ཁྱོ་གའི་དྲག་སྤྱོད་ལ་ངོ་རྒོལ་བྱེད་པའི་ཉིན་མོ་སྲུང་བརྩི།_ར་རྫ་འཇམ་དབྱངས་སྐྱིད་སོགས།

14730



ཁྱོ་གའི་དྲག་སྤྱོད་དང་ཡུལ་མིའི་སྲོལ་ངན།  

 _ར་རྫ་འཇམ་དབྱངས་སྐྱིད།


དབང་སྒྱུར་ལ་རིགས་མི་འདྲ་བ་གཉིས་མཆིས་ཏེ།  གཅིག་ནི་མི་ཕལ་མོ་ཆེས་ངོས་འཛིན་བྱས་ཡོད་པའི་དབང་ཆ་དང་།  ཅིག་ཤོས་ནི་བཙན་དྲག་གིས་འདོད་པ་མེད་བཞིན་དུ་འཁུར་དུ་བཅུག་པའི་དབང་ཆའོ།  །དབང་སྒྱུར་ནི་ཏག་ཏག་དབང་ཆ་དེ་གཉིས་ལ་བརྟེན་ནས་ཡུན་དུ་གནས་ཐུབ་ཀྱིན་ཡོད།  ཅེས་ཧ་ཎ-ཨ་རེནཊ་ཡིས་ཇི་ལྟར་གསུངས་པ་དེ་ལྟར།  ཕ་དབང་ལམ་ལུགས་ཀྱི་དབང་སྒྱུར་ཡང་དབང་ཆ་དེ་གཉིས་ལ་བརྟེན་ནས་གནས་ཡོད་པ་སྟེ།  ཕ་དབང་ལམ་སྲོལ་གྱིས་དེ་ལྟར་སྐྱེས་མ་ཚོ་བཙན་འདུལ་བྱས་ཤིང།  སྤྱི་ཚོགས་གང་དེར་གནས་པའི་མི་རྣམས་ཀྱི་འདུ་ཤེས་ལ་བཙན་གཡེམ་བྱས་ཚར་ཡོད།  ཕ་དབང་ལམ་སྲོལ་གྱི་ཡག་ཉེས་ལ་མ་བལྟས་པར་མི་ཚོས་མགོ་འབུལ་ལུས་འབུལ་བྱས་པའི་རྐྱེན་གྱིས།  དེང་གི་རང་རེའི་བོད་ཡུལ་འདི་རུའང།  མིག་གིས་ལྟ་མི་བཟོད།  རྣ་བས་ཉན་མི་ཚུགས་པའི་དོན་རྐྱེན་ཡ་ང་ཡི་མུག་པ་འབྱུང་མུས་ཡིན་རུང་།  བདེན་རྒྱབ་ཏུ་ལང་མཁན་ཉུང་ཉུང་ཙམ་ལས་མེད། 

 དེ་ཡང་།  ཆུང་མས་ཨ་ཉོག་ལ་ནུ་མ་སྣུན་སྒང་དུ་ཁྱོ་གས་གྲིས་བརྒྱབ་སྟེ་སྡིག་གསོད་བཏང་བ་དང།  ཆུང་མའི་མགོ་ལ་ལྷོག་ལྷོག་ཏུ་གདུ་བཞིན་པའི་ཆུ་ཚ་མོ་བླུགས་ཏེ་ཕག་ལྟར་བཙོས་ནས་བསད་པ།  ཆུང་མས་ལྷམ་མགོ་འཚེམ་གིན་ཡོད་སྐབས་ཁྱོ་གས་ལྟག་རྒྱབ་ནས་གྲིས་ལན་མང་བརྒྱབ་སྟེ་ལྔ་ལམ་དུ་དྲངས་པ།  ཆུང་མ་འདྲུད་འཐེན་འཁོར་ལོར་བཏགས་ཤིང་དྲུད་དེ་རང་གི་བྱིས་པའི་མཐོང་ལམ་དུ་ངན་གསོད་བྱས་པའི་ཁྱོ་ག་སོགས་སྣ་ཚོགས་ཡོད[1]།  དེ་ལྟར་ཁྱོ་ག་ཁ་ཅིག་གིས་གསོད་ལུགས་འདྲ་མིན་སྤྱད་དེ་ཆུང་མ་གསོད་ཀྱི་ཡོད་མོད…… དེ་མིན།  ཚིག་གི་དྲག་སྤྱོད་དང་འདོད་པའི་དྲག་སྤྱོད།  ལུས་ཀྱི་དྲག་སྤྱོད་ལ་བསྟེན་ནས་ཆུང་མར་གང་འདོད་འདོད་དུ་བརྙས་བཅོས་དང་ཐུབ་ཚོད་གཏོང་མཁན་ནི་ཧ་ཅང་མང།  དེ་ནི་ཏག་ཏག་མི་མང་མང་གི་འདུ་ཤེས་སུ་ཁྱོ་གས་ཆུང་མར་གནོད་ཅིང་འཚེ་བ་ནི་རྒྱུན་ལྡན་ཡང་ལྡན་དུ་ངོས་འཛིན་བྱས་ཚར་ཡོད་པས་ཡིན་ནོ་འདོད། 

 སྤྱིར་བཏང་ཁྱིམ་ཚང་གི་དྲག་སྤྱོད་ནི།  ཁྱོ་གས་ཆུང་མར་དྲག་སྤྱོད་བྱེད་པ་ཁོ་ནར་ངོས་འཛིན་པ་མ་ཡིན་པར།  ཕ་མས་བུ་ཕྲུག་ལ་གཅར་རྡུང་བྱེད་པ་དང་།  མི་དར་གཞོན་དག་གིས་རང་ལས་གཉོམ་པའི་ཕ་མ་དང་རྒན་རྒོན་ཉེ་དུ་གང་རིགས་ཏེ་དུད་ཁྱིམ་གཅིག་ཏུ་འཚོ་བ་སྐྱེལ་མཁན་ལ་དྲག་པོ་སྤྱོད་པར་ཡང་གོ

ཁྱོ་གའི་དྲག་སྤྱོད་ཀྱི་རྣམ་པ།

1 ལུས་པོའི་དྲག་སྤྱོད། ལུས་ཀྱི་སྟོབས་དང་ཁྱིམ་གྱི་དབང་ཤུགས་ལ་བརྟེན་ནས།  རང་ལས་ཁ་ཆུང་དབང་ཆུང་གི་ཆུང་མར་རྡུང་རྡེག་གིས་ལུས་བསྣད་པ་དང་ཐག་པས་བསྡམ་བཀྱིག་བྱེད་པ།  མེར་བསྲེགས་པ་དང་ཆུ་ཚ་མོ་ལུས་སྟེང་དུ་བླུགས་ཏེ་སྲེག་པ།  གྲིས་རྨ་ཁ་བཟོས་པ་དང་གཅར་རྡུང་གིས་དབང་པོ་སྐྱོན་ཅན་དུ་གཏོང་བ། རྐང་བཙུགས་ནས་ཆུང་མའི་ལུས་ལ་འཚེ་བ་བྱེད་པ་སོགས་གཅན་གཟན་གཏུམ་པོའི་སྦྱོར་བ་རྩོམ་པ་སོགས་ལ་གོ

 2 ཚིག་གི་དྲག་སྤྱོད།  ཁྱོ་གས་ཆུང་མར་མཐོང་ཆུང་དང་དམའ་འབེབས།  ཟུར་ཟ་དང་ཚིག་མཚོན་འདེབས་པ།  འཇིགས་སྐུལ་གཏོང་བ་དང་སྐུར་བ་འདེབས་པ།  ཉེས་མེད་ཉེས་འཛུགས་སོགས་སེམས་ལ་འཁུ་བའི་བརྙས་སྨོད་ཀྱི་ཚིག་ངན་བྱུང་རྒྱལ་དུ་སྨྲས་ཏེ་ཆུང་མའི་མི་གཞི་དང་རྩིས་ཐང་ལ་གནོད་པའི་ལས་བྱས་ཏེ་སེམས་ཁམས་ལ་རྨ་བཟོ་བ།  ད་དུང་ཆུང་མའི་ཕ་མ་དང་ནང་མི་གཉེན་ཉེ་སོགས་རང་དང་འདང་རྩིས་ཆེ་བའི་མི་ལ་གཤེ་ཞིང་གནོད་པའི་ཚིག་གི་སྦྱོར་བ་རྩོམ་པ་གང་རིགས་ལ་ཟེར།

 3 འདོད་པའི་དྲག་སྤྱོད།  ཆུང་མར་ཟླ་མཚན་འབབ་དུས་དང་བྱིས་པ་སྐྱེས་ནས་བང་དུ་སྡོད་དུས་དང་ལུས་ལ་ན་ཚ་ཡོད་པ།  ལུས་པོ་ངལ་དུབ་ཀྱིས་གདུང་ཞིང་སེམས་ལ་དཀའ་ངལ་ཡོད་པ།  གང་ལྟར། ཆུང་མར་འདོད་སྤྱོད་ཀྱི་འདུན་པ་དང་མོས་པ་མེད་བཞིན་དུ།  ཁྱོ་གས་བཙན་པོ་དབང་ཡོད་ཀྱིས་འཁྲིག་པ་སྤྱད་དེ་ཆུང་མའི་ལུས་སེམས་གཉིས་ལ་མནར་གཅོད་དང་སུན་གཙེར་ཆེན་པོ་བཟོ་བ་སོགས་ལ་གོ་ན་འགྲིག

སྐྱེས་མའི་རང་དབང་ལ་སྟངས་འཛིན་བྱེད་ཚུལ།

འབྲོག་དང་རོང་གི་སྐྱེས་མ་མང་པོ་ཞིག་ཚད་ལས་བརྒལ་བའི་ངལ་རྩོལ་ལ་བཅུག་སྟེ་ཁྱིམ་ཚང་དང་སྤྱི་ཚོགས་ལ་རིན་ཐང་སྐྲུན་མཁན་དུ་གྱུར་ཡོད་མོད།  ཞིང་ཕྱུགས་ལས་དང་ཁྱིམ་ལས།  ཞོར་ལས་ཁྲོད་དུ་སྒོར་མོ་བཙལ་རྒྱུའི་ཕན་ཆད་དུ།  རང་གིས་སྒྲུབ་འདོད་པའི་ལས་ཀ འགྲོ་འདོད་སའི་ས་ཆ།  འགྲོགས་འདོད་པའི་མི་དང་སློབ་འདོད་པའི་ཤེས་བྱ།  ཉོ་འདོད་པའི་ཅ་ལག་གང་ཡིན་ལོངས་སྤྱོད་པའི་ཐོབ་ཐང་ཕལ་མོ་ཆེ་ལ་མེད།  ཡོད་པ་གཅིག་པུ་ནི་གཞན་གྱི་རྡོག་འོག་ཏུ་མི་ཚེ་སྡུག་ལ་སྐྱེལ་རྒྱུ་དེ་ཡིན།

དྲག་སྤྱོད་ཀྱིས་ཁྱིམ་ཚང་ལ་ཐེབས་པའི་ཤུགས་རྐྱེན།  

དྲག་སྤྱོད་ཅན་གྱི་ཁྱིམ་ཚང་དུ་བཟའ་ཟླ་བུ་ཕྲུག་ཚང་མར་ཞི་འཇགས་དང་བདེ་སྐྱིད་ཟེར་བ་ཞིག་གཞར་ཡང་ཡོད་མ་ཡིན།  བཟའ་ཚང་བར་དུ་དྲག་སྤྱོད་དང་འཁྲུག་པ་རྐྱང་རྐྱང་ཤོར་ཚེ།  ཐོག་མར། རང་གཉིས་ཀའི་སེམས་ཁམས་འཁྲུག་ཅིང་སྙིང་རླུང་རྒྱས་ལ།  ཁྱིམ་མིའི་འཚོ་བ་འཆོལ་ཉོག་དང་ཕྱི་ནང་གི་ལས་ཀ་འཐུས་ཤོར་དུ་འགྲོ་ཐོག  ཕན་ཚུན་ལ་ཡིད་རྟོན་དང་བརྩེ་དུང་མེད་པ་ཆགས་ཏེ་ཁད་ཀྱིས་ཁྱོ་ཤུག་གཉིས་ཀྱི་བར་ལ་སེལ་ཞུགས་ཤིང་འབྲེལ་བ་ཇེ་རིང་དུ་སོང་ནས།  མཐའ་མར་སེམས་ཀྱི་དགོས་མཁོ་དང་ལུས་ཀྱི་འདོད་པ་སྐོང་བར་ཕྱི་ནས་ཟུར་མོ་ཟུར་ཕོ་བསྟེན་དགོས་བྱུང་།  དེ་དང་འགྲོགས་ནས་མིག་སེར་ཕྲག་དོག་ལ་སོགས་པའི་རྙོག་དྲ་ལུང་པ་གང་འབྱར་ཡོང་།  གཟབ་གཟབ་མ་བྱས་ན་མི་གསོད་ཁྲག་སྦྱོར་གྱི་སྐྱོ་གར་ཡང་འབྱུང་།  དེ་དག་ཚང་མ་གཙོ་ཆེ་ཤོས་ནི་བཟའ་འགྲིག་བཟའ་མཐུན་བཟའ་སྐྱིད་མ་ཡོང་བ་ལས་བྱུང་བ་ཡིན།  དེས་མི་ཚད། ཕ་མ་གཉིས་འཁོན་ཞིང་འགྲས་ཏེ་ཁྱིམ་གཞིས་ཉོག་ཅིང་འཐོར་གྲབས་བྱུང་ན།  བྱིས་པའི་ལུས་སེམས་ལ་དཀའ་ངལ་བྱུང་སྟེ་སློབ་སྦྱོང་ལ་གཞོལ་མི་ཐུབ།  དེ་ལས་ཚད་ཆེ་ན་བྱིས་པ་ལམ་གོལ་དུ་འགྲོ་བ་དང་སེམས་ནད་འབྱུང་བའི་ཆག་སྒོ་ཡང་འབྱུང་སྲིད།  དེང་སྐབས་དེ་འདྲའང་འབྱུང་གི་ཡོད་པ་མིག་ལྡན་རྣ་ཡོད་དག་གིས་ཚོར་ཡོད་ཤས་ཆེ།  དེ་མིན་གཞན། དྲག་སྤྱོད་ཆེ་བའི་ཁྱིམ་ཚང་དུ་འཚར་ལོངས་བྱུང་བའི་བུ་ཕྲུག་རྣམས་དྲག་སྤྱོད་ཀྱི་ལམ་ཁར་འགྲོ་བ་མང་ཚུལ་ཡང་ཞིབ་འཇུག་ལས་བསྟན་འདུག  ནར་མའི་འཚོ་བའི་ཁྲོད་དུ་བཟའ་ཚང་གཉིས་ཀས་འགྲོགས་ཤེས་འདུག་ཤེས་དང་དཀྱེལ་ཡངས་བསམ་ཤེས་མ་བྱས་ཚེ།  རིན་དོད་མང་པོ་འབུལ་དགོས་པ་སྨྲས་ཀྱང་ཅི་དགོས། 

