ཕྱི་དྲན་ཁྲོད་ཀྱི་བལ་ཡུལ།(རྡོ་རྗེ་ཚེ་སྲུང་གི་ཟིན་བྲིས་ཁག་གཉིས)

652


ང་བལ་ཡུལ་དུ་སྡོད་པའི་རིང་ལ་གནས་ཚུལ་ཁྱད་མཚར་ཁ་ཤས་ཤིག་མཐོང་བའི་ནང་ནས་གཅིག་ནི་རང་རེ་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་དང་ལྷ་འབེབས་པ་སོགས་དང་ཆ་འདྲ་བའི་ལྷ་མོ་ངོས་འཛིན་སྲོལ་དེ་རེད། ལྷ་མོ་དེའི་མིང་ལ་ཀུ་མ་རིའམ་ཀུ་མ་རི་དྷེ་ཝི་ཟེར། ཀུ་མ་རི་ཟེར་བ་དེ་སྤྱིར་བཏང་གིས་གྲོང་ཆོས་ཀྱིས་མ་གོས་པའི་བུད་མེད་ཀྱི་མིང་ཡིན་མོད་དམིགས་བསལ་གྱི་ལྷ་མོ་དུརྒའི་མཚན་ཡིན་ཟེར། ཀུ་མ་ར་དང་ཀུ་མ་རི་ནི་བོད་སྐད་དུ་གཞོན་ནུ་དང་གཞོན་ནུ་མར་བསྒྱུར་འདུག དེ་ཡང་བལ་ཡུལ་གྱི་གྲོང་ཁྱེར་མང་པོར་ལྷ་མོ་དུརྒའི་སྐུ་རྟེན་རེ་ཡོད་ཀྱང་སྐད་གྲགས་སམ་གལ་གནད་ཆེ་ཤོས་དེ་ནི་རྒྱལ་པོ་ཚང་གི་མཆོད་གནས་ཀུ་མ་རི་དེ་རེད། ལྷ་མོའི་སྐུ་རྟེན་ལྟ་བུ་དེ་འདེམས་སྟངས་ལ་ཆོས་ལུགས་ཀྱི་ཆོ་ག་དང་བརྟག་ཐབས་མང་པོ་ཞིག་བརྒྱུད་དགོས་ཟེར། ངེས་པར་དུ་ཡང་བུ་མོ་གཞོན་ནུ་མ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཚང་བ་ཞིག་དགོས། ནེ་ཝ་རིའི་རིགས་ཀྱི་ནང་ཚན་ཤཱཀྱའི་རིགས་ལས་བྱུང་བ་ཞིག་དགོས། ནད་གཞི་ཚབ་ཆེན་མེད་པ་ཞིག་དགོས། ལུས་ལས་ཁྲག་མང་པོ་བཞུར་མ་མྱོང་བ་ཞིག་དགོས་པ་སོགས་འོས་ཆོས་ཀྱི་རྣམ་གྲངས་རིང་པོ་ཞིག་འདུག

དེ་ཡང་བལ་ཡུལ་གྱི་ཧིན་དྷུའི་རྗེས་འབྲངས་བ་དང་ནང་པ་མང་པོས་ཀྱང་གུས་ཤིང་མཆོད་གནས་སུ་འཛིན། ངས་སྐབས་དེར་ལྷ་མོའི་སྐུ་རྟེན་དེ་མཇལ་བའི་འབད་པ་ཐེངས་མང་བྱས་ཀྱང་དོན་འབྲས་ཐོན་མ་སོང་། རྒྱལ་པོ་ཚང་གི་མཆོད་གནས་སྐུ་རྟེན་དེའི་བཞུགས་གནས་ལ་ཀུ་མ་རིའི་སྒར་ཟེར་ཞིང་བལ་ཡུལ་རྒྱལ་ས་རྙིང་པའི་དབུས་སུ་ཕོ་བྲང་ཆེན་པོ་ཞིག་འདུག ཉིན་ཞིག་ལ་སྔོན་ནས་གྲ་སྒྲིག་བྱས་པ་བཞིན་ལྷ་མོའི་ཕོ་བྲང་དུ་བཅར་ཐུབ་སོང་། སྐབས་དེར་ང་གཅིག་པོ་མ་རེད། རྒྱ་གར་བ་དང་། བལ་པོ། ཕྱི་གླིང་པ་བཅས་མི་མང་པོ་ཞིག་ཡོད། ལྷ་མོའི་ཉེ་གནས་ཀྱིས་ང་ཚོར་ཕོ་བྲང་དབུས་ཀྱི་ར་སྐོར་ནང་དུ་སྒུག་བཅུག་སོང་། མི་འགྱང་བར་ཤིང་བརྐོས་འབུར་རིས་གཏིང་ཟབ་མོ་ཅན་གྱི་སྒེའུ་ཁུང་ཞིག་གི་ནང་ནས་བུ་མོ་ཆུང་ངུ་གྱོན་ཆས་དམར་པོ་གྱོན་མཁན་ཞིག་གི་གདོང་པ་ཕྱིར་མངོན་བྱུང་། ཡར་བལྟས་ཚོད་ལ་ངོ་ལྔ་ཟིན་ཙམ་ལོས་ཡིན་སྙམ་པ་ཞིག་འདུག མོའི་གདོང་པ་ཆུང་ཆུང་དེའི་མིག་གི་སྟེང་ནས་ཡར་རི་མོ་ནག་པོ་སྦོམ་པོ་ཞིག་སྨིན་མའི་ཚུལ་དུ་ཐོད་པའི་སྟེང་དུ་བྲིས་འདུག ང་ཚོས་ལག་པས་ཐལ་མོ་སྦྱར་ནས་ན་མ་སི་ཏེ་ཞེས་བརྗོད་ནས་མགོ་བསྒུར་བ་ཡིན། བུ་མོ་ཆུང་ཆུང་དེས་འཛུམ་བསྟན་ནས་ཅུང་ངོ་ཚ་བའི་ཉམས་ཀྱིས་ལག་པ་ཡར་བཀྱག་ནས་གཡུག་གཡུག་ཅིག་བྱས་ནས་ཕར་འཁོར་སོང་།

