
ཁྱོད་ལ་སྐྱེལ་མ་བྱེད་པར་སྐད་ཆས་དབུལ།
གྲོགས་དམ་པ་རྩེ་སྲས་ཨ་རྡོ་ལགས་མི་ཡུལ་དང་གྱེས་པར།
___ཞོགས་ལྗང་།
གསོན་ངོགས་ན་ཡོད་དུས། སེམས་གཏམ་མང་པོ་མེད། ཆང་འཐུང་ནས་བཟི་ན་ཁ་པར་འོང་ཞིང་སེམས་གཏམ་ཡང་བཤད། དེ་ཡང་མི་སྒེར་གྱི་འཚོ་བའི་དགའ་སྐྱོ་མིན་པར། རིགས་ཀྱི་ན་ཟུག་དང་དེས་བསྐྱེད་པའི་ཁེར་སྡུག་ཡིན། ཁེར་སྡུག་དེས་ཁོའི་སྙན་ངག་གྲུབ་ཅིང་། སྙན་ངག་གྲུབ་བྱེད་ཀྱི་ཐ་སྙད་རེ་རེ་ཚ་བས་གདུ་བཞིན་ཡོད།
ལན་རེར་སྐད་འཕྲིན་ནས་ལེ་འདེད། ཁྱོད་ལ་གྲགས་འགུལ་མེད་ཀི་ཟེར། ནམ་ཞིག་གང་ཞིག་ནས་ཐུག་སྟེ་ཆང་རྒྱགས་ཚད་ཅིག་འཐུང་ཟེར། དེ་ལྟར་ཟེར་ཞིང་མ་ཐུག་པར་དུས་ཡུན་རིང་པོ་སོང་། ད་གཏན་དུ་མི་ཐུག་པའི་གནས་སུ་སོང་།
གྲོགས་ལ་གཅམ་གསེག་བཤད་པ་དཔེ་མི་སྲིད། ཁ་མི་མཁས་པས་ཡིན་ནམ། ཆང་འཐུང་ན་ཡང་ཀུ་རེ་སོགས་མང་པོ་མེད། ཚོར་བ་ཐམས་ཅད་ཆང་དང་ལྗིབས་ནས་རྔམས་འཐུང་བྱེད། བཟི་ན་གཉིད་འགྲོ་ཞིང་། ཁ་པར་གཏོང་དགོས་སའི་བུད་མེད་ཀྱང་མེད་པ་མི་སྲིད། གསར་བུ་སྙིང་རྗེ་བོ་ཡོད། བུད་མེད་མང་པོ་དགའ་མོད། ཁོ་རང་གི་ཆུང་མ་ཁོ་ནར་དབང་སོང་བ་ཡིན།སྙན་ངག་ལ་དཔེ་མེད་པ་དགའ་ཞིང་། མི་ཚེ་ཐུང་ཐུང་འདི་ཧ་ལམ་དེ་ལ་བཏང་ཡོད། བོད་ཡིག་གིས་བྲིས་པའི་སྙན་ངག་ལས་རྒྱ་ཡིག་གིས་བྲིས་པ་ཡག་མོད། བོད་ཡིག་གི་སྟེང་ལ་ཤི་འཐམ་རོ་འཐམ་བྱེད། དམ་བཅའ་ཡོད་པའི་མི་ལ་རུས་པ་སྙི་མོ་ཡོད་མི་སྲིད།
ཁ་སང་གཏམ་ངན་དེ་འགད་རྫས་ཆེན་པོ་ཞིག་དང་འདྲ་བར་རྣ་བའི་བུ་གར་ལྷུང་དུས། སྙིང་དུམ་པ་སྟོང་དུ་གས། ད་ལྟ་ཉིད་དུ་ཁོའི་བེམ་པོ་ཡོད་སར་རྒྱུགས་དགོས་བསམ་ཏེ་གྲ་སྒྲིག་བྱས་མོད། དེ་ཡང་མིན་པ་འདྲ་བས་སེམས་ལྷོད་ལ་འབབ་ཅི་ཐུབ་བྱས། ཞིབ་ཏུ་བསམ་གཞིག་བཏང་མཐར། ཆོས་ལྡན་བོད་ཅིག་ཡིན་པ་ལ། ད་ལྟ་ཁོ་ལ་དགོས་པ་ནི་ཕྱི་མའི་ལམ་སྣ་རེད་པས། མྱུར་དུ་དགོན་པར་རྒྱུགས་ནས་མཆོད་མེ་མང་པོ་ཕུལ། གསོལ་བ་སྐྱབས་འཇུག་ཅི་ཐུབ་ཞུས། ད་ནི་འདི་ཙམ་ལས་ཅི་ཐུབ་ཨང་།
འུ་ཚོ་ཚེ་སྲོག་གི་མདུན་ན་ཇི་འདྲའི་ཉམ་ཆུང་བ་ལ་ཨང་།