གཞན་དག་མི་གླེང་བར་ཚང་མར་གསལ་ཆ་ཡོད་པའི་དོན་རྐྱེན་གཉིས་གླེང་ན།  ན་ནིང་གི་ཉི་མ་དེ་རིང་ལ།  ཁམས་བྲག་འགོ་ནས་ཡིན་པའི་སྐྱེས་པ་ཨ་རྡོར་ཟེར་བ་མ་གཞི་ཁྱིམ་ནས་ཐོན་ཏེ་སྐྱེས་མ་གཞན་ཞིག་དང་མཉམ་དུ་བསྡད་ཡོད་རུང་།  ཉིན་དེར་བཟའ་ཟླ་སྔོན་མ་ཚེ་དབང་ལྷ་མོའི་ནང་དུ་ཡོང་སྟེ་རྩོད་རྙོག་བསླངས་མཐར།  ཁོ་མོར་གྲིས་ལན་མང་བརྒྱབ་སྟེ་རང་གི་བུ་མོའི་མཐོང་ལམ་དུ་ཁྲག་དམར་འཛར་འཛར་ཁྲོད་བསད།  ཟླ་བ་གཅིག་ལྷག་གི་རྗེས་སུ་ལག་དམར་གྱིས་ཉེན་རྟོག་ཁང་ལ་མགོ་འཛུལ་ཞིང་བུ་མོ་ལོ་ན་གསུམ་ཡས་མས་ཅན་དེ་དྭ་ཕྲུག་ཏུ་བཏང་།  འདི་ནས་ཡར་ལ་བརྩིས་པའི་ཉི་མ་སོ་བརྒྱད་ཀྱི་སྔོན་ལ།  རྒྱལ་རོང་དུ་ཁ་ཁར་ཕྱིན་ཚར་བའི་ཁྱོ་ག་ཞིག་གིས་དོན་མེད་དུ་གསོན་སྲེག་བྱས་ཤིང་ཉིན་བཅུ་དྲུག་གི་རྗེས་སུ་རང་གི་བུ་གཉིས་དང་ཕ་རྒན་ནད་པ་བཅས་བསྐྱུར་ཏེ་ཕྱི་མའི་ལམ་དུ་འགྲོ་དགོས་ཐུག་པའི་ཁྲོ་སྐྱབས་ལྷ་མོའི་དོན་རྐྱེན་ལྟ་བུ་རེད།  

ཁྱོ་གའི་དྲག་སྤྱོད་ལ་ཞིབ་འཇུག་བྱས་པ་ལས།  ཐོག་དང་པོར་ཁྱོ་གས་ཆུང་མར་དྲག་སྤྱོད་ཀྱི་སྦྱོར་བ་རྩོམ་དུས།  ཁྲིམས་སྒང་ནས་བཀག་ཉར་དང་དངུལ་དངོས་ཀྱིས་ཁྲིམས་ཆད་གཅོད་པ།  ཡང་ན།  ཁྱིམ་ཚང་དང་གཉེན་མི་སོགས་ཀྱིས་བཟོ་ལྟ་སྤྲད་ཅིང་གནོན་ཤུགས་བྱིན་ན།  དྲག་སྤྱོད་སྟེན་མཁན་གྱི་གྲངས་ཀ་བརྒྱ་ཆ་དགུ་བཅུ་མར་ཆག་འགྲོ་ཞེས་བསྟན་འདུག  དེ་འདྲ་ཡིན་གཤིས།  ང་ཚོས་ཀྱང་ཐེངས་གཅིག་ལ་བརྡུངས་ན་བསམ་ཤེས་དང་།  ཐེངས་གཉིས་ལ་བརྡུངས་ན་གུ་ཡངས་བཏང་ཚེ།  རང་གཅུན་མེད་པ་ཚོ་ལང་ཤོར་དུ་སོང་ནས།  བོང་བུར་དབྱུག་པ་གཏོང་གཏོང་ཁྲོད་དུ་མི་ཚེ་སྐྱེལ་དགོས་པ་ཤེས་ན་དགའ།   

མཇུག་སྡོམ་དང་སྨོན་ཚིག

ཕོ་མོ་སུ་ཞིག་ཡིན་རུང་རང་དང་ཤ་འདྲེས་པགས་འདྲེས་བྱུང་བའི་སྐྱ་ཡ་གསོད་པ་ནི་ཐབས་རྡུགས་ཡང་རྡུགས་ཀྱི་ལས་ཤིག་ཡིན་པ་དང་ལས་ནག་པོ་དེ་འདྲ་བཟོས་ཚེ།  རང་ཉིད་ཀྱིས་གཙོས་པའི་བུ་ཕྲུག་དང་ཕ་མ་སོགས་ཇི་སྙེད་ཅིག་སྡུག་བསྔལ་གྱི་མེ་འོབས་སུ་འཕེན་པའི་རྗེས་སྡུག་སྔོན་ལ་དྲན་ན།  ཆག་སྒོ་སྔོན་འགོག་ཐུབ།  སྐྱོ་གར་དེ་འདྲ་མི་འོང་བ་ལ།  ཁྱོ་ཤུག་སུ་ཞིག་ཡིན་རུང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ལ་མི་འགལ་བ་དང་སེམས་དང་བསམ་པས་འཁོར་བ་བཟུང་སྟེ་ཁྱིམ་ཚང་དུ་སྐྱིད་ཅིག་ཡོད་ན་མཉམ་རྒྱག  སྡུག་ཅིག་ཡོད་ན་མཉམ་འཁུར་བྱས་ཚེ།  རྒྱབ་ཁལ་དོ་མཉམ་བྱུང་ན།  རང་དགར་ཁལ་ལོག་མི་ཐེབས་ཞེས་པའི་དཔེ་ལྟར།  རྒྱུ་མེད་རྐྱེན་མེད་དུ་ཁྱིམ་གཞིས་ཁ་འཐོར་དགུ་འཐོར་དུ་འགྲོ་བ་མི་དཔེ།  ཁྱིམ་གཞིས་བརྟན་པོ་ཡོང་ན།  མི་རྒན་ཚོའི་བྱ་བ་ལམ་འགྲོ་རྒྱུག་པས་མི་ཚད།  བུ་ཕྲུག་ངན་ལྟུང་དུ་འགྲོ་བའི་ན་ཟུག་ཀྱང་བཟེད་མི་དགོས། 

མ་གཞིའང་ཁྱིམ་ཐབ་བཟུང་བ་ནི་འཁོར་བའི་འདོད་ཡོན་གྱི་དཔལ་ལ་རོལ་བའི་ཕྱིར་དུ་ཡིན་པ་ལས།ཕན་ཚུན་དམྱལ་བའི་ཁམས་ལ་འཕེན་རེས་བྱེད་བསམས་ནས་ཆ་ལ་བསྡད་པ་ཡིན་མི་སྲིད།  ཕོ་མོ་གཉིས་མཉམ་དུ་བསྡེབས་ཏེ་བཟའ་ཚང་བཅས་རྗེས།  གཉིས་ཀས་ཕན་ཚུན་ལ་བློ་དཀར་གཞུང་དྲང་དང་ཁྱིམ་ཚང་སེམས་ཀྱིས་གཉེར་ཞིང་བུ་ཕྲུག་བརྩེ་བས་བསྐྱངས་ན་ནི།  ཕྱིའི་དངོས་པོའི་ཕུན་ཚོགས་དར་ཞིང་ནང་སེམས་ཀྱི་ལོངས་སྤྱོད་རྒྱས་པ་རྒྱུ་འབྲས་ཀྱི་འབྲེལ་བས་ཐག་བཅད་ཡོད། 

2020/10/23ཉིན་མོར་ཕུལ། 


[1]ཁྲིམས་ཀྱི་འདུ་ཤེས་མ་སྐྱེས་པ་དང་སྤྱི་ཚོགས་གོང་འཕེལ་མ་སོང་བ།  མི་ཡི་རྟོགས་པ་མ་སད་བར་དུ།  མ་གཞི་འཚེ་བར་མི་དགའ་ནའང་ངན་གོམས་སུ་སོང་སྟེ་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་རུ།  སྐྱེས་མ་ག་ཚོད་ཅིག་ཁྱོ་གའི་གྲི་ལ་ཞ་དགོས་མིན་ཤེས་ཐབས་ག་ལ་ཡོད། 

ཧྥ་རན་སིར་བཙན་གཡེམ་དང་ཆུང་མ་གསོད་པ།

ཆོས་ཉིད་དབང་མོ། (ཧྥ་རན་སི)

ཉི་མ་རྡོ་རྗེས་བསྒྱུར།


ཡིད་སྐྱོ་དགོས་པ་ཞིག་ལ་བུད་མེད་ལ་གཅར་རྡུང་བྱེད་པ་དང་རང་ཉིད་ཀྱི་ཆུང་མ་གསོད་པ་ནི་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་པའི་སྣང་ཚུལ་ཞིག་ཡིན་པ་དང་དེས་ཡུལ་གྲུ་ཀུན་ལ་གནོད་སྐྱོན་བཟོ་བཞིན་ཡོད། དེའི་ཐད་ལ་ཧྥ་རན་སི་ལའང་དམིགས་བསལ་གང་ཡང་མ་མཆིས།  ཚེ་དབང་ལྷ་མོ་དམར་གསོད་བཏང་ནས་ལོ་ངོ་ཧྲིལ་པོ་གཅིག་འཁོར་བ་དང་།  ལྷ་མོ་མེར་བསྲེགས་བཏང་ནས་འདས་གྲོངས་ཕྱིན་ནས་ཟླ་བ་གཅིག་འཁོར་བའི་དུས་མཚམས་འདིར།  ཧྥ་རན་སིར་ཆུང་མ་དམར་གསོད་དང་འབྲེལ་བའི་གྲངས་ཐོ་དང་དངོས་བྱུང་གནས་ཚུལ་འགའ་ཞིག་ཀློག་པ་པོ་རྣམས་ཀྱི་འདྲེན་བྱེད་ཀྱི་ལམ་ལ་འབུལ་རྒྱུ་ཡིན།

ཕྱི་ལོ་༡༨༡༠ལོར་གཏན་འབེབ་བྱུང་བའི་ཞིབ་དཔྱོད་ཁྲིམས་གཞིའི་ནང་དམིགས་བསལ་དོན་ཚན་ཞིག་འཁོད་ཡོད་པ་ནི་གལ་ཏེ་ཁྱོ་ག་གང་ཞིག་གིས་རང་གི་ཆུང་མ་རང་ཁྱིམ་དུ་ཟུར་བསྟེན་དགའ་རོགས་དང་མཉམ་དུ་དམར་རྗེན་དུ་འཇུ་བཟུང་བྱས་ནས་ཆུང་མ་དེ་དམར་གསོད་བཏང་ན།  དེའི་ཁྲིམས་ཅད་དེ་ནི་མི་གསོད་དོན་རྐྱེན་ལས་ཚབས་ཆུང་བ་ཡོད།  རྒྱུ་མཚན་ནི་ཁྱོ་ག་དེའི་ཁོང་ཁྲོ་དྲག་པོར་གཞིགས་ན་སྐྱེས་དམན་དེ་ནི་གསོད་པ་ནི་༼དགོངས་པ་དག་འོས་པ་༽ཞིག་ཡིན།  འོན་ཀྱང་། ཆུང་མ་ཞིག་གིས་རང་གི་ཁྱོ་གས་བུད་མེད་གཞན་ཞིག་དང་གབ་མཐུན་བྱས་པ་འཇུ་བཟུང་བྱས་ན་དེ་ལ་དེ་མཚུངས་ཀྱི་ཁྲིམས་ཅད་ཞིག་མཐོང་རྒྱུ་མེད།  ཁྲིམས་གཞི་དེ་འགྱུར་བ་གཏོང་རྒྱུར་ལོ་ངོ་༡༦༥ལྷག་འགོར་ཡོད་དེ།  ཕྱི་ལོ་༡༩༧༥ལོར་གལ་ཏེ་ཁྱོ་ག་ཞིག་གིས་རང་གི་ཆུང་མས་འགབ་མཐུན་བྱས་པ་འཇུ་བཟུང་བྱས་ནས་ཆུང་མ་བསད་ཚེ་དེ་ནི་མི་གསོད་ནག་ཉེས་དང་གཅིག་མཚུངས་ཀྱི་ཚབས་ཆེན་ཡིན་པར་ངོས་འཛིན་བྱས་ཡོད།  དེ་ནི་ཧྥ་རན་སིའི་བུད་མེད་ཚོར་མཚོན་ན་འདྲ་མཉམ་གྱི་ཐད་མདུན་བསྐྱོད་ཀྱི་གོམས་སྟབས་ཆེན་པོ་ཞིག་སྤོས་པ་ཡིན་རུང།  དེས་ཁྱོ་ག་ཚོས་རང་གི་ཆུང་མ་གསོད་པའི་དོན་རྐྱེན་མངོན་གསལ་དོད་པོས་ཉུང་དུ་གཏོང་ཐུབ་མེད། 

ཕྱི་ལོ་༢༠༡༦མིང་འདོན་མ་བྱས་པའི་བུད་མེད་སྐོར་ཞིག་གིས་བུད་མེད་ཀྱི་ལས་འགུལ་ཞིག་འགོ་བརྩམས་ཡོད།  ཚོགས་པའི་དེའི་མིང་བྱང་ལ་༼སྤྱི་མཐུན་བུད་མེད་དམར་གསོད།༽ ཅེས་བཏགས་ཡོད། བུད་མེད་དམར་གསོད་ཟེར་བ་དེ་ནི་གསར་དུ་བཟོས་པའི་ཐ་སྙད་ཅིག་ཡིན་པ་དང་དེའི་གོ་དོན་ནི་བུད་མེད་གང་ཞིག་གསོད་པར་གོའོ།  ཐ་སྙད་དེའི་བཟོ་ལུགས་དེ་ཡང་ ༼ཕ་རྒན་དམར་གསོད།༽ཅེས་པ་ནི་བུ་ཕྲུག་ཞིག་གིས་རང་གི་ཨ་ཕ་གསོད་པར་གོ་བ་དང་།  ༼ཕྲུ་གུ་དམར་གསོད།༽མི་ཞིག་གིས་རང་གི་ཕྲུ་གུ་གསོད་པ་དང།  དེ་བཞིན་༼མི་རིགས་སྡེབ་གསོད།༽དེ་ནི་རིག་གཞུང་དམར་གསོད་གཏོང་བར་གོ་བ་སོགས་ཐ་སྙད་ཀྱི་འགྲོ་ལུགས་དེ་རིགས་ལ་གཞིགས་ནས་བཟོས་པ་ཞིག་ཡིན།  ལས་འགུལ་བ་ཁག་ཅིག་ལ་གཞིགས་ན་ ༼ཆུང་མ་དམར་གསོད།  དབྱིན་སྐད་ནང་ uxoricide༽ ཁྱོ་ག་ཞིག་གིས་རང་གི་ཆུང་མ་གསོད་པ།  ཞེས་པའི་ཐ་སྙད་འོས་ཤིང་འཚམ་པར་མཐོང་།