དེ་ནས་ཕྱིར་ང་ཚོའི་མིག་ལམ་ལ་གཏན་ནས་མངོན་མ་སོང་། ངའི་རེ་བ་ཚང་མ་སྟོང་ཟད་དུ་ཕྱིན་སོང་། ཡིན་ན་ཡང་ངས་བློས་མ་བཏང་བར་འབད་བརྩོན་གྱི་བསམ་བློ་བཏང་། ག་ཚོད་བསམ་ན་ཡང་ལྷ་མོའི་ཉེ་སར་བཅར་བའི་ཐབས་བཀོད་ཅིག་མི་འདུག དེར་ངས་ཐབས་ལམ་གཞན་ཞིག་སེམས་ལ་འཁོར། དེ་ནི་སྔོན་དུ་སུ་ལྷ་མོའི་སྐུ་རྟེན་བྱེད་མྱོང་མཁན་གྱི་སྐུ་རྟེན་ཟུར་བ་ཞིག་ལ་མཇལ་ཐབས་བྱ་རྒྱུ་དེ་རེད། དེར་ངས་བཙལ་བཙལ་བའི་ཐ་མ་ལ་ར་ཤི་མིས་ལ་ཤཱཀྱ་ཟེར་བའི་ལྷ་མོའི་སྐུ་རྟེན་ཟུར་པ་ཞིག་རྩད་ཆོད་སོང་། གྲོགས་པོ་ཞིག་གིས་གྲོགས་པོ་གཞན་ཞིག་བརྒྱུད། དེའི་གྲོགས་པོ་ཞིག་ལྷ་མོའི་སྐུ་རྟེན་ཟུར་པ་དེའི་གཉེན་ཚན་དུ་གཏོགས་པ་ཞིག་ཡིན་འདུག་པས་ངས་ཁོང་ཚོར་གསོལ་སྟོན་ཐེངས་གཉིས་གསུམ་ཞིག་བཤམ་རྗེས་སུ་སྐུ་རྟེན་ཟུར་པ་མཇལ་ཐབས་བྱེད་པར་ཁས་བླངས་སོང་། ཕྱི་ལོ་༢༠༠༢པའི་ཟླ་༣པའི་ཚེས་གཅིག་ཉིན་གྱི་ཞོགས་པར་ངའི་བལ་བོ་གྲོགས་པོ་པུར་ཀ་ཤི་ཤཱཀྱ་ཡིས་ཁ་པར་འབྱོར་སོང་། དེར་ཁོས་ར་ཤི་མིས་ལ་ཤཱཀྱའི་ཁྱིམ་ཚང་གི་ཁང་པ་རྒྱལ་ས་རྙིང་པའི་དཀྱིལ་ན་ཡོད་པས་དེར་ཤོག་ཟེར། ང་གླ་འཁོར་ཞིག་ལ་བསྡད་ནས་ཕྱིན། རྒྱལ་ས་རྙིང་པར་ངེད་གཉིས་ཐུག དེར་ཁོས་ང་ལ་དགོས་འདུན་གཉིས་བཏོན་བྱུང་། གཅིག་ནི་ལྷ་མོའི་སྐུ་རྟེན་ཟུར་པ་ར་ཤི་མིས་ལ་ལག་རྟགས་བརྔན་པ་ཞིག་སྤྲོད་དགོས་པ་དང་། གཉིས་ནས་མོར་མ་འོངས་པར་ཆང་ས་རྒྱག་འདོད་ཡོད་མེད་སྐོར་གཏན་ནས་མ་འདྲི་ཟེར་བ་དེ་རེད།

དེར་ངས་ལག་རྟགས་རྔན་པ་ལྟ་བུར་པ་ཤི་མེ་ནའི་རྐེ་དཀྲིས་དམར་པོ་ཆུང་ཆུང་ཞིག་ཉོས་ནས་མོའི་ཁང་པར་འཛུལ། ར་ཤི་མིས་ལ་ཤཱཀྱ་ནི་ཁང་པ་བཟོ་སྟངས་རྙིང་པ་ཤེལ་ཁྲ་མེད་པའི་སྒེའུ་ཁུང་གི་མཐའ་རུ་ཤིང་བརྐོས་འབུར་རིས་ཡོད་པ་ཞིག་གི་ནང་དུ་བསྡད་འདུག སྲང་ལམ་དོག་པོ་དེ་ནས་ཡར་བྱིས་པའི་རྩེད་དགོད་ཀྱི་ཀུ་ཅོས་ཁང་མིག་དེའི་ལྷིང་འཇགས་དཀྲོག་ཡོང་གི་འདུག མོས་ཀུར་ཏ་ཞེས་པའི་བུད་མེད་ཀྱི་གྱོན་གོས་དཀྱུས་མ་དང་དེ་དང་ཆ་འགྲིགས་ཀྱི་སྨད་གོས་དོར་མ་ལྷུག་ལྷུག་ནག་པོ་ཞིག་གྱོན་འདུག ཁང་པའི་གྱང་ངོས་སུ་མོ་རང་ལྷ་མོ་དུརྒའི་སྐུ་རྟེན་ཡིན་སྐབས་ཀྱི་ཆ་ལུགས་རྒྱན་ཆས་གསེར་གྱི་དབུ་རྒྱན་ཆེན་པོ་དང་། རིན་པོ་ཆེའི་སྟོད་རྒྱན་འབར་འབུར་ཅན། ཐོད་པ་ལ་ཚོན་དམར་པོས་བྱུགས་པའི་དབུས་སུ་གསེར་གྱི་སྤྱན་མིག་བྲིས་པ་སོགས་བརྗིད་ཉམས་དང་རྒྱས་སྤྲོས་ཆེ་བའི་འདྲ་པར་ཆེན་པོ་ཞིག་པར་སྒྲོམ་ནང་དུ་བཤམ་འདུག དེར་མོ་རང་ལྷ་མོའི་སྐུ་རྟེན་དུ་ཅི་ལྟར་གྱུར་ཚུལ་གླེང་བྱུང་། ར་ཤི་མི་ལ་བྱིས་པ་དཀྱུས་མ་ཞིག་ཡིན་ཡང་ཕྱི་ལོ་༡༩༨༤ལོར་རྒྱལ་པོའི་མཆོད་གནས་ལྷ་མོའི་སྐུ་རྟེན་དེའི་རང་གི་དུས་ཚོད་ཡོལ་ལ་ཉེ་བའི་རྟགས་བསྟན། ལྷ་མོའི་སྐུ་རྟེན་ཉེ་གནས་ཀྱི་དེ་ལུགས་རྒྱལ་ཁང་གི་མཆོད་གནས་བྲམ་ཟེ་ཚོར་སྙན་ཞུ་ཕུལ། བྲམ་ཟེ་ཚོས་སྐབས་དེའི་རྒྱལ་པོ་བྷི་རན་དྷ་ར་ལ་ཞུས། རྒྱལ་པོའི་ཕོ་བྲང་གི་སྐར་རྩིས་པ་ཚོས་བཀྲ་ཤིས་པའི་ཉི་མ་ཞིག་བདམས་ནས་ལྷ་མོའི་སྐུ་རྟེན་འདེམས་པའི་འཆར་གཞི་བཏིང་ནས་རྩད་འཚོལ་གྱི་མགོ་བཙུགས། ལྷ་མོའི་སྐུ་རྟེན་གྱི་ཉེ་གནས་ཇུ་ཇུ་བྷའེ་ཞེས་པ་དེ་ར་ཤི་མིས་ལའི་མ་དང་ཐུག་ནས་མོའི་ལོ་བཞི་ལ་སོན་པའི་བུ་མོ་དེ་འོས་གཞིའི་ནང་དུ་ཞུགས་དགོས་སྐོར་བརྗོད། དེ་ནས་གང་ཞིག་བྱུང་མིན་སྐོར་མོས་དྲན་གྱིན་མི་འདུག་ཟེར།

