྱུར།

རྡོ་བ་དེ་གནས་མཇལ་བ་ཞིག་གི་ཚུལ་གྱིས་བསྡད་དེ།
ཕྱོགས་བཞི་ནས་འོངས་པའི་རྡོ་བ་ཚོར་ལམ་སྟོན་བྱེད།

རྡོ་དེ་འདྲའི་མང་པོ་ཞིག་བསྐོར་ལམ་དུ་འཚངས་ཡོད།
རྡོ་བ་རེ་རེས་རི་ཆེན་རེ་རེའི་སེམས་འདུན་འཁུར་ཡོད།

ཤི་ཟིན་པའམ། ཤི་ལ་ཉེ་བའི་རྡོ་བ་འདི་དག
ངོ་གདོང་ལས་ཞི་དུལ་གྱི་ཉམས་ཤིག་ཀུན་ལ་ངོམས།

སྐབས་ནམ་ཞིག་ནས། ཁོ་ཚོ་ངའི་དུས་ཚོད་ཀྱི་ནང་དུ་འཛུལ་འོང་སྟེ།
ངའི་ཆར་ཆུ་ཡོད་ཚད་ཇི་འདོད་དུ་ལོངས་སུ་སྤྱོད།

བར་སྣང་གི་ཐལ་སྤུངས་ལྟ་བུའི་སྤྲིན་རུམ་ནས།
སེམས་འཁྲུག་པ་ལྟ་བུའི་གློག་ཞགས་ཤིག་མཆེད།

ལམ་ནོར་ཐེབས་པའི་རྡོ་བ་འགའ་ཞིག
རྐང་བས་བརྫིས་ཏེ་མགོ་བོ་གུག་པའི་རྩྭ་གསེབ་ནས་ཆས་སོང་།

དེ་དག ངས་སྲུང་བཞིན་པའི་ལམ་མཚམས་ནས་བརྒལ་དུས།
ངས་ལག་བརྡ་ག་ཚོད་བཏང་ཡང་བལྟ་མཁན་མི་འདུག

བྱེའུ་སྐད།



ཉི་འོད་ཧ་ཅང་དྭངས་དུས།
ཁང་མིག་ཕྱི་རོལ་དུ་སོང་སྟེ།
བྱེའུ་སྐད་ཅིག་ལ་རོལ་དགོས་སོ་སྙམ།

མདང་རེ་བརྒྱབ་ན།
བྱེའུ་སྐད་དེ་འཇོལ་མོ་ཡིན་ན་འདྲ་ལ།
ཁྭ་ཏ་ཡིན་ཀྱང་ཆོག་འདོད།

སྐད་དེ་ཞེ་དྲག་གི་འཛེར་བོ་ཞིག་མིན་ན།
རྣ་བར་སྙན་རུང་མ་སྙན་རུང་།
བྱ་བྱེའུ་ཡི་སྐད་ཅིག་རེད་འདོད་བྱུང་།


ཁ་བ།


མདང་དགོང་། ཁྱོད་ཁ་རོག་གེར་རྒྱུགས་འོང་སྟེ།
ང་སྡོད་སའི་གྲོང་བརྡལ་འདི་དཀར་པོར་བསྒྱུར་སོང་།
ཕོ་རོག་གམ་ཁྭ་ཏ་གང་ཡིན་མི་ཤེས་པ་གཉིས་ཁང་ཀླད་དུ་བབས་ཏེ།
“ཨ་ཁ་ཁ། ཨ་ཁ་ཁ་ཟེར་བཞིན་འདུག

དཀར་ནག་གཉིས་ཀྱི་བར་མཚམས་ནས་བལྟས་ན།
སྐྱ་རེངས་རྒད་པོ་དེ་རི་རྩེ་ནས་བབས་ཏེ།
རི་ལུང་ཀུན་ལ་དབེན་འཇགས་སྐྱེལ་བཞིན་མཆིས།
དུ་ཁུང་རེ་གཉིས་ལས་དུ་བ་ཡ་ཡོར་ཞིག་གྱེན་དུ་འཐེན་བཞིན་འདུག