འོན་ཀྱང་།  ལ་ཊིན་སྐད་ཡིག་ནང་སྐྱེས་དམན་ཞེས་པའི་ཐ་སྙད་ ༼uxoricide༽དེ་ནི་བརྡ་རྙིང་པ་ཞིག་ཡིན་སྟབས་མི་མང་པོ་ཞིག་ལ་གོ་དོན་ཁ་གསལ་པོ་ཞིག་ཆགས་ཀྱི་མེད།  དེར་རྟེན་བུད་མེད་དམར་གསོད་ཅེས་པའི་ཐ་སྙད་དེ་ཉར་འཇོག་བྱས།  དེ་གོ་དོན་གཙོ་བོ་དེ་ཡང་རང་གི་ཆུང་མ་དམར་གསོད་གཏོང་བ་ལ་གོ་དགོས་པ་ལས་བུད་མེད་ཞིག་གསོད་པ་ལ་གོ་ཡི་མེད།

སྤྱི་མཐུན་བུད་མེད་དམར་གསོད་ཅེས་པའི་ལས་འགུལ་དེས་ལས་འགུལ་རྣམ་གྲངས་མང་དག་ཅིག་སྤེལ་གྱི་ཡོད་པ་ནི།  ཚགས་ཤོག་ཁག་ཀློག་པ་དང་གསར་འགྱུར་རྒྱུད་ལམ་ཁག་ཞིབ་ཉན་བྱས་ནས་ཧྥ་རན་སིར་ཁྱོ་གས་ཆུང་མ་གསོད་པའི་དོན་རྐྱེན་བྱུང་ཚད་གྲངས་ཐོ་ཉར་ཚགས་བྱེད་ཀྱི་ཡོད།  ཁོང་ཚོས་ཕྱོགས་བསྡུས་བྱས་པའི་གྲངས་ཐོར་གཞིགས་ན།  ཕྱི་ལོ་ ༢༠༡༦ལོར་ཆུང་མ་གསོད་པའི་དོན་རྐྱེན་གྲངས་ ༡༢༨ བྱུང་ཡོད་པ་དང་།  ཕྱི་ལོ་ ༢༠༡༧ ལོར་གྲངས་ ༡༤༡ ཕྱི་ལོ་ ༢༠༡༨ ལོར་གྲངས་༡༢༨ ཕྱི་ལོ་ ༢༠༡༩ ལོར་གྲངས་ ༡༥༢ དང་འདི་ལོའི་ཕྱི་ཟླ་ ༡༠ བར་གྲངས་ ༧༤བྱུང་ཡོད་པ་གྲངས་ཐོར་འཁོད་ཡོད་འདུག

ཅི་སྟེ།  ཆུང་མ་ཞིག་རང་གི་ད་ཡོད་ཁྱོ་གས་གསོད་པ་དང་།  ཡང་ན།  ཁྱོ་ག་ཟུར་པ་ཞིག་གསོད་པ།  དེ་བཞིན་བསྡད་རོགས་གིས་གསོད་པའི་ཁ་གྲངས་ཇེ་ཉུང་དུ་འགྲོ་གི་མེད་རུང་།  སྤྱི་མཐུན་བུད་མེད་དམར་གསོད་ལས་འགུལ་བས་གསར་བཟོ་བྱས་པའི་ཐ་སྙད་བུད་མེད་དམར་གསོད་ཅེས་པ་དེས་མི་རྣམས་ཀྱི་བློ་ངོར་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པ་བྱུང་ཡོད་པ་ནི་ཆུང་མ་གསོད་པའི་དོན་རྐྱེན་དེ་ནི་ལམ་ལུགས་ཀྱི་དཀའ་ངལ་ཞིག་ཡིན་པར་ངོས་འཛིན་བྱེད་ཐུབ་པ་བཟོས་ཡོད་པ་དང་།  དེ་ནི་སྤྱི་ཚོགས་ཁྱོན་ཡོངས་ལ་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད་པ་དང་།  དེའི་འབྱུང་ཁུངས་ནི་སྤྱི་ཚོགས་སྤྱི་ཡོངས་ལ་ཐུག་ཡོད་པ་ལས་མི་སྒེར་ལ་ཐུག་པ་མིན་པ་དང་།  དེ་མིན། དེ་ནི་བཟའ་ཚང་གཉིས་ཀྱི་དབར་གྱི་དཀའ་ངལ་རྐྱང་པ་ཞིག་མིན་པ་གསལ་སྟོན་བྱས་ཡོད།   

སྤྱི་མཐུན་བུད་མེད་དམར་གསོད་ལས་འགུལ་བ་ཚོས་བུད་མེད་ཚོར་དྲག་སྤྱོད་ཀྱི་རིགས་དཔེར་ན་བཙན་གཡེམ་བྱེད་པ་སོགས་ཚང་མ་ངོ་རྒོལ་སྐྱོན་བརྗོད་བྱེད་ཀྱི་ཡོད། ཆུང་མ་གསོད་པའི་དོན་རྐྱེན་གྱི་གྲངས་ཐོ་བསྡུ་རུབ་བྱེད་པ་དང་གསར་འགྱུར་རྒྱུད་ལམ་ཁག་ལ་ཉེན་བརྡ་གཏོང་བ་ཕུད།  ཆུང་མ་ཞིག་རང་གི་ཁྱོ་གས་གསོད་པ་དང་ཁྱོ་ག་ཟུར་པ་ཞིག་གསོད་པ་སོགས་ཀྱི་གནས་ཚུལ་ཐོན་རིམ་བཞིན་མི་དམངས་ལ་གོ་རྟོགས་སྤེལ་བའི་ཐབས་ལམ་ཡག་ཤོས་ཤིག་ནི་གྲོང་བརྡལ་མང་པོའི་སྲང་ལམ་ནང་སྦྱར་ཡིག་ཐུང་ཐུང་རེ་སྦྱར་རྒྱུ་དེ་ཡིན།  གཤམ་འོག་གི་འདྲ་པར་དེ་ནི་ཕྱི་ལོ༢༠༢༠ཟླ་དགུ་པའི་ཚེས༢༨ཉིན་བརྒྱབ་པ་ཞིག་ཡིན་ཞིང་དེའི་ནང་དོན་ནི།  ༼ཧྥ་རན་སིའི་ནང་སྐར་མ་བདུན་རེའི་ནང་བཙན་གཡེམ་རེ།༽ཞེས་འཁོད་ཡོད།  ཡ་མཚན་པ་ཞིག་ལ་༼བཙན་གཡེམ།༽ ཞེས་པའི་ཚིག་འབྲུ་དེ་ནག་སུབ་བཏང་ཡོད་འདུག དེ་ནི་གང་ཟག་ཅིག་གིས་དེ་ལྟ་བུའི་ལས་འགུལ་ལ་ཡིད་མ་རངས་རྣམ་འགྱུར་བཏོན་པ་ཡིན།

འགོག་རྐྱེན་དེ་ཙམ་ཡོད་མིན་ལ་ལྟོས་པར་ཕྱི་ལོ་༢༠༡༦ནས་བཟུང་སྤྱི་མཐུན་བུད་མེད་དམར་གསོད་ལས་འགུལ་ཚོགས་པས་ཆུང་མ་སྲོག་གཅོད་ཀྱི་དོན་རྐྱེན་དེ་ཡོངས་གྲགས་ཀྱི་གནད་དོན་ཞིག་ཡིན་རུང་ཉེ་ལམ་མ་གཏོགས་ད་བར་མངོན་མེད་དུ་ལྷག་ཡོད།  དེ་བཞིན་བཙན་གཡེམ་དང་ཁྱིམ་ཚང་ནང་དྲག་རྩུབ་ལ་སོགས་པར་སྐྱོན་བརྗོད་བྱ་རྒྱུར་ལེགས་གྲུབ་བྱུང་ཡོད།

ཧྥ་རན་སིའི་སྲིད་གཞུང་གི་ངོས་ནས་དོན་རྐྱེན་དེ་རིགས་གདོང་ལེན་བྱ་ཆེད་མྱུར་མགྱོགས་ཀྱི་བྱ་སྤྱོད་སྤེལ་ཡོད་ལ་ཐབས་ལམ་ཇེ་མང་ཞིག་བཏོན་ཡོད་པ་དཔེར་ན།  ཉེན་ཁར་ལྷུང་བའི་བུད་མེད་རྣམས་ལ་སྡོད་གནས་སྤྲོད་རྒྱུ་དང་།  ཉེན་རྟོག་པ་བུད་མེད་སྐྱེ་སྲིང་བྱ་རྒྱུ་དང་།  བུད་མེད་ལ་དྲག་རྩུབ་འབྲེལ་བའི་ཞུ་གཏུགས་བྱུང་ཚེ་མས་ཁྲིམས་དཔོན་རྣམས་ཀྱིས་དེ་ལ་སྔར་བས་དོ་ནན་ཤུགས་ཆེན་བྱ་རྒྱུ་ལ་སོགས་པའོ།  །དེ་དང་ཕྱོགས་མཚུངས།  གསར་འགྱུར་ཚན་པ་གྲགས་ཅན་འགའ་ཞིག་གིས་གནད་དོན་དེའི་ཐོག་ལ་རྩོལ་ཞིབ་བྱ་རྒྱུ་འགོ་བརྩམས་ཡོད།  ཡིན་རུང་། དུས་རབས་དུ་མའི་རིང་ཁུ་སིམ་བསྡད་པའི་སྤྱོད་ལམ་དེ་འགྱུར་བ་གཏོང་རྒྱུར་དུས་ཚོད་རིང་པོ་འགོར་ངེས།

ཕྱི་ལོ༢༠༢༠ཟླ༡༠ཚེས༢༢ཉིན་ཧྥ་རན་སིའི་རྒྱལ་ས་པེ་རིསི་ནས།



ང་ཚོས་བོད་པའི་སྤྱི་ཚོགས་ཁྲོད་གནས་པའི་བཟའ་ཟླའི་དྲག་སྤྱོད་ཀྱི་སྐོར་ལ་གླེང་མོལ་བྱེད།

རྩོམ་པ་པོ།  སྲིང་མོ་ཐར།

ཡིག་སྒྱུར་བ།  རིག་པའི་ཡེ་ཤེས།


བོད་ཀྱི་སྐྱེས་མ་ཞིག་གི་ཐད་ནས་བཤད་ན།  བཟའ་ཟླའི་དྲག་སྤྱོད་ཀྱི་སྐོར་ཁྲོམ་བསྒྲགས་བྱེད་རྒྱུ་ནི་རྩ་བ་ཉིད་ནས་ལས་སླ་བོ་ཞིག་མིན།  བོད་ཀྱི་རིག་གནས་ཚུད་པའི་ཡ་གླིང་གི་རིག་གནས་ཁྲོད་དེ་ནི་ཁྱིམ་ཚང་གི་གསང་བ་ཞིག་ཡིན་པའི་ལྟ་སྟངས་བཟུང་ཡོད་ལ།  དེ་ནི་སོ་སོ་སྒེར་གྱི་ངོ་ཚ་ཞིག་ཏུ་ལྟ་བ་མ་ཟད།  ད་དུང་རིག་གནས་ཀྱི་ཚད་གཞིས་ཁྱིམ་ཚང་གི་ཁོར་ཡུག་ཕན་ཆད་ནས་དེའི་སྐོར་གྱི་གནད་དོན་དག་ལབ་གླེང་བྱས་ཚེ།  དེ་ནི་ཁྱིམ་ཚང་གི་ཞབས་འདྲེན་དུ་ལྟ་བ་གསལ་བརྗོད་བྱས་ཡོད།  བོད་ཀྱི་སྐྱེས་མ་བྱིངས་ལ་ཡོད་པའི་ཐུན་མོང་གི་རིན་ཐང་ནི།  སྲོལ་རྒྱུན་གྱི་འཚོ་བའི་སྒྲོམ་གཞིའི་ནང་དུ།  མཛའ་མཐུན་གྱིས་མཉམ་ལས་དང་རང་ཉིད་ཀྱི་ཡོད་ཚད་བློས་བཏང་ནས་ཁྱིམ་ཚང་འཆམ་མཐུན་རྒྱུན་སྐྱོང་བྱེད་རྒྱུ་དེ་རེད།  ལྷག་པར་དུ་བོད་ཀྱི་སྐྱེས་མས་རང་ཉིད་ཀྱི་ཐོབ་ཐང་དེ་བུ་མོ་དང་ཆུང་མ།  ཨ་མ་བཅས་ཀྱི་བཅད་རྒྱ་ལས་རྙེད་ཚོར་བྱུང་ཡོད་ལ།  ཁོ་ཚོའི་མྱི་ཚེའི་རེ་སྙེགས་ནི་ཁོ་ཚོའི་ཡོད་ཚད་ཁྱིམ་ཚང་གི་ཆེད་དུ་བློས་གཏོང་རྒྱུ་དེ་ཡིན།

གུས་མོ་རང་ཉིད་བོད་ནས་སྐྱེས་ཤིང་བོད་ནས་འཚར་ལོངས་བྱུང་ལ།  མོ་ལོ་ཉི་ཤུ་ལྷག་ལ་བོད་ནས་བསྡད་མྱོང་ཡོད་པ་དང་།  བོད་ཀྱི་སྐྱེས་མ་ཞིག་དང་བཟའ་ཟླའི་དྲག་སྤྱོད་ལས་ཐར་བའི་མི་སྣ་ཞིག་ཡིན་པའི་ཆ་ནས།  དངོས་ཡོད་ཀྱི་གནས་སྟངས་འདི་དག་ལ་སོ་སོ་སྒེར་གྱི་ངོས་ནས་ཉམས་མྱོང་མངོན་སུམ་ཡོད།  གནས་སྟངས་དེ་ནི་སྤྱི་ཁྱབ་ཀྱིས་ངོས་ལེན་བྱེད་པ་ཤིན་ཏུ་ཉུང་བས།  ང་དང་ང་ལྟ་བུ་གནས་སྟངས་འདི་ལས་ཐར་མཁན་གྱིས་ཧ་ཅང་མཐོང་དཀོན་པའི་སྣང་ཚུལ་སྟེ་བཟའ་ཟླའི་དྲག་སྤྱོད་ཀྱིས་ཇི་ལྟར་བོད་ཀྱི་སྐྱེས་མ་ལ་ཤུགས་རྐྱེན་ཐེབས་མིན་གྱི་སྐོར་གླེང་མོལ་གྱིས་ངོ་སྤྲོད་བྱེད་འདོད།  བོད་ཀྱི་སྐྱེས་མ་མང་ཆེ་ཤོས་ཀྱིས་འཚོ་བའི་ཁྲོད་དེ་ནི་ངོས་ལེན་་བྱེད་མི་འོས་བ་དང་མནར་གཅོད་ཅིག་ཡིན་པའི་སྐོར་ཟུར་ཙམ་དང་ཡང་ན་རྩ་བ་ཉིད་ནས་རྟོགས་ཀི་མེད།  བཟའ་ཟླའི་དྲག་སྤྱོད་ཀྱི་གནོད་ཐེབས་སུ་གྱུར་བའི་བོད་ཀྱི་སྐྱེས་མ་དག་གིས་མཐོང་ཆུང་དང་དམའ་འབེབས།ཚིག་རྩུབ་དང་རྡུང་རྡེག་བྱེད་པ་ལ་བཟོད་བསྲན་དང་ངོས་ལེན་བྱེད་བཞིན་ཡོད།  རྒྱུ་མཚན་ནི་བོད་ཀྱི་སྤྱི་ཚོགས་ཀྱིས་བྱ་སྤྱོད་འདིའི་རིགས་དགོངས་ཡངས་དང་རྒྱུན་ལྡན་རང་བཞིན་དུ་བཟོས་ཡོད་ལ།  ང་ཚོའི་སྤྱི་ཚོགས་ཀྱིས་གནོད་འཚེ་ཕོག་པའི་སྐྱེས་མ་དག་གིས་རྒྱབ་སྐྱོར་འཚོལ་བ་ལ་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་མེད།