བརྗོད་འདོད་མེད་པ་ཡིན་ནམ་གང་ལྟར་ཡང་འོས་འདེམས་ཀྱི་བརྒྱུད་རིམ་ཞིབ་པར་གླེང་མ་སོང་། ཡིན་ན་ཡང་ངས་ཕྱི་རྒྱལ་བ་སྐར་རྩིས་རིག་པ་བ་དང་ལྷ་མོའི་སྐུ་རྟེན་སྐོར་ལ་ཆེད་སྦྱོང་བྱ་མྱོང་མཁན་ཞིག་ལ་འདྲི་རྩད་བྱས་པར་ཁོས་འདི་ལྟར་བཤད་བྱུང་། ལྷ་མོ་འོས་འདེམས་ཀྱི་བརྒྱུར་རིམ་ནི་ཐོག་མར་རྒྱལ་ཁང་གི་མདུན་ན་འདོན་ཞེས་པའི་བྲམ་ཟེ་དང་སྐར་རྩིས་པ་ཚོས་ལྷ་མོའི་འོས་གཞི་ཚང་མ་ཕོ་བྲང་རྙིང་པའི་ནང་དུ་བཀུག ལུས་ལ་མཚན་སུམ་ཅུ་རྩ་གཉིས་ཚང་མིན་སོགས་བརྟག སྐར་རྩིས་པ་ཚོས་བུ་མོ་དེའི་སྐྱེས་པའི་སྐར་མ་དེ་སྐབས་དེའི་རྒྱལ་པོའི་སྐར་མ་དང་མཐུན་མིན་བརྟག ད་དུང་དེ་ཙམ་གྱིས་འགྲིགས་སོང་བ་ཞིག་ག་ལ་ཡིན། ཆེས་གསང་བའི་བརྟག་ཐབས་དེ་ནི་དྷ་ཤེན་ཞེས་པའི་དུས་ཆེན་གྱི་ཉིན་བརྒྱད་པར་བུ་མོ་ཆུང་ཆུང་དེ་ཕོ་བྲང་རྙིང་པའི་ར་སྐོར་ཆུང་ངུ་ཞིག་ཏུ་ཁྲིད། དེར་དམར་མཆོད་ཀྱི་ཆོ་ག་ཆེན་པོ་བྱས། ར་དང་། མ་ཧེ་དང་། བྱ་དེ་སོགས་སྲོག་ཆགས་མང་པོ་ཞིག་བསད་ནས་དྲག་ཏུ་ཁྲོས་པའི་ལྷ་མོ་དརྒ་ལ་མཆོད་པ་བྱ།

སྐབས་དེར་ར་སྐོར་ཆུང་ངུ་དེར་འོད་ཀྱི་གསལ་ཆ་ཆུང་ཞིང་གང་སར་ཁྲག་གིས་གོས་ཡོད་པས་བྱིས་པ་ཕལ་པ་ཚོར་སྐྲག་སྣང་འབྱུང་ངེས་པ་ཞིག་ཡིན། ལྷ་མོའི་སྐུ་རྟེན་ལ་འོས་པའི་བྱིས་པ་དེས་འཇིགས་པའི་རྣམ་འགྱུར་མི་སྟོན་པ་དེ་ནི་ཤ་ལ་དགའ་ཞིང་ཁྲག་ལ་རྔམ་པའི་ལྷ་མོ་དུརྒ་ཞུགས་ཟིན་པའི་རྟགས་ཡིན་པས་སྐུ་རྟེན་ལ་འོས་པར་ཐག་གཅོད་པ་ཡིན་ཟེར། ར་ཤི་མིས་ལའི་ཁང་པའི་རྩིག་ངོས་སུ་པར་རིས་འདྲ་མིན་མང་པོ་སྦྱར་འདུག མོ་རང་སྐབས་དེར་ལོ་ཉེར་གཉིས་ཟིན་འདུག་ཅིང་གདོང་པ་མཛེས་པོ་དང་ཡང་ནས་ཡང་དུ་འཛུམ་མདངས་སྟོན། ལྷག་པར་ཡང་མོ་རང་ལྷ་མོའི་སྐུ་རྟེན་ཡིན་སྐབས་ཀྱི་གནས་ཚུལ་གླེང་སྐབས་གད་མོ་དང་འཛུམ་མདངས་སྦྲགས་ནས་བཤད། ང་ལོ་བཞི་ཡིན་པའི་དུས་ནས་ང་ནི་ཀུ་མ་རི་ཡིན་པ་དང་ང་ལ་དམིགས་བསལ་གྱི་ནུས་པ་ཞིག་ཡོད་པའི་ཚོར་བ་འདུག དེ་ཡང་ང་ནི་དམིགས་བསལ་བ་ཞིག་ཡིན་སྟབས་མི་ཚང་མས་ང་ལ་གུས་བརྩི་དང་ལོ་ན་རྒན་པ་ཚོས་ཀྱང་གུས་བརྩི་བྱེད་པས་ང་རང་ནི་མི་གཞན་དང་མི་འདྲ་བ་ཞིག་ཡིན་བསམ་གྱིན་ཡོད། ལྷག་པར་ཡང་རྒྱལ་པོ་ང་མཇལ་དུ་ཡོང་བ་དེས་ང་ལ་ནུས་པ་ཆེན་པོ་ཞིག་ཡོད་པར་ཚོར་གྱིན་ཡོད། ངའི་ཉིན་རེའི་བྱེད་སྒོ་དེ་ནི་དེ་ཙམ་བྲེལ་བ་ཆེ་བ་ཞིག་མིན།