སྒོ་ཕྱེས་པ་ཙམ་ལ། བསེར་བུ་ཞིག་ནང་དུ་འཛུལ་འོང་སྟེ།
ངའི་མདང་དགོང་གི་རྨི་ལམ་ཁྱེར་ནས་ཕྱི་རོལ་དུ་རྒྱུགས་སོང་།
བསམས་ཚོད་ཀྱིས་དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད་སྙམ།
“མཁའ་དབུགས་ཀྱང་དེ་དང་འདྲ"སྙམ།

ངས་ལྭ་རིང་གི་གོང་བ་ཡར་བསླངས་ཏེ།
ང་རྒྱལ་གྱི་གོམ་པ་སྤོ་བཞིན།
བཀོད་ཐང་གཡོན་ཕྱོགས་ཀྱི་ཟ་ཁང་དེར།
ནངས་ཇ་འཐུང་བར་ཆས།

ཆུ།


ནེམ་ནེམ་གྱི། རློན་ཤིག་ཤིག་གི
ནང་དུ་ཞུགས་རྗེས་འཁྱག་བསིལ་བསིལ་གྱི།

ཡུན་རིང་ཡུན་རིང་ལ་རེག་མ་མྱོང་བའི་མྱོས་བུམ།
འདར་ཙམ་འདར་ཙམ་གྱིས་ཟ་འཕྲུག་ལངས་པའི།

དྭངས་ཤིང་རྙོག་པ་མེད་པའི་ཟིལ་བ།
རུས་པ་ལྟར་མཁྲེགས་པའི་བླ་སྲོག

ལྟུང་ཀ་མེ་ཏོག་གི་ཁ་དོག་མ་འགྱུར་བར།
ཕྱེ་མ་ལེབ་ཀྱི་གཤོག་སྒྲོ་མ་སྒུལ་བར།

ཞི་བདེ་རྒྱ་མཚོའི་རླབས་རྩེ་ནས་འཐོར་བའི།
ཁྲག་དང་རུས་པ་མེད་པའི་གཅེར་བུ་བ།

རྫ་སྟེང་ནས་འཛུམ་ཞིང་རྒྱ་མཚོ་ལ་དབང་བའི།
མེས་པོ་མི་མཁོ་ཞིང་བདག་པོ་མི་བརྩི་བའི།

ཕུང་བོ་ལྔ།


ཞོགས་པ་སྔ་མོར་ཡར་ལངས་ཏེ།
ཁྲུས་ཁང་དུ་གཅེར་བུར་བསྡད་དེ།
ཆུ་འཁྲུས་སྐྱིད་པོ་ཞིག་བྱེད་བསམས་དུས།
ལུས་ཀྱི་ཆ་ཤས་གང་ཞིག་ཇི་ལྟར་བྱས་ཀྱང་།
ལག་པས་རེག་ཐབས་མི་འདུག

དེ་བས། ངས་མིག་དང་རྣ་བ། སྣ། ལྕེ་རྣམས་བླངས་ཏེ།
ཕྱོགས་གཅིག་ཏུ་བཞག
སྐྲ་དང་སྨིན་མ། མཆན་སྤུ། བྲང་སྤུ། མཚན་སྤུ་རྣམས་བླངས་ཏེ།
ཕྱོགས་གཅིག་ཏུ་བཞག

སོ་དང་སེན་མོ། མཛུབ་གུ། མཇེ་རྣམས་བླངས་ཏེ།
ཕྱོགས་གཅིག་ཏུ་བཞག
ཤ་པགས་དང་རྩ་རྒྱུས། དོན་ལྔ་རྣམས་བླངས་ཏེ།
ཕྱོགས་གཅིག་ཏུ་བཞག
མགོ་དང་བྲང་རུས། བརླ་རྐང་། སྒལ་ཚིགས་རྣམས་བླངས་ཏེ།
ཕྱོགས་གཅིག་ཏུ་འཇོག་དུས།