མཐུན་འགྱུར་གྱི་ཟུར་ཅིག་ཡོད་པ་ནི།  ང་ཚོས་ལག་རྩལ་དང་སྤྱི་ཚོགས་འབྲེལ་བའི་སྨྱན་གཟུགས་ལ་ཐུགས་རྗེ་ཆེ་ཞུ་དགོས་ཏེ།  དུས་དང་གནས་ཀྱིས་བར་དུ་ཆོད་མིན་ལ་མ་ལྟོས་པར་ཁྱིམ་མི་དང་གྲོགས་པོ་དག་ལ་ལས་སླ་བོའི་ངང་འབྲེལ་འདྲིས་བྱེད་ཐུབ་བཞིན་ཡོད།  ཉིས་སྟོང་བཅུ་དགུ་ལོའི་ཟླ་བ་དགུ་བར།གཞིས་བྱེས་གཉིས་ནས་ཕེབས་པའི་རྒྱབ་ལྗོངས་འདྲ་མིན་གྱི་སྐྱེས་མ་ལོ་ན་བགྲེས་པོ་དང་།  དར་མ།  ཤེས་ཡོན་པ་དང་ཤེས་ཡོན་མེད་མཁན།  རྩོམ་པ་པོ་དང་ཞིང་བ།  འབྲོག་པ་བཅས་སྐོར་ཞིག་མཉམ་རུབ་ཀྱིས་དེང་གི་སྐྱེས་མ་ཞེས་པའི་འདུ་ར་ཞིག་བཙུགས་སོང་།  འདུ་ར་འདིས་བཟའ་ཟླའི་དྲག་སྤྱོད་དང་བཙན་གཡེམ་སོགས་ཚོར་སྣང་སྐྱེན་པའི་གནད་དོན་དག་མཉམ་ཏུ་གླེང་མོལ་བྱེད་ཆོག་པའི་བདེ་འཇགས་ཀྱི་ཁོར་ཡུག་ཅིག་མཁོ་སྤྲོད་བྱས་ཡོད།  ན་ནིང་གི་ཉིན་མ་དེར།  དེང་གི་སྐྱེས་མའི་འདུ་ར་བརྒྱུད་ནས་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན།  ཟི་ཁྲོན་ཞིང་ཆེན་བྲག་མགོ་རྫོང་གསེར་ཁོ་སྡེ་བར་ཧ་ཅང་སྐྱི་གཡའ་བའི་བཟའ་ཟླའི་དྲག་སྤྱོད་ཀྱི་མི་གསོད་དོན་རྐྱེན་ཞིག་དངོས་སུ་བྱུང་སོང་།  དེ་ནི་ཚེ་དབང་ལྷ་མོའི་བཟའ་ཟླ་གཉེན་སྒྲིག་བྱས་ཡོད་པའི་སྐྱེས་མ་གཞན་དང་མ་འགྲིག་པའི་རྗེས་སུ།  ཡང་བསྐྱར་ཕྱིར་ཚེ་དབང་ལྷ་མོ་དང་འགྲིག་པར་རེ་བ་བཏོན་པར་མོས་ངོས་ལེན་མ་བྱས་པས།  མོའི་ཚེ་སྲོག་གྲི་ཁ་ནས་ཤོར་ཡོད་འདུག་ལ།  ལོ་གཉིས་ཅན་གྱི་གཅེས་ཕྲུག་མ་ཞིག་ཤུལ་དུ་བཞག་ནས་དེ་ལྟར་འདས་གྲོངས་སུ་ཕྱིན་འདུག

འདི་འདྲའི་སྐྱི་གཡའ་བའི་དོན་རྐྱེན་གྱིས་དེང་གི་སྐྱེས་མའི་འདུ་རའི་སྐྱེས་མ་མང་པོ་ཞིག་ལ་ཡིད་སྐྱོ་ཞིང་ཧ་ལས་བ་དང་།  ཁོང་ཁྲོ་རབ་ཏུ་འབར་དུ་བཅུག་པས།  ཚོར་བ་སྐྱེན་པོ་དེ་འདྲའི་རྐྱེན་བྱས་ཏེ་སེམས་གཏིང་ནས་ལས་འགུལ་སྤེལ་འདོད་ཀྱི་ཀུན་ཀློང་སྐྱེས་ནས།  ཀུན་ལ་འདི་འདྲའི་བཟའ་ཟླའི་དྲག་སྤྱོད་ཀྱི་མི་གསོད་དོན་རྐྱེན་ཤེས་སུ་འཇུག་ཆེད།  དེང་གི་སྐྱེས་མའི་སྐད་འཕྲིན་གྱི་ཚོམས་སུ་སྙན་ངག་དང་རྩོམ་ཡིག་མང་པོ་བརྒྱུད་འགོད་བྱས་ཡོད།   བོད་ཀྱི་ལོ་རྒྱུས་སྟེང་བོད་གཞིས་བྱེས་གཉིས་ཀྱི་སྐྱེས་མ་དག་ཆེས་ཐོག་མར་མཉམ་རུབ་ཀྱིས།  ང་ཚོའི་མྱ་ངན་དང་།  ཁོང་ཁྲོ། ཕམ་ཉེས་ཀྱི་ཚོར་འདུ་དྲག་པོ་བརྗོད་དེ་ཚེ་དབང་ལྷ་མོ་ལ་མྱ་ངན་གུས་འདུད་ཞུས་བ་ཡིན།  ང་ཚོས་བོད་ཀྱི་སྤྱི་ཚོགས་ལ་བཟའ་ཟླའི་དྲག་སྤྱོད་སྐོར་ངེས་ཤེས་སྐྱེ་རུ་འཇུག་ཆེད།  ཕྱི་ཟླ་༡༠ཚེས་༢༣ཉིན་ནི་བོད་ཀྱི་བཟའ་ཟླའི་དྲག་སྤྱོད་དོ་སྣང་གི་ཉིན་མོར་གཏན་འཁེལ་བྱས་ཏེ་ཁྱབ་བསྒྲགས་བྱས་བ་རེད།  མ་བསྒྲིགས་རང་འགྲིག་ཞིག་ལ།  ཕྱི་ཟླ་བཅུ་བ་ནི་ཨ་རིའི་རྒྱལ་ཡོངས་ཀྱི་བཟའ་ཚང་དྲག་སྤྱོད་དྲིལ་བསྒྲགས་ཀྱི་ཟླ་བ་ཡིན་པ་དང་ཏག་ཏག་འཁེལ་ཡོད་འདུག

དེང་གི་སྐྱེས་མའི་ཚོམས་ཀྱི་ཚོགས་མི་དག་གིས་ཡིད་སེམས་སྐྱོ་བའི་བརྙན་ཐུང་འགའ་བརྒྱུད་བསྐུར་བྱས་ཡོད་ལ།  དཔེར་ན། ཁྱོ་གས་ཆུང་མ་ལ་གཅར་རྡུང་བྱེད་པ་དང་། ཟུར་གྱི་མི་རྣམས་ཀྱིས་འཕྱ་དམོད་བྱེད་པ། ཁོ་ཚོའི་བྱིས་པ་དག་གིས་གཅར་རྡུང་བྱེད་པ་དངོས་སུ་མཐོང་ནས་ངུ་བ་ལ་སྣང་མེད་དུ་འཇོག་པ།  བརྙན་ཐུང་གཞན་ཞིག་གི་ནང་དུ།  ཕོ་གསར་ཞིག་གིས་རང་གི་ཆུང་མ་ནང་ལ་འཁྲིད་དེ་ཁོ་མོའི་ཨ་མ་དང་མིང་པོ་ལ་གཅར་རྡུང་བྱེད་དུ་བཅུག་ཡོད་ལ།  ཁོ་མོའི་བྱིས་པ་ལ་གནས་སྟངས་དེ་དངོས་སུ་མཐོང་བཅུག་ཡོད།  ཧ་ཅང་ཧ་ལས་པ་ཞིག་ནི་ང་ཚོའི་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་འགས་བཤད་པ་ལྟར་ན།  བཟའ་ཟླའི་དྲག་སྤྱོད་ཀྱི་གནས་སྟངས་ནི་རྒྱུན་ལྡན་ཞིག་ཡིན་ལ་བོད་ཀྱི་གྲོང་གསེབ་ཁག་ཏུ་འདིའི་སྐོར་ལ་དོ་སྣང་མེད་པའི་སྐོར་གསལ་བཤད་བྱས་སོང་། 

ད་ལོའི་ཕྱི་ཟླ་༩ཚེས་༡༤ཉིན།  སི་ཁྲོན་གྱི་ལྷོ་ནུབ་ས་ཁུལ་གྱི་རྒྱལ་རོང་ཡུལ་ནས་མིང་ལ་ལྷ་མོར་འབོད་པའི་སྐྱེས་མ་ཞིག་གི་ཁྱོ་ག་སྔོན་མས་མོའི་ལུས་ཐོག་ལ་རླངས་སྣུམ་གཏོར་ཏེ་མེ་བསྲེག་པའི་དོན་རྐྱེན་སྐྱི་གཡའ་བ་ཞིག་བྱུང་ཡོད་ལ།  མོ་རང་ཕྱི་ཟླ་༩ཚེས་༣༠ཉིན་ཚེ་ལས་འདས་འདུག  མི་རྣམས་ཀྱིས་ལྷ་མོ་གསོད་མཁན་གྱི་ལག་དམར་ཐད་བཟུང་བའི་ལྟ་སྟངས་ནི་སྣ་ཚོགས་ཤིག་རེད་འདུག  ཁོའི་ནག་ཉེས་དང་ཁོ་རང་བོད་རིགས་ཤིག་ཡིན་པ་ལ་འབྲེལ་བ་ཡོད་པ་ངོས་ལེན་བྱས་མི་འདུག་སྟེ།  ཁ་ཤས་ཀྱིས་བཤད་ན།  ལྷ་མོའི་ཁྱོ་ག་སྔོན་མ་དེའི་མི་རིགས་རྒྱུ་རྐྱེན་གཅིག་ལ་བགྲང་ཡོད་འདུག  རྒྱུ་མཚན་ཁོ་ནི་ཕྱེད་ཀ་རྒྱ་རིགས་དང་ཤ་ཁྲག་འབྲེལ་ཡོད་པས་ན།  ཁོ་བོད་པ་གཙང་མ་ཞིག་མིན་ཚུལ་བཤད་ཡོད་འདུག   མི་གཞན་པས་བཤད་ན་རྒྱ་མི་རིགས་གཙང་མ་ཞིག་ཡིན་པ་དང་།  དེ་ནི་ཁོ་ཡིས་སྡུག་རྩུབ་དྲག་པོའི་ངང་སོ་སོའི་ཆུང་མ་མེ་བསྲེག་བཏང་བའི་རྒྱུ་རྐྱེན་ལ་བགྲང་འདུག་མོད།  གང་ལྟར་ང་ཚོས་དོན་དངོས་ཤིག་རྟོགས་པ་ནི།  ལག་དམར་དེ་མི་རིགས་གང་འདྲ་ཞིག་ཡིན་རུང་།  ལྷ་མོ་ནི་བོད་པ་གཙང་མ་ཞིག་རེད་འདུག  ཁོ་མོའི་ཆེས་རྩ་ཆེ་བའི་ཚེ་སྲོག་དེ་ལྟར་ཤོར་བའི་ཤུལ་དུ་ཅིག་ལྷག་ཡོད་པ་ནི།  བྱམས་ལྡན་གྱི་ཨ་མའི་བརྩེ་བ་དང་ལྟ་སྐྱོང་མེད་པའི་ཉེས་མེད་ཀྱི་བྱིས་པ་ཆུང་ཆུང་གཉིས་རེད། 

མི་རབས་མང་པོ་ཞིག་ལ།  བོད་ཀྱི་སྐྱེས་མས་མི་སྨྲ་བའི་བརྟུལ་ཞུགས་འཛིན་དགོས་པའི་གནས་སྟངས་དེ་ཡལ་བར་དོར་བའི་གོ་སྐབས་བྱུང་མེད་རྐྱེན།  བཟའ་ཟླའི་དྲག་སྤྱོད་ནི་མུ་མཐུད་དུ་ཁྱིམ་ཚང་གི་གསང་བ་རུ་གྱུར་ཡོད།  འོན་ཀྱང་། དེང་གི་དུས་སུ་སྨྱན་གཟུགས་ཀྱི་འབྲེལ་ལམ་བརྒྱུད་སྐྱེས་མ་དག་ལ་སོ་སོའི་སེམས་ཀྱི་ལྟ་སྟངས་གསལ་བརྗོད་བྱེད་སའི་ལྡིངས་ཆ་ཞིག་མཁོ་སྤྲོད་བྱས་ཡོད།  ཕྱོགས་གཅིག་ནས་གླེང་ན།  འདི་ནི་ཧ་ཅང་ཆེ་བའི་ནུས་སྤོབས་ཤིག་ཡིན་སྲིད་མོད།  འོན་ཏེ་དེས་ནི་གནོད་འཚེ་ཕོག་མཁན་གནོད་འཚེ་བྱེད་སར་ཁྲིད་མཁན་གྱི་ཚོགས་སྡེ་དག་ཞུ་གཏུགས་ཀྱིས་མངོན་དུ་འཇུག་དགོས་ལ།  མ་འོངས་པར་གཞིགས་ན།  འདི་འདྲའི་ཁ་གསལ་གཏིང་གསལ་གྱི་ལས་དོན་གྱིས་ཉེན་ཁ་ལས་ཐར་བ་དག་ལ་ཞབས་ཞུ་ཐེབས་པའི་ནུས་བ་ལ་ཤན་ཤུགས་འབྱུང་སྲིད།