ཞོགས་པ་ཆུ་ཚོད་དྲུག་པའི་སྟེང་ནས་ཆོས་ཀྱི་ཆོ་ག་བྱེད་དུ་འགྲོ། ཆུ་ཚོད་དགུ་པ་ནས་བཅུ་པའི་བར་དུ་དགེ་རྒན་ཞིག་གི་དྲུང་དུ་བལ་པོའི་སྐད་ཡིག་དང་། དབྱིན་ཡིག རྩིས་རིག་གི་རྨང་གཞི་སློབ་ཁྲིད་བྱེད། སྐབས་དེར་སློབ་སྦྱོང་འཛིན་གྲ་ཆུ་ཚོད་གཅིག་ལས་མེད་ཀྱང་དེང་སང་ཆུ་ཚོད་གསུམ་གྱི་དུས་ཚོད་བཟོས་ཡོད་ཟེར། གལ་སྲིད་ང་ལ་མཇལ་འཕྲད་བྱེད་མཁན་ཡོད་ན་ང་སྒེའུ་ཁུང་འགྲམ་དུ་འགྲོ་དགོས། མཇལ་འཕྲད་བྱེད་མཁན་ནི་ས་གནས་མི་མང་དང་ཕྱིའི་ལྟ་སྐོར་བ་མང་པོ་ཡོད། ལྷག་པར་ཡང་བྱིས་པ་ཆུང་ངུ་སྐད་ཆ་བཤད་མི་ཐུབ་པའི་སྐྱོན་ཡོད་པ་ཚོ་ཕ་མས་ཁྲིད་ནས་ང་ལ་དམིགས་བསལ་གྱི་བྱིན་རླབས་ཞུ་བར་ཡོང་། དེ་ཚོ་ང་ལ་མཇལ་དུ་ཡོང་སྐབས་ཉིན་སྔ་མོ་ནས་ཕ་མ་བསྙུང་གནས་ལ་བསྡད་དེ་བྱིས་པ་ཁྲིད་ཡོང་དགོས།

བྱིན་རླབས་ཞུ་སྟངས་ནི་ཆུ་གཙང་མ་ཞིག་གིས་ངའི་རྐང་བ་བཀྲུས་ནས་ཆུ་དེ་སྣོད་ཀྱི་ནང་དུ་ཉར་ཞིང་བྱིས་པ་དེའི་ཁར་བླུད་དགོས་པ་རེད། དེ་ཡང་ཐེངས་ཁ་ཤས་ཤིག་ལ་ནུས་པ་ཡག་པོ་ཐོན་སོང་། ད་དུང་ངས་དྲན་པ་ཞིག་ལ་བྱིས་པ་ཞིག་གི་མིག་ལ་སྐྱོན་འདུག དེ་ཡང་བྱིསཔ་དེའི་མིག་ཡག་པོར་ཕྱེ་ཐུབ་ཀྱིན་མི་འདུག ངའི་རྐང་བ་བཀྲུས་པའི་ཆུ་དེ་བྱིས་པའི་མིག་ལ་བྱུགས་ཤིང་ཁར་བླུད་པའི་བྱིན་རླབས་ཀྱིས་དྲག་སྐྱེད་ཡག་པོ་བྱུང་སོང་། དེ་ཡང་ཐེངས་གཅིག་གིས་ནུས་པ་ཐོན་པ་ཞིག་མ་རེད། ཉིན་ནས་ཉིན་མཐུད་དེ་འབད་ནས་རིམ་གྱིས་ཇེ་བཟང་དུ་ཕྱིན་པ་མཐོང་བས་ང་ཧ་ཅང་དགའ་བྱུང་། ང་རང་ཉིད་ལྷ་མོ་དངོས་གནས་ཤིག་ཡིན་པའི་ཚོར་སྣང་འདུག་ཟེར། སྐབས་དེར་ར་ཤི་མིས་ལའི་ཨ་མ་དེས་འཕྱར་གཟན་ནག་པོ་ཞིག་དཀྲིས་ནས་ཁང་པའི་ནང་དུ་འཛུལ་བྱུང་། ལག་གཉིས་ཐལ་མོ་སྦྱར་ནས་ན་མ་སི་ཏེ་ཟེར་ནས་ང་ལ་མཚམས་འདྲི་བྱས། དེར་ངས་མོ་ལ་ཁྱེད་ཀྱི་བུ་མོ་དེ་ལྷ་མོར་གྱུར་སྐབས་སུ་ཐོག་མར་ག་འདྲ་ཞིག་རེད་ཅེས་དྲིས། མོས། ངས་རང་གི་བུ་མོ་ཞིག་ཡིན་པ་ལྟ་བུར་གཏན་ནས་བཟུང་མེད། ང་ལ་ལྷ་མོ་ཀུ་མ་རི་དངོས་ཡིན་པའི་ཚོར་སྣང་བྱུང་ཟེར། སྐབས་དེར་བུད་མེད་ན་གཞོན་གཞན་ཞིག་ཁང་པའི་ནང་དུ་འཛུལ་ནས་ཁུ་སིམ་མེར་ལོགས་ཤིག་ཏུ་སྡོད་ཀྱིན་འདུག དེར་ངས་བུད་མེད་དེ་ནི་ར་ཤི་མིས་ལའི་སྲིང་མོ་རྒན་པ་དེ་ཡིན་པ་ཤེས། དེར་ངས་ཁྱེད་ཀྱི་སྲིང་མོ་ཆུང་ཆུང་ལྷ་མོར་གྱུར་སྐབས་ག་འདྲ་བྱུང་མིན་སྐོར་དྲིས།