ང་རང་ཧ་ལས་པའི་ངང་མཐོང་བ་ནི།
ཕུང་བོ་ལྔ་ཟེར་བ་དེ།
མ་གཞིར་གཏོར་ཆོག་ལ། སྒྲིག་ཀྱང་ཆོག་པའི།
རླངས་འཁོར་གྱི་ལྷུ་ལག་དང་འདྲ་བར།
ཁ་ཁར་བླངས་ཏེ། སོ་སོར་བཀྲུས་ཆོག་པ་ཞིག་རེད་ཨང་།

སྟོང་བ།


དེ་ནས་བཟུང་། ང་ནི་ཁང་མིག་སྟོང་བ་དེ་ཡིན།
དེ་ནས་བཟུང་། ང་ནི་རི་མགོ་སྟོང་བ་དེ་ཡིན།
དེ་ནས་བཟུང་། ང་ནི་གྲམ་པ་སྟོང་བ་དེ་ཡིན་ལ།
དེ་ནས་བཟུང་། ང་ནི་ཁོག་པ་སྟོང་བའི་རྩྭ་སྐྱ་དེ་ཡིན།

ང་རང་ཡང་ལོ་ཟླའི་འཁོར་བསྐྱོད་ཀྱི་བར་ན་བཞུར་ཀྱིན་ཡོད།
ཡིན་ནའང་། ང་རང་གྲམ་པ་སྟོང་བ་རུ་གྱུར་བ་ནས།
ང་འདི་ལྟར་བྲེལ་བག་དང་ངོ་ཚ་མེད་པར་བཞུར་ཀྱིན་ཡོད།
ཀྱེ་མ། ངའི་སེམས་པ་ཡོངས་སུ་འཇག་རྩྭས་ཁེངས།

༡༩༥༡ལོ་ནས་བཟུང་།
ང་ནི་ནང་གསེས་མང་བའི་བོད་ལྗོངས་དེ་ཡིན།
བོད་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་དེ་ཡིན་ན།
ང་ནི་ཕྱག་སྟོང་སྤྱན་སྟོང་དུ་གྱུར་བའི་སྐུ་འདྲ་སྟོང་བ་དེ་ཡིན།

ངའི་མགྲིན་པ་མིད་ཐག་ནས་འགགས་ཟིན།
ངའི་ཕྱུ་བ་འདབས་ཚར་ནས་རུལ་ཟིན།
ང་ནི་ཁང་སྟོང་། རི་སྟོང་།
མཆོད་རྟེན་སྟོང་བ་དེ་དང༌། འབྲོག་དགོན་སྟོང་བ་དེ་ཡིན།

གྲི་ཡིས་བཅད་པའི་ཧི་མ་ལ་ཡའི་རི་འདབས་སུ།
ང་ནི་ཟེའུ་འབྲུ་མེད་པའི་མེ་ཏོག་དེ་རེད།
ང་ནི་སྐད་སྙན་མེད་པའི་འདབ་ཆགས་དེ་རེད།
ང་ནི་ཕུགས་རྩ་རུལ་བའི་ས་བོན་དེ་རེད།

ཨ་མའི་མིག་ལམ་དུ།
ང་ནི་མེ་ཡིས་ཚིག་པའི་སྤོ་ཐོ་ཞིག་ཏུ་གྱུར།
ང་ནི་མཆིལ་མས་སྦགས་པའི་འདམ་སྙིགས་ཤིག་ཏུ་གྱུར།
ང་ནི་ཁྱེད་ཅག་གིས་མཐོང་ཆུང་བྱེད་སའི་སྡོང་སྐམ་དེ་དང་།
ཁྱེད་ཅག་གིས་རྩེ་སྤྱད་བྱེད་སའི་མེ་ཆ་ཞིག་ཏུ་གྱུར།

ཀྱེ་མ། ངས་བརྗེད་སོང་།
ངས་རང་མིང་ཅི་ཡིན་པ་བརྗེད་སོང་།
ངས་ཕ་ཡུལ་གྱི་མིང་གང་ཡིན་བརྗེད་སོང་།
ངས་ང་ལ་བྱམས་བརྩེ་ཅན་གྱི་ཨ་མ་ཞིག་ཡོད་པ་བརྗེད་སོང་།
ངས་ང་ལ་མི་ཡི་བླ་སྲོག་ཅིག་དགོས་པའང་བརྗེད་སོང་།