ངའི་རེ་བ་ཉག་གཅིག་ནི་མི་འགྱངས་བར་རྒྱབ་སྐྱོར་གྱི་ཁྱབ་ཁོངས་དང་ས་ཁུལ།  དྲ་རྒྱའི་ཞབས་ཞུ་རྒྱ་བསྐྱེད་བྱས་ཏེ་སློབ་གསོ་བརྒྱུད་ནས་བཟའ་ཟླའི་དྲག་སྤྱོད་སྐོར་གྱི་གོ་རྟོགས་མཐོར་འདེགས་བྱེད་རྒྱུ་དང་།  འདིའི་ཐད་ལ་ཆེད་ལས་ཀྱི་རྒྱབ་ལྗོངས་ལྡན་པའི་མི་སྣ་དག་གིས་ཟབ་སྦྱོང་སྤྲོད་རྒྱུ།  ཆུ་ཚོད་ཉེར་བཞིའི་རིང་ལ་སྐད་གཉིས་ཐད་སྦྲེལ་ཁ་པར་གྱི་༼བོད་སྐད་དང་རྒྱ་སྐད༽ལམ་ནས་གནོད་འཚེ་ཐེབས་མཁན་གྱིས་བློ་འདྲི་དང་དོན་རྐྱེན་ལ་དབྱེ་ཞིབ་སོགས་བྱེད་པར་རམ་འདེགས་བྱེད་རྒྱུ།  འདིའི་ཐད་ཟབ་སྦྱོང་སྤྲོད་པ་ལ་ཆེས་གལ་ཆེ་བ་ནི་ང་ཚོའི་སྤྱི་ཚོགས་ཀྱི་རིན་ཐང་ལྟ་ཚུལ་ཡག་ཕྱོགས་ལ་འཁོར་བར་ལྟ་སྐུལ་དང་།  གནོད་འཚེ་ཕོག་མཁན་དག་ངོ་གནོང་དང་འཛེམ་དོགས་ལས་ཐར་བ་དང་ཁོ་ཚོ་ཅི་ཡང་མི་སྨྲ་བའི་གནས་ལས་གྲོལ་དགོས་རྒྱུ་དེ་ཡིན།  ངས་འདི་ལྟར་བསམ་འཆར་བཏོན་པ་ལ་ངས་ང་རང་ཁེར་རྐྱང་མིན་པ་ཚོར་ཡོད།  ངས་བོད་མི་དམངས་ཀྱིས་བཟའ་ཟླ་ལ་མནར་གཅོད་བྱེད་པ་བཟོད་བསྲན་དང་ངོས་ལེན་བྱེད་མི་ཐུབ་པའི་ཉིན་མོ་དེ་སླེབས་པར་རེ་སྒུག་བྱེད་བཞིན་ཡོད།  ཕྱི་ཟླ་བཅུ་བའི་ཚེས་ཉེར་གསུམ་གྱི་ཉིན་མོར་བྲིས། 


བརྩེ་བའི་གྲོགས་མོ་ལྷན་རྒྱས་ཁམས་བཟང་།

_དཔལ་མོ།

   དུས་རབས་ཉེར་གཅིག་པར་འཛམ་གླིང་ལག་མཐིལ་ན་ཡོད་ཟེར་བ་དོན་ལ་གནས་ཤིང་ད་ལྟ་མངོན་དུ་གྱུར་ཏེ་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད་ཀྱི་སྣང་ཚུལ་མཐོང་ཐོས་དྲན་རེག་ཏུ་མངོན་སུམ་ལ་བསྒྱུར་བ་དང་།  ནང་སྒོས་སུ་རང་རེའི་ཕོ་མོ་གཉིས་ཀ་ལས་ཡ་རབས་སྤྱོད་བཟང་དང་སྙིང་རུས་ལྷག་བསམ་ཅན་མང་པོ་ཐོན་གི་ཡོད་ལ།  སྤྱོད་ལམ་ཐ་ཤལ་ཅན་ཡང་ཐོན་གི་ཡོད་པ་དྲ་ངོས་དང་བརྙན་ལམ་སོགས་ནས་མཐོང་ཐུབ་པ་ཀུན་ལ་གསལ།  དཔེར་ན་ད་ལོའི་དབྱར་ཁར་རྐང་ཚ་སོགས་མདོ་སྨད་ས་ཆ་ཁ་ཤས་སུ་བུད་མེད་དུ་མའི་སྤྱོད་ལམ་ནི་མགོ་ནག་མི་ཡི་དར་སྲོལ་དང་རྩ་བ་ནས་འགལ་བ་ཁག་ཅིག་ཁྲིམས་སྣར་ཐུག་པ་དེ་ལྟ་བུ་རེད།  དེ་མིན་ད་རུང་བུད་མེད་ཁ་ཤས་ཀྱིས་ལྷམ་ཚང་སྙིགས་ལུད་ཅན་འཐུང་བ་དང་།  རང་ལ་རྩིས་ཐང་ཡོད་མདོག་བསྟན་ནས་སྐྱེས་པར་རང་གི་རྐང་པ་ལྡག་གི་འཇོག་པ་(དེ་ནི་ཁྱོ་ཤུག་ཟུང་འབྲེལ་གྱིས་སྒོར་མོ་བཙལ་ཐབས་ཡིན་ཀྱང་སྲིད)སོགས་བོད་མགོ་ནག་ལ་མི་གནས་པའི་མ་རུང་ཐན་ལྟས་དང་ངོ་ཚ་ཁྲེལ་མེད་ཀྱི་སྤྱོད་ངན་ལ་ཅིས་ཀྱང་ཁ་རྡུང་གཏོང་འོས་སྙམ།  འདི་ནི་ཞུ་དོན་དང་པོ་ཡིན།

   ལོ་འདི་དག་རིང་ལ་ཕྲན་གྱིས་ཅི་ནུས་སྒོས་མི་རིགས་གྲངས་ཉུང་ཁག་ཅིག་གི་རྩོམ་རིག་ཐད་ལ་རྩད་གཅོད་དང་རྒྱུས་ལེན་བྱས་པ་བརྒྱུད་ནས་ཐོབ་པའི་མྱོང་ཚོར་དང་མངོན་པའི་སྣང་ཚུལ་འགའ་ཁྱེད་ཅག་གི་སྙན་ལམ་དུ་ཞུ་འདོད་ཡང་ཡང་སྐྱེས་ན་ཡང་།  གཅིག་ན་ཆུ་ཚོད་དཀོན་པ་དང་།  གཉིས་སུ་རང་གི་བསམ་ཚུལ་ལྷུག་འདོན་བྱེད་རུང་མིན་ལ་དོགས་ནས་ད་བར་དུ་བཞག་པ་ཡིན།  དེང་གི་སྤྱི་ཚོགས་འདིར་ངན་ཤུགས་ཀྱིས་མི་རྣམས་གསོག་རྫོབ་ཅན་དང་གཞའ་མ་ཅན།  ཕྲག་དོག་ཅན། ཐ་ན་གནོད་སེམས་ཅན་ཡང་འདུག་ལ་དཀར་ནག་གོ་མི་འབྱེད་པའི་དུས་སྐབས་འདིར་སེམས་གཏམ་དྲང་བོར་སྨྲ་ཕོད་མཁན་ཇེ་ཉུང་ཡིན་པའི་སྟབས་ཀྱིས་ཕྲན་ཀྱང་འོས་འགན་དེ་རང་ཕྲག་ལ་བབས་མེད་སྙམ་ཞིང་མི་སྨྲ་བའི་བརྟུལ་ཞུགས་བཟུང་ནས་བསྡད་པ་ཡིན་མོད།  འདི་ལྟར་བསྡད་ན་འུ་ཅག་ཐུན་མོང་གོང་འཕེལ་ལ་གནོད་ཅིང་སྤྱི་ཚོགས་ཀྱི་ཁ་ཕྱོགས་ཐུར་དུ་འགྲོ་ངེས་ཡིན་ལ་འགྲོ་བཞིན་ཡོད་པའང་མཐོང་ཡོང་། 

   ངའི་སློབ་གྲྭ་འདིའི་ནང་མི་རིགས་མང་ལ་སྐད་ཡིག་སློབ་གླིང་ཡང་དུ་མ་གནས་མྱོང་།  དེའི་ནང་རྒྱ་དང་སོག་པོ།  བོད་དང་ཡུ་གར། ཧ་སག་རིགས་སོགས་མི་རིགས་སྐོར་ཞིག་ལ་རང་སོ་སོའི་སྐད་ཡིག་ཡོད་པར་མ་ཟད།  རྩོམ་རིག་བརྩམས་ཆོས་ཕུན་སུམ་ཚོགས་པ་ཡོད།  དེ་དག་ལས་ངས་རྩད་བཅད་པ་གཙོ་བོ་བུད་མེད་རྩོམ་པ་པོའི་རྩོམ་རིག་དང་བརྩམས་ཆོས་ཡིན།  ངས་བསམ་གཟས་ནས་ཁོང་ཚོའི་རྩོམ་རིག་ཁྲིད་མཁན་དགེ་རྒན་དང་ཞིབ་འཇུག་པ་རྣམས་ལའང་ཐེངས་མང་བཀའ་འདྲི་ཞུས་པ་ན།  ཁོང་ཚོར་རང་རང་གི་ཕ་སྐད་ཀྱིས་བརྩམས་པའི་རྩོམ་མང་པོ་ཡོད་པར་མ་ཟད་ཚད་ལྡན་སྒྲུང་རིང་ཡང་ལྔ་བཅུ་ཡས་མས་རེ་ཡོད།  འུ་ཅག་ཕོ་མོ་གཉིས་ཀའི་སྒྲུང་རིང་མཉམ་རྩིས་བྱས་ནའང་ལྔ་བཅུ་ཡོད་མེད་ཙམ་རེད།  གནད་དོན་འདི་རང་རེའི་སྐྱེས་པ་རྩོམ་པ་པོ་སྐོར་ཞིག་ལའང་ཞུ་མྱོང་བ་ཡིན།  འུ་ཅག་གིས་ཕན་ཚུན་བར་ལ་ཁ་ཁོག་དང་ཕྱི་ནང་མེད་པར་རྡོག་རྩ་གཅིག་ལ་བསྒྲིལ་ནས་ཤུགས་བཏོན་ན་ལས་དོན་གང་ཡིན་ཡང་གྲུབ་འབྲས་ལེན་ཐུབ་སྙམ།  ད་ལྟ་ང་ཚོར་མཁོ་བ་མཐུན་སྒྲིལ་རེད།  སྐྱེས་མ་རྣམས་ཀྱི་ཐོབ་ཐང་ལའང་རྡོག་རྩ་གཅིག་ཏུ་བསྒྲིལ་ན་ལས་ཆོད་ཡོད།  ང་ལ་འཕོག་པའི་གནོད་འཚེ་དང་ངས་མྱོང་བའི་དཀའ་སྡུག་དེ་ཁྱེད་ལ་འཕོག་མི་སྲིད་པ་དང་ཁྱེད་ཀྱིས་མྱོང་མི་སྲིད་པའི་ངེས་པ་གཏན་ནས་མེད་དེ།  ཁྱེད་རང་ཉིད་ལ་མི་འཕོག་ནའང་ཁྱེད་དང་འབྲེལ་བ་ཟབ་པའི་བུ་རབས་ཚ་རྒྱུད་ལ་འཕོག་མི་སྲིད་ཅེས་ཁ་ཚོན་སུས་ཀྱང་གཅོད་མི་ནུས་པས།  དོན་དག་གང་ཡིན་ཡང་རང་ཉིད་དང་འབྲེལ་མེད་དུ་མ་དགོངས་ན་ལེགས་སྙམ།  ད་ལྟ་འཛམ་གླིང་ཧྲིལ་བོར་སྐྱེས་མའི་ཐོབ་ཐང་གལ་ཆེ་ཚུལ་མཁས་མཆོག་དེད་དཔོན་རྣམ་པས་ཀྱང་གསུངས་དང་གསུང་གི་ཡོད་ལ།  ལྷག་པར་རྒྱལ་ནང་གི་སྲིད་ཇུས་ལྟར་ན་སྐྱེས་མའི་ཐོབ་ཐང་བརྩི་སྲུང་བྱེད་དགོས་པར་མ་ཟད།  སྐྱེས་མས་སྤྱི་ཚོགས་འགན་འཁྲི་ཐེག་དགོས་ཚུལ་གསུངས་ཏེ་གལ་གནད་དུ་འཛིན་རྒྱུ་བསྒྲགས་བྱུང་།  འདི་ནི་ཞུ་དོན་གཉིས་པ་ཡིན།

   ཕྲན་གྱི་བསམ་ཚུལ་ནི།  ཕོ་མོའི་འཚོ་གནས་ཇེ་ལེགས་སུ་གཏོང་བ་དང་ཐོབ་ཐང་འདྲ་མཉམ་ཡོང་བར་ཕོ་མོ་གཉིས་ཀས་འབད་དགོས་པ་ལས་སྐྱེས་མ་ཚོ་དམའ་སར་འདུག་རྒྱུ་དང་།  ཡང་ན་སྐྱེས་པ་ཚོ་དམའ་སར་གནོན་པར་འབད་རྒྱུའི་ལྟ་ཚུལ་རྩ་བ་ཉིད་ནས་མེད།  ངོ་མ་བཤད་ན་རང་རེའི་སྐྱེས་པ་རྣམས་ལའང་ཁག་མེད་ས་མང་ནི་རེད།  ལྷག་པར་རིག་པ་སྦྱངས་པའི་སྐལ་བ་མ་ཐོབ་པར་གྲོང་གསེབ་དང་ཡུལ་མཐའ་ན་ཡོད་པ་དག་གི་འཚོ་བའི་གནས་སྟངས་དང་སློབ་གསོའི་ཆ་རྐྱེན་སོགས་གང་ཐད་དུའང་ལེགས་པོ་མིན་ས་མང་པོ་འདུག་པ་ཤིན་ཏུ་གསལ།  དེའི་སྟབས་ཀྱིས་སྐྱེས་མ་ལྷན་རྒྱས་ནས་བསམ་ཤེས་ཐུབ་རྒྱུ་གཙོ་བོ་རེད་སྙམ།  འོན་ཀྱང་སྐྱེས་ཕོ་མོ་གང་ཡིན་རུང་ངན་པ་ལང་ཤོར་དུ་སོང་ནས་སྤྱི་ཚོགས་བདེ་འཇགས་དང་མི་ཡི་ཚེ་སྲོག་ལ་གནོད་བཟོ་ན་ལུས་རྟེན་ལ་ཁྱད་མེད་དུ་ཁ་རྡུང་དྲག་པོ་གཏོང་ཐུབ་རྒྱུ་གལ་ཆེ་སྙམ།  དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འུ་ཅག་གི་རྒྱབ་རྩ་ན་ཤེས་རབ་ལྡན་པའི་སྐྱེས་པ་བསམ་བློ་ཅན་དང་ལྷག་བསམ་ཅན་ཇེ་མང་ཡིན་པར་ཡིད་ཆེས་བྱས་ཆོག   འདི་ནི་ཞུ་དོན་གསུམ་པ་ཡིན།