མོས། ར་ཤི་མིས་ལས་གྱོན་ཆས་དམར་པོ་གྱོན་སོང་། སྐྲ་བསླས་སྟངས་བརྗེས་སོང་། མི་ཚང་མས་ཁྱོད་ཀྱི་སྲིང་མོ་ཆུང་ཆུང་དེ་དེ་རིང་ནས་ལྷ་མོར་གྱུར་པ་རེད་ཟེར། ཉིན་དེའི་ཞོགས་པར་མོ་རང་ངའི་སྲིང་མོ་ཆུང་ཆུང་དེ་རེད། ཡིན་ན་ཡང་ང་སློབ་གྲྭར་སོང་ནས་ཕྱིར་ཁྱིམ་དུ་སླེབས་སྐབས་ལྷ་མོར་གྱུར་ཚར་འདུག ཡིན་དང་ཡིན། ངས་ཀྱང་མགོ་བོ་སྒུར་སྒུར་གྱིས་གུས་འདུད་བྱས་པ་ཡིན་ཟེར། ཡང་བསྐྱར་ར་ཤི་མིས་ལས་གཏམ་གླེང་མཇུག་བསྐྱངས། ལོ་འཁོར་གཅིག་གི་རིང་གི་ངའི་དུས་ཚོད་སྤྲོ་སྣང་ཆེ་ཤོས་དེ་ནི་ཨིན་དྲ་ཅ་ཏྲ་ཞེས་པའི་དུས་ཆེན་དེ་ཡིན། ངའི་ཞལ་ཏ་མ་ཚོས་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་ངའི་གདོང་མཛེས་བཟོ་དང་གྱོན་གོས་རྒྱན་ཆས་སྤྲས། དེ་ནས་ང་ཁྱོགས་ཁྲིར་སྡོད། ར་མ་ནག་པོ་ཞིག་དམར་མཆོད་དུ་ཕུལ་ནས་ཁྲག་ཐིག་རྣམས་ཁྱོགས་ཀྱི་སྟེང་ལ་བྲན། དེར་མཆོད་པའི་ཆོ་ག་བྱེད་སྐབས་སུ་མཆོད་པའི་ཡོ་བྱད་མེ་ཏོག་དང་། ཤིང་ཏོག མཚལ་དམར་སོགས་རྒྱལ་པོའི་ཕོ་བྲང་ནས་འབྱོར་ཡོང་། སྤྲོ་སྣང་ཆེ་ཤོས་དེནི་ང་རྒྱུན་དུ་ཀུ་མ་རིའི་སྒར་ཞེས་པའི་ཕོ་བྲང་ལས་ཕྱིར་ཐོན་མི་ཆོག་ན་ཡང་དུས་ཆེན་དེའི་ཉིན་བཞིའི་རིང་ལ་ཕྱི་ལོགས་སུ་ཐོན་ནས་དུས་ཆེན་ལ་ཞུགས་ཤིང་རྒྱལ་པོ་དེར་ཕེབས་ཤིང་ངས་ཁོང་གི་དབུ་ཐོད་ལ་མཚལ་དམར་གྱི་ཐིག་ལེ་འགོད་དགོས་པ་རེད། ཕྱི་ལོ་༡༩༩༢ལོར་ར་ཤི་མིས་ལ་ལྷ་མོའི་སྐུ་རྟེན་གྱི་དུས་ཚོད་ཡོལ། སྐབས་དེར་མོ་ལོ་ན་བཅུ་གཉིས་སུ་སླེབས་ཤིང་ཐོག་མའི་ཟླ་མཚན་བབས། ལྷ་མོའི་སྐུ་ལས་མི་གཙང་བའི་རྟགས་མཚན་བསྟན་པ་དང་ལྷ་མོའི་སྐུ་རྟེན་གྱི་དུས་ཚོད་ཡོལ་བ་རེད། དེ་ཡང་ལུས་ཀྱི་ཁྲག་ཤོར་བ་ནི་དུས་ལས་ཡོལ་བའི་རྟགས་མཚན་ངོ་མ་དེ་རེད། སྐབས་དེར་ང་ལ་སེམས་ཚོར་སྣ་ཚོར་འདྲེས་མར་སྐྱེས་བྱུང་། ངས་མི་ལོ་བརྒྱད་ཀྱི་དུས་ཚོད་བསྐྱལ་སའི་ཀུ་མ་རིའི་སྒར་ལས་ཕྱིར་ཐོན་དགོས་པ་དེ་རེད།