ང་འདི་ལྟར་བྱེའུ་ཞིག་གི་རུས་རྐང་ལས་རྨིས་པའི་རྨི་ལམ་ཞིག་ཏུ་གྱུར་ཞིང་།
ང་འདི་ལྟར་འབྲོག་དགོན་ཞིག་གི་མཚེར་ཤུལ་དུ་ལྷག་པའི་ལྷམ་གོག་ཞིག་ཏུ་གྱུར་ཚར།
ཀྱེ་མ། ཀྱེ་མ། འཇིག་རྟེན་གྱི་གནམ་ངོ་རུབ་སོང་ངམ།
ཀྱེ་མ། ཀྱེ་མ། འཇིག་རྟེན་གྱི་གནམ་ངོ་རུབ་སོང་ངམ།

ནམ་ལངས་ཟིན།


ཁ་བ་བབས་ནས་ཞུ་སོང་།
ཁང་བའི་བྱ་འདབས་སུ་དཔྱངས་པའི་འཁྱག་རོམ་དག
དྭངས་ཤིག་ཤིག ཆུ་ཡི་ཐིགས་པ་རུ་གྱུར་སོང་།
སྒེའུ་ཁུང་ཁ་རུ་བཞག་པའི་ཨ་གར་མེ་ཏོག་གིས།
མགོ་བོ་ཕྱིར་བསྲིངས་ཏེ་ཉི་འོད་ལ་རོལ་བར་བྱེད།

སློབ་མ་ཚོ་གཉིས་གཉིས་གསུམ་གསུམ་གྱིས།
དཔེ་ཆ་བཟུང་སྟེ། སློབ་གྲྭའི་ར་བསྐོར་དུ་འགྲོ་བ་མཐོང་།
ལྷིང་འཇགས་དང་ཞི་བདེ་ཡི་མཁའ་དབུགས་འདིས།
བབ་ཆགས་དང་སོས་བསོད་ཀྱི་འཚོ་སྟངས་འདིར།
ངས་སེམས་གཏིང་གི་ཁ་བཏགས་ཤིག་འབུལ་འདོད།

སྐབས་འདིར་ཉི་འོད་མི་དྲོ་ནའང་སེམས་པ་ཧ་ཅང་སྐྱིད།
ལྗང་ལྡེམ་ལྡེམ་གྱི་རྩྭ་ལོ་དེ་དག་ཀྱང་ད་ལྟ་གཉིད་ལས་སད་འོས།
སྣུམ་ཚོར་ཚོར་གྱི་མགོ་བོ་ཡར་དགྱེ་སྟེ།
ང་ཡི་སྐོ་ཉམས་དོད་པའི་མཛུམ་མདངས་འདིར།
ཐེངས་གཅིག་བལྟ་འོས།

 ད་ནིངས་ཀྱི་དྲན་པ།


ཁྱོད་ནི་རྒྱང་དུ་ཡལ་བའི་གྲིབ་མ་སྟེ།།
རླུང་གི་སྡིགས་མཛུབ་བྱེ་བས་ཁྱོད་རང་གླེང༌།།

ལ་མོ་བརྒལ་རྒྱབ་དྲོད་འཇམ་གང་དུ་རེ།།
ཚིག་དང་མངོན་བརྗོད་ཙམ་གྱིས་ཇི་ལྟར་སོས།།

ཁྱོད་ནི་ཁེར་རྐྱང་རྡུལགྱི་རྗེས་ཤུལ་ཏེ།།
རྡོ་ཡི་ཟེགས་མ་སྟོང་གིས་ཁྱོད་རང་འགམ།།

གནམ་མཐའི་འཇའ་རིས་ཆུ་ཡི་རྡུལ་ཕྲན་ཏེ།།
སྐྱོ་བའི་མཆི་མ་གང་ནས་གང་དུ་འབབ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།