   ཞུ་སྙིང་གཙོ་བོ་ནི།  སྒྱུ་རྩལ་རྩོམ་རིག་གི་ནུས་པས་མི་སེམས་ལ་བྱབས་ཁྲུས་དང་སྤྱི་ཚོགས་ལ་ཞབས་འདེགས་ཐུབ་པར་སྨྲ་ན།  འུ་ཅག་རྩོམ་རིག་ལ་དུང་ཞེན་ཆེ་བའི་ཕོ་མོ་གཉིས་ཀས་དུས་སྐབས་དམ་འཛིན་གྱིས་སོ་སོའི་རྒྱུད་ལ་ཤེས་རིག་ལོན་པར་དཔེ་ཀློག་མང་པོར་བརྟེན་ནས་རྩོམ་རིག་གི་བློ་སྦྱོང་དང་གསར་རྩོམ་གྱི་ལག་ལེན་ཐད་ལ་མཉམ་དུ་ཤུགས་བརྒྱབ་སྟེ་བརྩམས་ཆོས་ལེགས་ཤོས་མང་པོ་ཐོན་པར་འབད་འོས་པ་དང་།  དེ་ཕྱོགས་སྐྱེས་མ་རྣམས་ལ་འགན་འཁྲི་ལྕི་མོ་ཡོད་པ་བརྗེད་མི་རུང་སྟེ།  ད་སྔ་ཕ་སྐད་ཀྱིས་བརྩམས་པའི་སྒྲུང་རིང་བཞི་ཙམ་ལས་མེད་པ་ཅིས་ཀྱང་མཁྱེན་དགོས།

   སྤྱི་ཁྱབ་ནས་བཤད་ན།  རང་རེའི་སྐྱེས་པ་རྣམས་ལོ་ངོ་བཞི་བཅུ་འདིའི་རིང་སློབ་གྲྭར་ཞུགས་ཤིང་ཤེས་རིག་སྦྱངས་ཏེ་རྩོམ་རིག་གི་ལམ་ལ་བསྐྱོད་ནས་ཡོང་བ་ཡིན་མོད།  སྐྱེས་མ་རྣམས་དུས་རབས་ཉེར་གཅིག་པའི་ཚུན་ཆད་ནས་བཟུང་སློབ་གྲྭར་བསྐྱལ་ཏེ་རིག་པ་སྦྱངས་པ་ཡིན་པས་ཁོང་ཚོའི་ལམ་གྱི་ཕྱེད་ཀར་མ་གཏོགས་བཞུད་ཡོད་པ་མ་རེད།  འོན་ཀྱང་ལྡབ་འགྱུར་གྱིས་འབད་འབུངས་ཨེ་ཐུབ་བལྟ་རྒྱུ་ལས་ངན་ཁག་འདི་སུ་ལ་དཀྲི་རུང་།  གང་ལྟར་ད་ནི་སྐྱ་སེར་དང་ཕོ་མོ་རྒན་གཞོན་མེད་པར་རིག་པ་སྦྱང་རྒྱུ་ནི་ཆེས་ཤིན་ཏུ་གལ་ཆེ་ཞིང་འོས་ལ་བབས་འདུག་པས་ཀུན་གྱིས་ཐུགས་འཇགས་འཚལ་བར་སྨོན།

   ཞེས་གྲོགས་མོ་སྨྱུག་ཐོགས་པ་ཡོངས་ལ་ཕུལ་བ་འདི་དགེ་ཕྱོགས་སུ་རྩྭ་རྩེའི་ཆུ་ཐིགས་ཙམ་དུ་སྨིན་ནའང་རང་སེམས་དགའ་བ་འབུམ་གྱིས་བརྟས་ཏེ་སྙིང་ནས་སྨོན་ལམ་གྲངས་མེད་འདེབས་པ་ཡིན།


བཞི་རྒྱོང་ཐང་།

ཉི་མ་སྒྲོལ་མ།  ( ཁམས་བྲག་འགོ)

ཁམས་བྲག་འགོ་ནས་ལེ་བར་ཉི་ཤུ་ལྷག་སོང་ན་ལོ་ཙ་ཟམ་པ་ཞེས་པའི་ཟམ་ཆུང་ཞིག་གི་འགྲམ་ལ་ཐོན།  ཟམ་པ་བརྒལ་དེ་ལོ་ཙ་གྲོང་ཚོ་ནས་ཡར་ཀ་ལུང་པའི་ནང་ལ་ལེ་བར་བཞི་ཙམ་སོང་རྗེས་གཡས་ཕྱོགས་ཀྱི་རི་མགོར་འགོས་ན་མཐུས་སྒང་ཞེས་པ་རྩེ་རུ་མ་ཚོ་བ་གསུམ་པའི་དགུན་ས་ཡིན།  དགུན་སའི་གཡས་གཡོན་ན་སྐྱེས་མ་དག་བཞི་རྒྱོང་བྱ་མྱོང་སའི་ཐང་དུམ་ནང་དང་།  དུང་ལུའི་དཀྱིལ་འཁོར་སྟེང་།  གོང་ཆེན་ལོང་བ།  འུར་ཡ་ཐང་སོགས་ལུང་ཁུག་མི་འདྲ་བ་བཞི་ཙམ་ཡོད།

    རྩེ་རུ་མ་ཚོ་བ་གསུམ་པ་ནི་འབྲོག་པ་ཡིན་པ།  འབྲོག་པ་བྱིངས་དང་འདྲ་བར།  དགོང་མོ་རེ་བཞིན་གསར་བུ་ཚོ༼བྱི་ཉུག༽སྟེ་མཚན་མོར་བུ་མོ་ཚོ་རྩེད་ཆས་བྱེད་དུ་འགྲོ་བའི་སྲོལ་འདུག་ཅིང་།  ས་དེ་ན་དབྱར་རྩྭ་ཡང་རྐོ་རྒྱུ་མོད་པས།  ལོ་རེ་རེའི་དཔྱིད་ཀ་མི་མང་བོ་དབྱར་རྩྭ་རྐོ་རུ་ཡོང་སྟེ་མཐུས་སྒང་གཡས་གཡོན་དུ་གུར་ཕུབ་ནས་འདུག་ཅིང་གསར་བུ་གསར་མོ་མང་པོ་མཉམ་གཅིག་ཏུ་འདུ་ས་ཞིག་ཡིན།  བཞི་རྒྱོང་ཐང་ཟེར་བ་ནི་ས་ཆ་དེའི་ལུང་ཁུག་སོ་སོ་ན་ཡོད་ཅིང་།  ཤུག་པ་དང་སུ་རུ་གླང་མ་སོགས་རྫོབ་མཐུག་པོ་སྐྱེས་ཡོད།  དེར་བརྟེན་གསར་བུ་ཚོས་གཞན་གྱི་མཐོང་མིན་ལ་མི་དོགས་པར་བུ་མོ་ལོ་ཆུང་དག་རྫི་བོ་དང་དབྱར་རྩྭ་རྐོ་རུ་འགྲོ་བའི་ལམ་ནས་བཙན་ཁྲིད་བྱས་ཏེ་ལུང་ཁུག་དག་ལ་སོང་ནས་ལུས་ཀྱི་གོན་པ་ཡོངས་རྫོགས་ཕུད་དེ་གཅེར་བུ་བྱས་རྗེས་རྐང་ལག་དང་ཐ་ན་མགོ་ཡང་ཕྱོགས་སོ་སོ་ན་བརྡབས་པའི་ཕུར་བའི་ཐོག་ལ་བཏགས་ཏེ་རེས་མོ་བྱས་ནས་བཙན་གཡེམ་བྱེད་པ་དང།  ད་དུང་ཁོ་ཚོས་ཆུ་ཁ་ནས་ངལ་གསོས་ནས་དལ་མོར་རང་རང་སོ་སོའི་བཙན་གཡེམ་གྱི་ཚོར་བ་སོགས་བཤད་བཞིན་གད་མོ་བགད་དེ་འདུག་ལ།   འདོད་ཆགས་ལངས་ན་ཡང་བསྐྱར་བཙན་གཡེམ་བྱེད།  དེ་ལས་ཀྱང་ཡ་ང་བ་ཞིག་ནི་བུ་མོ་ཚོའི་མོ་མཚན་ནང་དུ་ཆུ་བླུགས་ནས་ཆུ་འཐུང་མ་ཞེས་འབོད་ལ།  རྩྭ་བརྫངས་ནས་རྩྭ་ཟ་མ་ཞེས་སོགས་བརྙས་སྨོད་སྣ་ཚོགས་བྱེད་བཞིན་ཉིན་ཕྱེད་དམ་ཉིན་གང་བོར་བརྒྱངས་པའང་ཡོད་པས་ས་ཆ་དེ་དག་གི་མིང་ལ་བཞི་རྒྱོང་ཐང་ཞེས་ཀུན་གྱིས་འབོད།

     སྐྱེས་མ་ཚོར་བཙན་གཡེམ་ཐེབས་རྗེས་ལུས་སེམས་ལ་སྡུག་བསྔལ་བཟོད་དུ་མེད་པ་ཡོང་བས་མི་ཚད།  ངོ་ཤེས་དང་གཉེན་ཉེ།  ཁྱིམ་མཚེས་རུ་སྐོར་ཚང་མས་མཐོང་ཆུང་དང་བཙོག་ལྟའང་བྱེད།  རང་གིས་ཀྱང་ད་ནི་ཚར་སོང་སྙམ་པའི་འདུ་ཤེས་བཟུང་ནས་མི་ཚེ་ཧྲིལ་བོར་ཉམས་ཆུང་འཁོས་དམན་གྱི་འཚོ་བ་སྐྱེལ་དགོས་རུང་།  དེ་ལ་ཁྲིམས་ཀྱི་རྒྱབ་སྐྱོར་གཏན་ནས་ཡོད་མ་མྱོང་ལ།  བླ་སྤྲུལ་དགོན་སྡེ་དག་གིས་ཀྱང་དོ་སྣང་མེད་ལ།  ཁ་དགེ་བསམ་ཡོད་ཚོས་གྱོད་བཤད་པ་ཡང་ཐོས་མྱོང་མེད།  དེར་མ་ཟད་ཁོ་ཚོའི་ཡུལ་སྲོལ་ལ་གསར་བུ་དག་བྱི་ཉུག་ལ་ཡོང་དུས་ཕ་མ་དང་ནང་མི་ཚོས་བཀག་འགོག་བྱས་ན་དེ་བ་ཚང་གིས”བྱི་འགོག་བྱེད་གི“ཞེས་ཅུང་ངོ་ཚ་ཅན་ཞིག་དང་མ་རབས་ཤིག་ལ་རྩི་སྲོལ་ཡོད།  དེའི་ཕྱིར་མཚན་མོར་བུ་མོ་དང་ཁྱིམ་མི་ཚོ་ལྷན་དུ་སྦྲ་ནང་ན་ཉལ་ཡོད་དུས།  གསར་བུ་ཚོ་ཡོང་ནས་བུ་མོ་ལ་ལུས་འབྲེལ་བྱེད་པའམ་བརྙས་བཅོས་བྱས་རུང་།  ཕ་མ་གཙོ་བྱས་པའི་ཁྱིམ་མི་ཚོ་ཁ་རོག་གེར་སྡོད་པ་ཡོད་རེད་ཟེར། 

   སྐྱེས་མ་ཡང་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་རུང་།  ས་ཆ་ལ་ལ་དང་ཁྱད་པར་དུ་འབྲོག་ཕྱོགས་གི་སྐྱེས་མ་མང་པོ་ཞིག་ལ་མི་ཡི་མཐོང་ཞིག་ཡོད་པ་ཕར་ཞོག  དུད་འགྲོའི་རྩིས་ཐང་ཙམ་ཡང་མེད་པ་གོང་གསལ་ལྟར་རེད།  ཕམ་ཁ་འདི་ནི་སྐྱེས་མ་ཁོ་ནས་མིན་པར།  བོད་སྤྱི་ཚོགས་ཡོངས་ཀྱི་ཕམ་ཁ་དང་ངོ་ཚ་ཞིག་རེད།   ཨ་མ་ནི་མི་རིགས་ཤིག་གི་དར་རྒུད་མཚོན་པའི་དན་རྟགས་རྣལ་མ་དེ་ཡིན་ན།  ཀླ་ཀློའི་སྤྱོད་པ་འདི་དག་ལས་ང་ཚོར་རྗེས་ལུས་དྲག་པོ་ཐེབས་ཡོད་པ་མཚོན་གྱི་ཡོད་པ་མ་རེད་དམ།  ང་ཚོའི་མི་རིགས་འདིས་ནམ་ཞིག་ལ་སྐྱེས་མ་དག་མི་གྲལ་ལ་བཞག་ན།  དེ་དུས་མི་རིགས་འདིས་གཞན་རྗེས་ཆོད་པའི་ཉི་མ་དེ་ཡིན་པ་སྨོས་མ་དགོས་སྙམ་མོ།  །


ཨ་ཁུས་ང་ལ་བཙན་གཡེམ་བྱས་བྱུང་། 

_ཨ་གླག་རྒོད།

     ངས་གྲོགས་པོ་ཞིག་གིས་ང་ལ་འདི་ལྟར་ལབ་བྱུང་།  ཁྱེད་ཚོའི་སྡེ་བའི་བུ་མོ་ཞིག་ལ་བཙན་གཡེམ་ཐེབས་བྱུང་བ་ཁྱེད་ཀྱིས་ཨེ་ཤེས་ཟེར།  ངས་ཁོ་ལ་མ་ཤེས་སུ་རེད་ཅེས་ཞིབ་འདྲི་བྱས་པ་ན།  མ་གཞི་ཆུང་དུས་ནས་ང་ཚོའི་མིག་མདུན་ནས་ནར་སོན་པའི་བུ་མོ་སྒྲོལ་མ་རེད།    (འདིར་དངོས་མིང་བྲིས་ན་མོའི་མཚན་སྙན་ལ་གནོད་པས་སྒྲོལ་མ་ནི་མིང་ཚབ་ཡིན།) གཏམ་ངན་དེ་ངའི་སེམས་ཀྱི་གཏིང་ནས་ཡལ་མི་ཐུབ་པའི་ན་ཟུག་ཅིག་ཏུ་གྱུར་སོང།  དེ་ནས་ཉིན་འགའ་འགོར་རྗེས་ང་རང་དངོས་སུ་སོང་ནས་གནས་ཚུལ་དེར་རྒྱུས་ལོན་བྱས་པ་ཡིན། 