ང་ལ་རང་ཉིད་ཀྱི་ཕ་མ་ཡོད་ཅིང་ངའི་ཕ་མ་གཉིས་ང་དང་འཕྲད་དུ་ནམ་ཞིག་ལ་ཡོང་ཡང་ཆོག་མོད་ཁོང་ཚོ་ཀུ་མ་རིའི་སྒར་དུ་ཞག་སྡོད་བྱེད་མི་ཆོག་པས་ངེད་ཚོའི་འབྲེལ་བ་དེ་ཙམ་ཉེ་བོ་ཞིག་མིན། ངའི་ཉེ་གནས་སམ་ཞལ་ཏ་བ་དེ་དག་ངའི་ཕ་མ་དངོས་གནས་ལྟ་བུའི་མཛའ་སེམས་ཞིག་ཡོད་པས་ཁོང་ཚོ་དང་ཁ་བྲལ་ནས་རང་གི་ཕ་མའི་གམ་དུ་ལོག་པར་སེམས་མི་བདེ་བ་ཞིག་འདུག ཀུ་མ་རིའི་སྐུ་རྟེན་གསར་པ་དེ་ཀུ་མ་རིའི་སྒར་དུ་ཁྲིད་ནས་སླེབས་བྱུང་། ང་ཚོ་མཉམ་དུ་བསྡད། མཆོད་པ་དང་ཆོ་ག་མཉམ་དུ་བྱས། དེ་ནས་ཀུ་མ་རི་གསར་པ་དེ་ངའི་ཚབ་དུ་བཞག་ནས་ང་ཕྱིར་རང་གི་ཕ་མའི་ཁྱིམ་དུ་ཁྲིད་སོང་ཟེར། སྐབས་དེར་མོའི་སྲིང་མོ་ཕ་ར་མིས་ལ་ད་དུང་ཡང་ཁང་མིག་དེའི་གྲུ་ཟུར་གཞན་ཕྱོགས་སུ་བསྡད་འདུག མོས་གླེང་མོལ་གྱི་མཇུག་མཐུད་སོང་། ར་ཤི་མིས་ལ་ཕྱིར་ཁྱིམ་དུ་འབྱོར་བའི་ཐོག་མའི་ཆར་རང་ཁྱིམ་གྱི་འཚོ་བར་གོམས་འདྲིས་ཡོང་བར་ཡུན་རིང་པོ་འགོར་སོང་། མོ་རང་ཀུ་མ་རི་ཡིན་སྐབས་སུ་ཕྱི་ལོགས་སུ་འགྲོ་སྐབས་རྐང་པ་གཉིས་ཀྱིས་སར་རེག་སྲོལ་ཡང་མེད་པར་ནམ་ཡིན་ཡང་ཁྱོགས་ཁྲིའི་སྟེང་དུ་བཏེགས་ནས་ཁུར་དགོས་པ་རེད། དེ་ཡིན་དུས་ཐོག་མར་སྲང་ལམ་དུ་གོམ་བགྲོད་ཀྱང་བྱེད་ཤེས་ཀྱིན་མི་འདུག སྲང་ལམ་དུ་འགྲོ་སྐབས་རྟ་རྒོད་ཅིག་གི་འགྲོ་སྟངས་ལྟ་བུ་ཞིག་རེད། དེ་བཞིན་དུ་མི་རྒྱུས་མེད་ཚོར་སྐད་ཆ་ཤོད་སྟངས་ཀྱང་མི་ཤེས་པས་ནམ་ཡིན་ཡང་ཁུ་སིམ་མེར་སྡོད་ཀྱིན་འདུག མོ་རང་ཕྱི་ལོགས་སུ་འགྲོ་བསམ་ཡང་འགྲོ་ལམ་མི་ཤེས་པའི་དཀའ་ངལ་བྱུང་སོང་ཟེར། ད་དུང་དེས་ག་ལ་ཚད། སློབ་སྦྱོང་གི་ཆ་ནས་མོ་རང་དང་ན་མཉམ་ཚོ་ལས་ལོ་རིམ་བཞི་རྗེས་སུ་ལུས་འདུག་པས་དེའི་རྗེས་ཆོད་པར་དཀའ་ངལ་བྱུང་འདུག ཡིན་ནཡང་ང་མོ་དང་འཕྲད་སྐབས་སུ་མོ་རང་སློབ་ཆེན་སློབ་མ་རེད་འདུག ཀ་ལི་ཀ་ཏར་འཛུགས་སྐྲུན་རིག་པ་སྦྱངས་བར་འགྲོ་འདོད་འདུག གང་ལྟར་མོ་རང་གི་མི་ཚེ་ལ་ཀུ་མ་རི་བྱེད་པའི་གོ་སྐབས་ཤིག་བྱུང་བ་དེ་ལ་འགྱོད་པ་ནམ་ཡང་མེད་པར་སྐལ་པ་བཟང་པོ་ཞིག་དང་ཚོར་སྣང་བཟང་པོ་ཞིག་འདུག་ཟེར།

ཟིན་བྲིས་ཁག་གཉིས་པ།

དེ་རིང་ངས་ནེ་པལ་རྒྱལ་ཁང་གི་སྡེབས་གསོད་དེ་དྲན་བྱུང་། ལོ་དེར་ང་བལ་ཡུལ་དུ་ཡོད། དེ་རིང་ནས་བརྩིས་པའི་མི་ལོ་བཅུ་ཏག་ཏག་འདས་པའི་ཞོགས་པ་དེ་ནི་རྒྱུན་ལྡན་མ་ཡིན་པའི་དུས་ཚོད་ཅིག་རེད། ངས་ཏག་ཏག་དྲན་བྱུང་། ཉིན་དེ་ནི་ཕྱི་ཟླ་༦པའི་ཚེས་༢་ཀྱི་སྔ་དྲོ་རེད། ང་ཡང་ལེ་ཤོད་དུ་རིག་འཛིན་འདུས་པའི་ཚེ་སྒྲུབ་ཅིག་ལ་བསྡད་ཡོད། རྒྱུན་ལྡན་ལྟར་ཞོགས་པ་ཕྱི་པོ་མ་གཏོགས་ཕྱིར་ཐོན་གྱིན་མེད། ང་སྡོད་ཁང་གི་ཕྱིར་ཐོན་སྐབས་ཉི་འོད་དྲོན་པོ་ཞིག་གིས་བཏུམ་པའི་དབྱར་ལྗོངས་འདིའི་རྒྱུ་དང་མི་རྒྱུ་བའི་འཇིག་རྟེན་ཡོངས་རྫོགས་དལ་ལྷོད་ཀྱི་ངང་དུ་གནས་པའི་ཚོར་བ་ཞིག་སྟེར། ང་ཕྱིར་ཐོན་སྐབས་མི་ཧ་ཅང་མང་པོ་ཞིག་ཕྱིར་ཐོན་ནས་སྐོར་ཚོ་སྐོར་ཚོ་བྱས་ནས་འདུས་ཤིང་། ཚང་མའི་གདོང་ལ་ཡང་རྒྱུན་ལྡན་མ་ཡིན་པའི་འཇིགས་སྣང་ངམ་ཧང་སངས་བའི་མདངས་ཤིག་མངོན་འདུག ལྷག་པར་ཡང་ཁྱད་མཚར་བ་ཞིག་ལ་སྐྱེས་པ་རྒན་གཞོན་མང་པོ་ཞིག་གིས་སྤྱི་གཙུག་ཏུ་སྐྲ་རྐང་ཁ་ཤས་རེ་མིན་པ་བྲེགས་ནས་འགྲོ་བཞིན་འདུག བལྟས་པ་ཙམ་གྱིས་མ་འགྲིགས་པ་ཞིག་བྱུང་བ་ཤེས་ནུས་པ་ཞིག་རེད། ཡིན་ན་ཡང་ངས་བལ་སྐད་མི་ཤེས་སྟབས་སྐད་ཆ་གསལ་པོ་ཞིག་འདྲི་ས་རག་མ་སོང་། ཉིན་གུང་ཙམ་ལ་བོད་རིགས་གྲོགས་པོ་མང་པོ་ཞིག་དང་འཕྲད། ཐོག་མར་མགོ་ལོག་གི་གྲྭ་བ་ཞིག་དང་འཕྲད། ཁོང་ནི་བལ་ཡུལ་དུ་བསྡད་ནས་ལོ་ཡང་མང་པོ་འགྲོ་བཞིན་ཡོད་པ་དང་བལ་སྐད་ཐོར་རེ་བ་ཞིག་ཀྱང་ཤེས། བལ་པོ་བ་གྲོགས་པོ་མང་པོ་ཡོད་མཁན་ཞིག་ཡིན།

དེར་ཁོང་གིས་དོན་རྐྱེན་གང་ཞིག་བྱུང་བ་ཆ་ཚང་བཤད་བྱུང་། བལ་ཡུལ་རྒྱལ་ཁང་གི་སྡེབས་གསོད་དེ་ནི་ཡིད་ཆེས་མི་ཐུབ་པའི་རྐྱེན་ངན་ཞིག་རེད། དེ་ཡང་༢༠༠༡་གི་ལོ་སྤྱི་ཟླ་༦པའི་ཚེས་༡གི་དགོང་མོར་བལ་པོའི་རྒྱལ་པོ་ཚང་གིས་ཐུགས་སྤྲོ་ཞིག་གཏོང་གིན་ཡོད་འདུག སྐབས་དེར་རྒྱལ་སྲས་དྷི་ཕུན་དྷི་ར་ཆང་གིས་བཟི་དྲགས་ནས་སྐུ་མགྲོན་ཞིག་ལ་ཚིག་ངན་བཤད། དེར་ཡབ་རྒྱལ་པོ་བྷི་རན་དྷི་ར་མཆོག་གིས་རྒྱལ་སྲས་ལ་དེ་ལྟར་བྱེད་མི་རུང་ཚུལ་གྱི་བཀའ་བཀྱོན་གནང་ནས་རྒྱལ་སྲས་རང་གི་གཟིམས་ཤག་ཏུ་བཏང་། ཅུང་ཙམ་གྱི་རྗེས་སུ་རྒྱལ་སྲས་ཀྱིས་མེ་མདའ་MP5Kཞིག་དང་M16ཞིག་བཟུང་ནས་ཕྱིར་ཚོམ་ཆེན་དུ་སླེབས། ཐོག་མར་གནམ་ཡོལ་ལ་གཏད་ནས་མེ་མདའ་ཐེངས་གཅིགབརྒྱབ། དེ་ནས་ཡབ་རྒྱལ་པོ་ལ་བརྒྱབ། དེའི་རྗེས་སུ་རྒྱལ་པོའི་སྐུ་སྲིང་མ་རྣམས་དང་སྐུའི་སྤུན་རྣམས་ལ་མེ་མདའ་གང་ཐེབས་ཐེབས་སུ་བརྒྱབ། རྒྱལ་ཡུམ་ཨ་ཤི་ཝར་ཡ་དང་རྒྱལ་སྲས་ནི་ར་ཇན་གཉིས་སྒོའི་ཕྱིར་ཐོན་ནས་རོགས་བྱེད་མཁན་འཚོལ་སྐབས་སུ་མེ་མདའ་ཕོག་ནས་ར་སྐོར་ནང་དུ་བཀྲོངས། མདོར་ན་རྒྱལ་ཁང་ནང་གི་མི་དགུ་བསད་ཅིང་ལྔ་རྨས།བསད་པ་ནི།