     མ་གཞི་བུ་མོ་སྒྲོལ་མ་ནི་ཆུང་ནས་བཟུང་ཕ་མེད་ལ་ཨ་མ་ཡང་གནས་ལ་བུད་སོང་བས་མོ་ནི་རྨོ་མོ་དང་ཨ་ནེའི་མཉམ་དུ་འཚོ་བ་རོལ་བཞིན་ཡོད་ལ།   ཨ་ནེ་རྫོང་མཁར་དུ་གནས་ལ་སོང་བས་མོ་ཡང་ཨ་ནེ་དང་མཉམ་དུ་ཚོང་བརྒྱབ་སྟེ་རྫོང་མཁར་ནས་ནར་སོན་པ་ཡིན་ཡང་སློབ་གྲྭར་ཉིན་གཅིག་ལ་ཡང་མ་སོང་བས་ཡི་གེ་མི་ཤེས་མོད།  ཁྱིམ་མཚེས་ཚོའི་ཤུགས་རྐྱེན་ལས་རྒྱ་སྐད་ནི་ཆུ་བཞུར་བཞུར་རེད།  ཁོང་ཚང་ལ་གཞི་རྒྱ་ཆེ་བའི་ཚོང་ཁང་ཞིག་ཡོད་པས་ལོ་ངོ་འདི་དག་གི་རིང་ལ་བུ་མོ་སྒྲོལ་མས་ནང་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ཚོང་བརྒྱབ་པས་ཁོང་ཚང་གི་ཚོང་ཧ་ཅང་བྲིན་པ་ནི་ང་ཚོ་ཚང་མས་ཤེས་གསལ་ཡིན།  བུ་མོ་སྒྲོལ་མ་ད་ལོར་ལོ་བཅོ་ལྔ་རེད།   ངས་མོ་ལ་གནས་ཚུལ་ཅི་བྱུང་དྲིས་པ་ན་ཐོག་མར་ངོ་ཚ་ནས་མི་བཤད་ཀྱང་།  ངས་ནན་གྱིས་དེ་ལ་ངོ་ཚ་དགོས་གི་མ་རེད་གལ་ཏེ་ཁྱོད་ཀྱིས་གནས་ཚུལ་ཇི་བཞིན་བཤད་ན་གཞན་ལ་ཕན་ཐོགས་གི་རེད་ཅེས་བསྐུལ་མ་བྱས་པར་ད་གཟོད་མོས་ང་ལ་གནས་ཚུལ་དེའི་བརྒྱུད་རིམ་གསལ་ཙམ་བཤད། 

དྲི་བ།  ཁྱོད་ལ་བཙན་གཡེམ་བྱེད་མཁན་སུ་རེད་ཁོའི་མིང་ལ་ཅི་ཟེར། 

དྲིས་ལན།  ང་ལ་བཙན་གཡེམ་བྱེད་མཁན་ངའི་ཨ་ནེའི་རྒད་པོ་རེད།  ངས་ཁོ་ལ་ཨ་ཁུ་ཞེས་འབོད་ཀྱི་ཡོད།  ཁྱོད་ཀྱིས་དོན་དག་འདི་ཕྱི་ལ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ན་མིང་ངོ་མ་མི་འབྲི་རོགས། 

དྲི་བ།  ནམ་ཞིག་ལ་ཅི་ལྟར་བྱས་ནས་ཁྱོད་ལ་བཙན་གཡེམ་བྱས་བྱུང་། 

དྲིས་ལན།  མ་གཞི་ང་ཆུང་ནས་བཟུང་ཁོ་ལ་ཧ་ཅང་སྐྲག་ཅིང་བརྩི་བཀུར་བྱེད་ཀྱི་ཡོད་པས་ཁོས་ཀྱང་དུས་རྒྱུན་ངོ་གནག་ནས་འདུག་པ་ལས་ཀུ་རེ་དང་དགོད་གཏམ་མང་པོ་བཤད་མི་དཔེ།  འོན་ཀྱང་ན་ནིང་ཞིག་ནས་ཁོས་ང་ལ་ནམ་རྒྱུན་ཀུ་རེ་རྩེ་བ་དང་མཚམས་མཚམས་སུ་ངའི་ལུས་པོ་སྡོམ་པ་དང་།  ལུས་ཀྱི་ཆ་ཤས་གང་རུང་ལ་རེག་ཐུག་བྱེད་པ་སོགས་རྒྱུན་ལྡན་མ་ཡིན་པ་མང་པོ་བྱེད་ཀི་འདུག་མོད།  ངས་ནི་རང་གི་ཕ་ཡི་ལྟ་སྟངས་བཟུང་ཡོད་པས་སྣང་དོགས་ཅི་ཡང་མ་བྱས།  འོན་ཀྱང་ད་ལོའི་ཟླ་བརྒྱད་པ་ཡས་མས་སུ་ཨ་ནེ་རྫོང་མཁར་གཞན་ཞིག་ལ་ལས་དོན་ཞིག་སྒྲུབ་པར་སོང་ཞིང་ངེད་གཉིས་གཅིག་པུ་ཡིན་དུས་ཤིག་ལ།  ཁོས་ང་ལ་དོ་ནུབ་འུ་གཉིས་མཉམ་དུ་ཉལ་ཟེར་གི དེ་དུས་ང་རང་ཧ་ཅང་སྐྲག་ལ་ངོ་ཡང་ཚ་བས་ལན་ཅི་ཡང་མ་བཏབ་པར་རང་གི་ཁང་བའི་ནང་ལ་སོང་ནས་སྒོར་ནང་ཟ་བརྒྱབ་ནས་ཉལ་བ་ཡིན།  ནམ་དཀྱིལ་ཞིག་ལ་ཁོས་ལྡེ་མིག་བཙལ་ནས་སྒོ་ཕྱེ་སྟེ་ངའི་ཉལ་སའི་ནང་ལ་ཐོན་བྱུང་།  ང་སྐྲག་ནས་ཨ་ཁུ་ཁྱོད་ཀྱིས་ཅི་ཞིག་བྱེད་ཀི་ཡོད་ཅེས་དྲིས་པ་ན།  ཁོ་ངའི་ཉལ་སའི་ནང་ལ་ཡོང་ནས་ངས་ཁྱོད་ལ་ལུས་འབྲེལ་བྱེད་རྒྱུ་ཡིན་ཟེར་གིང་སྐྲག་ནས་ཨ་ནེ་ཨ་ནེ་ཞེས་ངུ་འབོད་བྱས་པའི་ཚེ། ཁོས་མལ་ཐུལ་གྱིས་ངའི་མགོ་མནན་ནས་བཙན་གྱིས་དོར་མ་ཕུད་བྱུང་།  ངས་ཇི་ལྟར་འཕགས་འཚག་བྱས་ཀྱང་ཁོ་ལ་ཤེད་ཆེ་བས་མཐར་ཁོས་ང་ལ་བཙན་གཡེམ་བྱས་བྱུང།  བཙན་གཡེམ་བྱས་རྗེས་འུ་གཉིས་གཉེན་ཉེ་མ་རེད་སྐྱོན་ཡོད་ནི་མ་རེད།  ཁྱོད་ཀྱིས་ཨ་ནེ་ལ་མ་བཤད་དང་།  ཁྱོད་ལ་ཅི་བྱེད་དགོས་ཀྱང་ངས་ཁས་ལེན་ཟེར་ནས་བུད་སོང་།  ཡར་ལངས་ནས་གློག་བཀར་བ་ན་ངའི་ཉལ་ས་དང་ཉལ་ཐུལ་གང་སར་ཁྲག་མང་པོ་འགོས་འདུག  ཕྱི་ཉིན་ངས་ཨ་ནེ་ལ་ཁ་པར་བཏང་ནས་གནས་ཚུལ་བཤད་དགོས་བསམ་ཡང་ཁ་པར་འཕྲོད་པ་དང་ཅི་ཡིན་མི་ཤེས་པའི་ཚོར་བ་ཞིག་གིས་ངས་དོན་དེ་བཤད་མ་ཐུབ་པར་གསང་བ་ཡིན།   ཉིན་གཉིས་ཙམ་ལ་ལུས་སེམས་གཉིས་ཀ་ན་ཟུག་དང་ཚ་ཟུག་ཅིག་གིས་ཁེངས་མོད།  གནས་ཚུལ་བཤད་ས་མེད་པས་ཁ་རོག་གེར་ངུ་འབོད་རེ་བྱས་ནས་བསྡད་པ་ཡིན།  དེ་ནས་བཟུང་། ཨ་ནེ་ཁྱིམ་དུ་མེད་དུས་སུ་ཁོས་རྒྱུན་པར་ང་ལ་བཙན་གཡེམ་བྱེད་མོད།  ལུས་ལ་དང་ཐོག་ལྟ་བུའི་ན་ཟུག་ཆེན་པོ་མེད་ཀྱང་སེམས་ཀྱི་ན་ཟུག་ཇེ་ཆེ་རེད།  དེ་ནས་བཟུང་ངས་ཁོ་ལ་སྔར་བཞིན་བརྩི་བཀུར་བྱེད་རྒྱུའི་བསམ་པ་མེད་པས་དུས་རྒྱུན་རེད་མ་རེད་ཅུང་ཟད་ཙམ་ལ་ཡང་ཁོ་ལ་ཁ་འཁོན་བྱས་པ་ཡིན་མོད།  ཁོས་ང་ལ་གཅར་རྡུང་དང་སྡིགས་མོ་མི་བྱེད་ཀི ང་རང་དེ་ལས་ཀྱང་སྙིང་ལངས་ས་ཞིག་ནི། ངའི་ཨ་ནེས་ང་ལ་རེད་མ་རེད་ཀྱི་ཁ་ཏ་བྱེད་དུས་ཁོས་ང་ལ་ཤ་ཚ་ཚ་བྱས་ནས་ད་ཞི་མོ་ལ་སྡིགས་མོ་མ་བྱེད་ཟེར་བ་དེ་རེད།   ཐེངས་ཤིག་ཨ་ནེ་ཡོད་ས་ནས་ངས་ཁོར་ང་ལ་ཨ་ནེས་སྡིགས་མོ་བྱེད་པ་ཁྱོད་དང་འབྲེལ་བ་མེད་ཅེས་བཤད་པས་ཨ་ནེ་ཧང་སང་སོང་།  ཁྱོད་ཀྱིས་ཨ་ཁུ་ལ་བརྩི་བཀུར་མི་བྱེད་པར་ཚིག་ངན་བཤད་ན་མི་འགྲིག་གི་ཟེར་བས།  ངས་སེམས་ཀྱི་ན་ཟུག་མ་བཟོད་པར་ངུ་འབོད་བྱེད་བཞིན་གནས་ཚུལ་ཚང་མ་ཨ་ནེ་ལ་བཤད་པ་ཡིན་མོད།  ཨ་ནེས་ང་ལ་བཙན་གཡེམ་ཐེབས་པར་དོ་སྣང་དེ་འདྲ་བྱེད་ཀི་མི་འདུག  ཕལ་ཆེར་མོ་རང་ལ་ཡང་བཙན་གཡེམ་ཐེབས་མྱོང་བ་འདྲ། 

དྲི་བ།  དེས་ན་ཁྱོད་ཀྱིས་གནས་ཚུལ་དེ་ཁྲིམས་ལ་ཅིའི་ཕྱིར་མ་གཏུག་པ་ཡིན། 

དྲིས་ལན།  ཁྲིམས་ལ་གཏུག་ས་ཞིག་ཡོད་པ་ངས་མི་ཤེས་ལ་ཇི་ལྟར་གཏུག་དགོས་པ་ཡང་མི་ཤེས།

དྲི་བ།  གལ་ཏེ་ཁྱོད་ལ་རོགས་བྱ་མཁན་ཞིག་ཡོད་ན་ཁྱོད་ཀྱིས་ཁྲིམས་ལ་གཏུག་རྒྱུ་ཨེ་ཡིན། 

དྲིས་ལན།  ད་དོན་དག་ཡོད་ཚད་ཚར་སོང་བས་གལ་ཏེ་ཁྲིམས་ལ་གཏུག་ནས་ཁྲིམས་ཐག་བཅད་ན་ཨ་ནེ་ཡང་སྙིང་མ་རྗེ།  ད་སྐྱུར་ཞོག 

དྲི་བ།  གལ་ཏེ་ཁྱོད་ལ་བཙན་གཡེམ་བྱེད་མཁན་དེ་ཁྱོད་ཀྱི་ཁྱིམ་མི་མིན་ན་ཁྱོད་ཀྱིས་ཁྲིམས་ལ་གཏུག་རྒྱུ་ཨེ་ཡིན། 

དྲིས་ལན།  ངས་གཏུག་བསམ་ཡང་ཨ་ནེ་ལ་མ་དྲིས་པར་གཏུག་ཐག་མི་ཆོད་ཀི་ཟེར།

 ད་ཐེངས་བུ་མོ་སྒྲོལ་མར་བཙན་གཡེམ་ཐེབས་པའི་གནས་ཚུལ་འདིར་དཔག་ན་ཁྱིམ་ཚང་ནང་གི་བཙན་གཡེམ་དང་དྲག་སྤྱོད་ནི་ད་དུང་བོད་ཀྱི་ཡུལ་ཕྱོགས་སོ་སོ་ན་སྔར་བཞིན་གནས་ཡོད་པ་མཚོན་ལ།  དེ་ལས་ཀྱང་བཙན་གཡེམ་བྱེད་མཁན་ཕལ་ཆེ་བ་ནི་རང་གི་གཉེན་ཉེ་དང་ནང་མི་དག་རེད།  འོན་ཀྱང་བཙན་གཡེམ་གྱི་གནས་ཚུལ་ལ་དོ་སྣང་བྱས་དེ་ཁྲིམས་ལ་གཏུག་མཁན་ནི་ཉིན་མོའི་སྐར་མ་བཞིན་རེད།   ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ན་བཙན་གཡེམ་ཐེབས་པ་མང་ཡང་དེ་ལ་དོ་སྣང་མི་བྱེད་དོན་ཅི་ཡིན་ནམ།  མ་གཞི་དྲི་བ་འདི་ནི་རྙོག་འཛིང་ཆེ་བའི་དྲི་བ་ཞིག་ཡིན་ལ་མི་སྒེར་གྱི་གནས་སྟངས་མི་འདྲ་བས་དྲིས་ལན་ཡང་སྣ་ཚོགས་ཡོང་ན་ཐང་མོད།  ང་རང་གི་ལྟ་ཚུལ་ལ།  མདོར་བསྡུས་ན་དོན་ཚན་གསུམ་ལ་འདུ་བ་འདྲ།  ༡ མ་གཞི་བོད་ཀྱི་སྐྱེས་མ་ཚོར་རང་སྲུང་གི་ནུས་པ་ཞན་པ་དང་།  ༢ཁྱིམ་བདག་ཚོ་ཁྲིམས་ལ་རྨོངས་པས་བཙན་གཡེམ་གྱི་ནག་ཉེས་ལ་ངོས་ཟིན་ནམ་དོ་སྣང་མེད་པ།  ༣ བོད་ཀྱི་སྤྱི་དམངས་ཀྱིས་བུད་མེད་ཀྱི་ལས་དབང་ལ་མཐོང་ཆེན་ནམ་དོ་ཁུར་མི་བྱེད་པ་བཅས་སུ་འདུ་བ་འདྲ།   དུས་རབས་ཉེར་གཅིག་པ་ནི་མ་གཞི་དཔལ་ཡོན་དར་བའི་དུས་རབས་ཤིག་ཡིན་མོད།   ང་ཚོ་ཁ་བ་གངས་ཅན་པའི་སྤྱི་ཚོགས་ནང་ན།  ན་ནིང་བཅུ་བའི་ཉེར་གསུམ་གྱི་བྲག་འགོའི་ཚེ་དབང་ལྷ་མོའི་དོན་དག་དང་།  ད་ལོའི་དགུ་བའི་བཅུ་བཞིའི་ཁྲོ་སྐྱབས་ལྷ་མོའི་དོན་དག་སོགས་ད་དུང་བུད་མེད་དམར་གསོད་དང་།  གཅར་རྡུང་། བརྙས་བཅོས།  དམན་ལྟ།  ཟུར་གཅོད། བཙན་གཡེམ་སོགས་ཀླ་ཀློའི་དུས་རབས་ཀྱི་མཚོན་རྟགས་མང་པོ་སོར་གནས་སུ་ཡོད་པ་འདི་ནི་ཅི་འདྲའི་སེམས་སྐྱོ་དགོས་པའི་དོན་དག་ཅིག་རེད་ཨང་། 