ཡབ་རྒྱལ་པོ་ཛྙ་ནན་དྷ་ར།
ཡུམ་རྒྱལ་མོ་ཨ་ཤི་ཝརྱ།
གསོད་པ་པོ་རང་ཉིད་ཀྱི་སྤུན་རྒྱལ་སྲས་ནི་ར་ཇན།
རང་ཉིད་ཀྱི་སྐུ་སྲིང་སྲས་མོ་ཤི་རུ་ཏི།
ཁུ་བོ་རྒྱལ་སྲས་དྷི་རེན་དྷ་ར།
ཡབ་རྒྱལ་པོའི་ཚ་བོ་རྒྱལ་སྲས་ཛ་ཡན་ཏི།
 ཡབ་རྒྱལ་པོའི་སྐུའི་སྲིང་མོ་ཤཱ་ར་དྷ།
སྲས་མོ་ཤཱ་ར་དྷ་ཡི་སྐུ་ཟླ་རྒྱལ་སྲས་ཀུ་མར་ཁད་གྷ་བཅས་ཡིན།
 ཡབ་རྒྱལ་པོའི་སྲིང་མོ་ཤན་ཏི།
 གསོད་པ་པོ་རྒྱལ་སྲས་དྷི་ཕུན་དྷ་ར་རང་ཉིད་ཀྱང་ཉིན་གསུམ་གྱི་རྗེས་སུ་གྲོངས།
རྨས་སྐྱོན་ཕོག་པའི་གྲས་ནི། ཡབ་རྒྱལ་པོ་བྷིརན་དྷ་རའི་སྲིང་མོ་སྲས་མོ་ཤོ་ཝ།
སྲས་མོ་ཤི་རུ་་ཏི་ཡི་སྐུ་ཟླ་རྒྱལ་སྲས་ཀུ་མར་གྷོ་རཀ
 ཁུ་བོ་ཛྙ་ནན་དྷ་རའི་༼རྗེས་སུ་རྒྱལ་པོར་གྱུར་པ༽སྐུ་ཟླ་སྲས་མོ་ཀོ་མལ༼རྗེས་སུ་རྒྱལ་མོར་གྱུར༽།
 ཡབ་རྒྱལ་པོ་བྷི་རན་དྷ་རའི་ཚ་བོ་རྒྱལ་སྲས་ཀེ་ཏ་ཀི་ཆེ་སི་ཊར།
  ཁུ་བོ་ཛྙ་ནན་དྷ་རའི་བུ་རྒྱལ་སྲས་ཕ་ར་སི་རྣམས་ཡིན།
དེ་ཡང་སྡེབས་གསོད་ཆེན་མོ་དེ་བྱུང་ནས་ཉིན་བཅུ་གཅིག་གི་རྗེས་སུ་ཕྱི་རོལ་མུ་སྟེགས་པའི་རྒྱལ་པོར་འོས་པའི་འདས་མཆོད་ཆེན་མོ་བྱས། དེ་ཡང་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌུའི་ཤར་ངོས་སུ་ཆགས་པའི་པ་ཤི་པ་ཏི་ན་ཐ་ཞེས་འཛམ་གླིང་འདིའི་མུ་སྟེགས་པའི་ལྷ་ཁང་ཆེ་ཤོས་སུ་བརྩི་བ་དེ་དང་ཉེ་བ། བྷག་མ་ཏི་གཙང་པོའི་འགྲམ་དུ་སྐུ་གདུང་ཞུགས་འབུལ་བྱས། དེ་ཡང་བྲམ་ཟེ་རྒན་པོ་ཞིག་གིས་རྒྱལ་པོའི་ཆས་བྱས་ཤིང་། ཤ་དང་མཉམ་དུ་རྒྱལ་པོའི་གདུང་ཐལ་བསྲེས་ནས་ཟ། གསེར་གྱིས་འཇང་རྡུང་བྱས་པའི་སྟོད་རྒྱན་དང་། རྒྱལ་པོའི་དབུ་རྒྱན་དང་གཅིག་མཚུངས་ཀྱི་དབུ་རྒྱན་བསྒྲོན། རིན་པོ་ཆེའི་རྒྱན་ཆ་ཕོན་ཆེན་གྱིས་སྤྲས་པའི་གླང་པོ་ཆེ་ཞིག་ལ་ཞོན་ནས་བྷག་མ་ཏིི་ཆུ་བོ་བརྒལ་དགོས།

དེ་ནི་རྒྱལ་པོ་བྷི་རན་དྷ་རའི་རྣམ་ཤེས་ལྷ་ཡུལ་དུ་བགྲོད་པ་ལ་བར་ཆད་མེད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ཟེར། ཉིན་དེ་ནས་བཟུང་སྟེ་བྲམ་ཟེ་དེའི་རིགས་ཉམས་ཟིན་པ་ཡིན་པས་ཡུལ་མི་གཅིག་ས་ཞིག་ལ་འགྲོ་དགོས་ཤིང་མ་མཐའ་ཡང་ཀ་ཐ་མན་ཌིའི་ལུང་པ་ནས་ཕྱིར་འབུད་བྱེད་དགོས་པ་ཡིན། དེ་ནས་ཉིན་གསུམ་གྱི་རྗེས་སུ་ལག་དམར་དུ་བརྩི་བའི་རྒྱལ་སྲས་དྷ་ཕུན་དྷ་ར་སྐུ་གཤེགས་པ་ལ་ཡང་གཅིག་མཚུངས་ཀྱི་འདས་མཆོད་ཆེན་པོ་བྱས། ཡིན་ན་ཡང་སྐབས་དེར་བྲམ་ཟེའི་བཞོན་པ་གླང་ཆེན་གྱིས་བྷག་མ་ཏིའི་ཆུ་བོ་བརྒལ་ནས་འགྲོ་མ་འདོད། ཐ་མ་ཤིང་ཏོག་རྙིང་རུལ་མང་པོ་བརྡེགས་ནས་དེད་མཐར་འགྲོ་ཙམ་བྱུང་། སྐབས་དེར་ཤིང་གི་ཡལ་ག་ལྟ་བུ་ཞིག་གླང་ཆེན་གྱི་གདོང་ལ་ཕོག་པའི་རྨ་ཁ་ལས་ཁྲག་བཞུར་བ་སོགས་ལ་བརྟག་པས་རྒྱལ་སྲས་ཀྱི་རྣམ་ཤེས་ལྷ་ཡུལ་དུ་བགྲོད་པར་བར་ཆད་ཡོད་པའི་རྟགས་མཚན་ངན་པ་ཡིན་པར་གྲགས།ངས་གོང་དུ་བཀོད་པ་དེ་གཞུང་འབྲེལ་གྱི་གསལ་བསྒྲགས་གཞིར་བཞག་ནས་བཤད་པ་ཙམ་ཡིན། དོན་ངོ་མར་སྐབས་དེར་བལ་ཡུལ་རྒྱལ་ཡོངས་དང་ལྷག་པར་ཀ་ཐ་མན་དྲུ་ལུང་པར་ཐ་ན་མི་དཀྱུས་མ་ཚོས་ཁ་པར་ནང་་དུ་རྒྱལ་པོ་བཀྲོང་ཚུལ་གྱི་སྐད་ཆ་བཤད་ན་ཡང་གཞུབ་གི་གསང་བའི་ལས་ཁུངས་ཀྱིས་རྩད་གཅོད་བྱེད་པར་འཇིགས་སྣང་བྱ་དགོས་པ་བྱུང་། གཞུང་འབྲེལ་གྱི་རྩད་གཅོད་བྱས་ཚུལ་དེར་མི་ཕལ་མོ་ཆེས་ཡིད་ཆེས་མི་བྱེད། མདོར་ན་དེ་ལྟ་བུའི་རྐྱེན་ངན་དེའི་བྱུང་རྐྱེན་དང་ངོ་བོ་ནི་ད་དུང་ཡང་གསང་བའི་ནང་གི་གསང་བ་ཞིག་ཏུ་ལུས་ཡོད།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།