ཞེས་གངས་ཅན་ཕ་མའི་བདེ་ཐང་འདྲི་རྨེད་ཞབས་ཞུ་ལྟེ་གནས་དང་ཁ་བའི་བུ་མོའི་བདེ་ཐང་འདྲི་རྨེད་ཞབས་ཞུ་ལྟེ་གནས་ཚང་གི་རྒྱུན་ལས་པ་ཨ་གླག་རྒོད་ཀྱིས2020/10/21བྲིས། 


བཟའ་ཟླ་ངན་པའི་དྲག་སྤྱོད་ཐབས་སྡུག

གངས་ལྗོངས་བུ་མོ། (ཁམས་རྫ་སྟོད)


དུས་ཀྱི་རླབས་རྒྱུན་ནི་སུས་ཀྱང་འགོག་ཏུ་མེད་པར་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་ལ།  ལྷག་ཏུ་སྣོད་བཅུད་འཆམ་མཐུན་དང་ཕོ་མོ་འདྲ་མཉམ།  གུས་བརྩིའི་ཀུན་སྤྱོད་ནི་ཤེས་ལྡན་མི་སྣའི་ལམ་སྟོན་བརྒྱུད།  དེང་སྐབས་ཡུལ་ལུང་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར།  ཤར་ནུབ་ཀྱི་འགྲོ་མི་ཡོངས་ཀྱི་སེམས་ཁམས་སུ་ཁྱབ་དང་ཁྱབ་བཞིན་པའི་གནས་སྐབས་སུ།  གྲོང་གསེབ་དང་མཐོ་སྒང་གི་ཞིང་འབྲོག་ཁག་ཏུ་ཁྱོ་གས་ཆུང་མ་དམར་གསོད་བྱས་པའི་གཏམ་རྒྱུད་ཡ་ང་བ་དང་།  ཁྱོ་གས་ཆུང་མ་གཅར་རྡུང་དང་ཐུབ་ཚོད་བཏང་བའི་གནས་ཚུལ་འདི་དག་བརྡ་འཕྲིན་གྱི་འགྲེམ་སྒོ་བརྒྱུད་དེ་འཛམ་གླིང་མི་སྣའི་མིག་མདུན་དུ་བཤམས་སྟོན་བྱས་ན།  རང་མི་རིགས་ཀྱི་དབུ་རྣ་སྨད་ཅིང་།  རླབས་ཆེན་གྱི་མ་ཡུམ་དག་ལ་དྲིན་བཟོའི་ཀུན་སྤྱོད་དང་རྒྱབ་འགལ་དུ་སོང་བའི་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་ཅི་ལ་མིན།  ངས་འདི་ལྟར་འོ་དོད་བྱ་དོན་ནི།   ཉམ་ཆུང་བའི་བུད་མེད་དག   བསོད་ནམས་ཟད་པའི་ལས་ངན་མ།   མི་ཚེ་སྡུག་གིས་མནར་ཞིང་།   འཚོ་གནས་ཀྱི་གར་སྟེགས་ནས་རྡོག་སྣེ་ལོག་ལམ་དུ་ཤོར་བའི་ཡུམ་ཆེན་དག་ལ་མྱ་ངན་ཞུ་བ་དང་།   དུས་མ་འོངས་པའི་སྐྱེས་མ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཉེན་བརྡ་ཐེངས་གཅིག་བཏང་ན་འདོད་པས་ཡིན།  སྤྱིའི་ཆ་ནས་བཤད་ན།  ཟ་མ་མོའི་སྐྱིད་སྡུག་ནི།  གངས་མ་ཆར། རྟ་མ་བོང་།  ཤི་མ་གསོན།    ངུ་མ་དགོད་ཀྱི་ལོ་རྒྱུས་ཆ་ཚང་བ་ཞིག་ལྕེ་རྩེས་འཆད།  སྨྱུག་རྩེས་འབྲི་ན།  ཡ་ང་ཞིང་། ཡི་མུག་པ།  སེམས་རབ་ཏུ་ཕམ་པའི་གཏམ་རྒྱུད་ཁྲག་དྲིས་ལུང་པ་གང་ཞིང་མིག་ཆུའི་བ་མཚོ་འཁྱིལ་འགྲོ།  ཀྱེ་མ། ལྷག་ཏུ་འདིར་གསལ་ཁ་གཏོད་དགོས་པ་ཞིག་ལ་དེང་སང་བཟའ་ཟླ་ངན་པའི་རིགས་གཅིག་གིས་རྒྱལ་ཁབ་ཀྱི་ཁྲིམས་བཤིགས།  མི་རིགས་ཀྱི་ལ་རྒྱ་དོར།   སྐྱེས་པ་ཕོ་ཚོགས་ཀྱི་རྐང་འདྲེན་ཁག་གཅིག་གིས།  རང་རང་གི་མི་ཚེའི་སྐྱ་ཡ་དག་ལ་ངུ་བྲོ་བའི་དྲག་སྤྱོད་ཀྱིས་ལས་འགུལ་གྱི་རྒྱུན་བསྲིངས་ཤིང།  རང་གི་ཆུང་མའི་སྐེ་རྩ་བྲེགས།  སྙིང་ཤ་ཕུག  བྲང་ཁ་གཤགས།  ནུ་འབུར་བཅད། མིག་དྲུས།  སྣ་བྲེགས།  ཞལ་རས་ལ་ཁྲམ་ཁ་གཏོད།  སྐུ་ལུས་ལ་འབར་རྫས་གཏོར།  ལང་ཚོའི་གཟི་བྱིན་བཅོམ།  མི་ཚེའི་མདུན་ལམ་བསྣོགས།   ཚེ་ཡི་དར་ཐག་བཅད།  དབུགས་ཀྱི་རྒྱུ་ལམ་བཀག  རང་དབང་ལ་རྡོག་བརྫིས་བཏང་ཚུལ་སོགས་བཤད་མི་ཕོད་པ།  བརྗོད་ཀྱིས་མི་ལང་བའི་གནས་ཚུལ་གང་མང་མང་ལྷགས་བཞིན་པ་ནི།  ལོང་བ་འཕྲོ་མས་རིག  འོན་པ་འཕྲོ་མས་གོ་རྟོགས་བྱུང་བ་སུས་མི་ཤེས།  དེ་འཕྲོར་ཁ་ཡི་སོ་ཕུད།  མགོ་ཡི་སྐྲ་བཏོགས།  ཤ་སྣག་དང་སྐྱི་མོ་མཉམ་དུ་མཐེབ་མཛུབ་བར་ནས་གཅུ་སྒྲིམ་གཏུགས་པ་སོགས་ནི་ལས་ཀ་ཆུང་ཆུང་ཡིན་ཚོད་དུ་འདུག་སྐད་མང་བས་ན་འདིར་གླེང་འཕྲོ་གཅོད་གཏོང་།  ཨུ་ཧུ་ཧུ།  སྐྱེས་མ་ཚོ།  མཛངས་མ་དག ཡུམ་ཆེན་ཡོངས།  ཟ་མ་མོ།  ཨ་མ་ཀུན་འདིར་དལ་ཅིག་གསོན་དང་།  འུ་ཚོའི་ལས་དབང་ལ་བསམ་གཞིགས་ཞིབ་མོ་གཏོང་།  རང་འདང་རང་གིས་རྒྱག  གཅིག་རྒྱབ་གཅིག་གིས་འཚོ།  གཅིག་སྡུག་ཀུན་གྱིས་འཁུར།  ཨེ་རེད། མ་བཟང་གི་བུ་མོ་ཚོ།  ཡིན་ཡ།  གནའ་སྔ་མོ་ཡིན་ན་ཀླ་ཀློའི་རྒྱལ་ཁབ་འགའ་དང།   ཁ་ཆེའི་ཡུལ་གྲུ་སོགས་ནས་བུད་མེད་ལ་དྲག་སྤྱོད་ཆེ་བའི་གནས་ཚུལ་ཚད་མེད་ཡོད་པའི་གཏམ་རྒྱུད་ངུ་བྲོ་བ་མང་པོ།  རླུང་དམར་བཞིན་ལྡང་།   བུ་ཡུག་ལྟར་འཚུབས་ཡོད།  དེང་སང་ནི་སྤྱིར་མདོ་དབུས་ཁམས་གསུམ་ལ་བཟའ་ཟླའི་བར་ཕོ་ཡིས་མོ་ཐོག་ཏུ་དྲག་སྤྱོད་སྤེལ་བའི་གནས་ཚུལ་ཚབས་ཇེ་ཆེ།  རུ་ཇེ་ངར། དཔུང་ཇེ་མཐུག   ཐབས་ཇེ་རྡུགས་སུ་སོང་ཞིང་།  ལྷག་ཏུ་ཁམས་པ་དང་ཨ་མདོའི་ཕྱོགས་དག་ལས་ཧ་ཅང་གི་ཡ་ཇེ་ང་།  ཡི་ཇེ་མུག་གི་གནས་ཚུལ་འབྱུང་གིན་འདུག་པ་འདིའི་རིགས་ལ་ངེས་པར་དུ་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་རྣམ་པ་དང་།  ལྷག་ཏུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་བཀོད་སྒྲིག་ལྟར་དུ།   སྲིད་གཞུང་རིམ་པའི་ལས་སྒྲུབ་ཉེན་རྟོག་པ་ཡོངས་ཀྱིས་ཉམ་ཆུང་བའི་བུད་མེད་དེ་དག་གི་ལས་དབང་དང་གནས་བབ།  ཚེ་སྲོག་གི་རིན་ཐང་སོགས་ལ་ཞིབ་གཟིགས་གནང་ནས་ཐུགས་འདང་རྒྱག་ཞོར།  ཚ་ཚ་འུར་འུར་གྱིས་ནག་ཅན་དེ་དག་ལ་ཉེས་ཁྲིམས་ཐག་ཆོད་རང་བཞིན་ཅན་ཞིག་ཡོང་བའི་རེ་བ་དང་འབོད་སྐུལ་རང་འབངས་ཀྱི་བུད་མེད་ཁྱོན་ཡོངས་ནས་ཞུ་དང་ཞུ་བཞིན་ཡོད།  ཡང་གཅིག་བཤད་ན།  འགྲོ་བ་མིའི་རིགས་ཀྱི་ཞིང་ས་ལྟ་བུ་རླབས་ཆེན་གྱི་མ་ཡུམ་ཡོངས་ལ།  ཕོ་མཆོག་མོ་དམན་གྱི་ལྟ་ངན་དང་སྲོལ་ངན་ཞིག་གདོད་མའི་སྤྱི་ཚོགས་ཀྱི་དོར་ས་ནས་ཤི་བླ་འཁྱམས་ཡོང་བའི་རྣམ་པ་ཅན་འདིའི་རིགས་ལ་དགག་པ་ནན་མོ་རྒྱག་དགོས་པ་ལས་ཕྱི་འགྱང་མི་རུང་བས་ན།  ངེས་པར་དུ་དུས་རབས་ཉེར་གཅིག་པ་འདིའི་ནང་དུ་འཛོམས་པའི་ང་ཚོ་བུད་མེད་ཁྱོན་ཡོངས་ནས་ཁུ་ཚུར་ཨམ་གཙིགས་མཉམ་བསྡམས་ཀྱི་སྒོ་ནས།  སྤྱིར་འགྲོ་མི་ཡོངས་ཀྱི་ཆགས་འཇིག་ལ་འབྲེལ་བ་ཡོད་པར་ཤེས་པ་དང་།  ལྷག་པར་དུ་བུད་མེད་རང་ཉིད་ཀྱིས་གཅེས་ཤིང་དམར་བའི་ཚེ་སྲོག་སྐྱོབ་མི་ཐུབ་པའི་གནས་ཚུལ་འདི་དག་ནི་ཧ་ཅང་འཇིགས་སུ་རུང་བའི་གནས་བབ་ཡིན་པ་ཚོར་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེ་ཡིན་པར་དགོངས་དགོས་པར་མ་ཚད།   མདོ་དབུས་ཁམས་གསུམ་ལ་བྱུང་དང་འབྱུང་བཞིན་པའི་བཟའ་ཟླའི་བར་དུ་དྲག་སྤྱོད་ཀྱི་གནས་ཚུལ་དག་ལ་འཐབ་རྩོད་མུ་ནས་མུ་རུ་རྒྱག་དགོས་པ་ནི།  མགོ་ལ་ཀླད་པ། སྙིང་ལ་ཁྲག་ཟིལ།  བེམ་གོག་ལ་རྣམ་ཤེས་ཡོད་མཁན་ཞིག་ཡིན་ན་ཅིས་མི་ཚོར།  ཉེ་བའི་ལོ་ཤས་ཀྱི་རིང་དུ་ཡུལ་ཤུལ་ཁུལ་དང་ཁྱད་པར་དུ་རྫ་ནང་གཉིས་ལ་རང་གི་ཁྱོ་གས་ཆུང་མར་གཅར་རྡུང་དང་དྲག་སྤྱོད་ཧ་ཅང་ཚབས་ཆེན་ཡོད་པ་མངོན་པར་མ་ཟད།  མཐར་ཉམ་ཆུང་བའི་བུད་མེད་འགས་གཅེས་པའི་ཚེ་སྲོག་ཤོར་སོང་བའི་གཏམ་རྒྱུད་མི་ཉུང་བ་བཞག་མ་སོང་ངམ།   རླབས་ཆེ་བའི་ཡུམ་ཆེན་ཚོ།   ཡ་ང་བའི་བུད་མེད་འགའ།   རང་གིས་སྙིང་བཞིན་གཅེས་པར་བསྐྱངས་སའི་ཁྱོ་གས་མཛེས་ཤིང་ལྟ་ན་སྡུག་པའི་སྐུ་ལུས་དེ་རལ་གྲིའི་སོ་ཁར་དྲངས་ཏེ་ཤི་ཡུལ་བརྫངས་པའི་ཉམ་ཆུང་བའི་བུད་མེད་དག  ཨ་ཤུ་རེ། མཛངས་མ་ཚོ།  སྔར་དཔྱད་ཕྱིར་འདང་གྱི་སྒོ་ནས།  ར་མདའ་ཡ། ར་མདའ།  རྗེས་དྲན་དང་མིག་ཆུ།  སྙིང་སྟོབས་དང་སྤོབས་པ་ལ་འུ་ཚོས་ངེས་པར་དུ་ངར་བླུད་དགོས།  རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ལ་མིག་ཅེར།  གདོང་གཏད། གོམ་པ་སྤོ།  མདུན་ལམ་བཙལ།  གྲོགས་ལ་བསྟུན།  བདེན་པར་དད། དཔལ་ལ་སྨོན།  རིག་གནས་ལ་བརྩོན་དགོས།

         2020–10–22ཉིན།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།