མིང་མེད། aལ་ཕུལ་བ། ___ཐོ་རེངས། ཁྱོད་ཀྱི་གླུ་སྒྲ་ས་གཞིར་འབྱར དུས་ཚོད་ཀྱི་མུ་ཏིག་ཨམ་ཕྲག་ཏུ་བཅུག སྐྲ་ལོ་ཁ་ཤས་དང་ཁྲག་ཐིགས་ཁ་ཤས་འཕུར་འགོ་བརྩམས སྐྱ་རེངས་གསར་བ་ཞིག་བོར་ཟིན་པ་བདེན མུན་པ་འཇམ་པོ་དེའི་ནང་ན ཁྱོད་ནི་སེང་གེ་ཡིན བུ་མོའི་མིག་ཟུང་གཉིད་ཡོད་ངེས ཆུང་མས་ཁྱེད་ཀྱི་ནགས་ཚལ་དང་དུས་ཚིགས་དྲན་ཡོད་ངེས ངས་སྨྲ་བ་བསྡམས་ནས ཁྱོད་ལ་ལེགས་སོ་ལེགས་སོ་ཟེར་གྱིན་ཡོད། 2020/9/16 སེང་གེ་ལ་འཆིབ་མཁན་ཁྱོད། རེ་བའི་ཁྲོད་ཀྱི་ན་གཞོན་སྙན་ངག་པ་རྩེ་སྲས་ཨ་རྡོ་ལགས་ལ། __གུ་རུ་དོན་གྲུབ། ས་གནམ་ལ་འཕྱར་བ་ན རྡུལ་གྱི་ཡོ་ལང་ཕྱོགས་སུ་འཕྱུར དེ་ཡི་སྟེང་ན་རི་མོ་དང་གཟུགས་རིས་སྣ་ཚོགས་འགྱུ དེ་ཡི་མཛེས་པ་སྔོག་མཁན་སུ་དང་གང་ཞིག་ཡོད ས་ས་ལ་འདྲེས་ནས་ཐང་ལ་བབ རྡུལ་རྡུལ་ལ་འདྲེས་ནས་དབྱིངས་སུ་ཡལ བར་སྣང་སྟོང་བ་ནི་ཏན་ཏན་རྩེད་ར་བསོར་མོ་ཞིག་ཡིན་ངེས ས་ཡི་གཡོ་ཁྲམ རྡུལ་གྱི་བསླུ་བྲིད དུས་ཚོད་ཀྱི་མིག་ལྕིབས་ཐུར་ནས་ཐུར་དུ་ལུག ཀྱེ ཁྱོད་རང་སེང་གེ་ལ་བཅིབ་རྒྱུར་དགའ་བ་མིན་ནམ དེ་རིང་ཁྱོད་རང་གློ་བུར་དུ་རྡུལ་ལ་བཅིབས་དོན་ག་རེ་ཡིན ཁྱོད་ཀྱི་ཆིབས་རྟས་བདག་གི་གམ་ན་འཚེར་སྐད་ལྷང་ལྷང་འདོན ༢༠༢༠-༧-༡༦ སྤུན་ཟླ། ངས་ཁྱེད་ལ་ཚིག་ཅིག་བཤད། __གསའ། (རྨ་ལྷོ) སྤུན་ཟླ ཁྱེད་ཀྱིས་མི་རྟག་པའི་གར་འཁྲབ སྤུན་ཟླ ཁྱེད་ཀྱིས་སྐྱོ་ཡུས་ཀྱི་འཇའ་གུར་ཕུབ སྤུན་ཟླ ཁྱེད་ཀྱིས་རང་ཉིད་རྨེག་མེད་བཅོམ་སྟེ ཡུལ་མེད་གྲུ་ཁ་ཞིག་ལ་ལོག སྤུན་ཟླ གཏམ་དེ་ཐོས་རྗེས ང་རང་རྡོ་བ་ཞིག་ལྟར་འཁྱག་རེངས་སུ་འབྱར སྤུན་ཟླ སྤུན་ཟླ སྤུན་ཟླ 2020/9/16 ཁ་རོག་གེར་ཁྱོད་ལ་བྲིས་པའི་སྙན་ངག གྲོགས་རྩེ་སྲས་ཨ་རྡོ་ལགས་རྐྱེན་ལམ་དུ་ཤོར་བའི་སྐད་ངན་ཐོས་རྗེས། __ཐ་སྐར། སེམས་སུ་དངངས་སྐྲག་དང་ཁེར་རྐྱང་གང་ཞིག་འཐིབས་དུས ངས་ཤ་རུས་ཀྱི་གསེང་ལ་ལག་སྙོབ་ཅིག་བྱ་རྒྱུ་བྱུང བདག་གི་གྲོགས་པོ་ལགས སྙིང་ཚུལ་ངོས་ཀྱི་ཐ་སྙད་འདི་དག་རབ་ཏུ་འགུལ་ཏེ ཅི་ཞིག་བརྗོད་འདོད་ཀྱི་སྐོམ་པས་དེད་དེ མགྲིན་པ་ཡང་ཡང་བརྣངས་དགོས་བྱུང གྲོགས་པོ ཁྱོད་གློ་བུར་དུ རྒྱང་ལ་ཆས་དོན་ཅི་ཡིན རླུང་དང་འགྲོགས་དོན་ཅི་ཡིན སྐྱོ་བའི་མུན་པ་ཡལ་དཀའ་བའི་མཚན་མོ་འདིར རྨི་ལམ་གྱི་ཁྱོར་བའི་སྦུབས་སུའང་ཤོང་དཀའ་བའི་ན་ཟུག་ཅིག ང་ཡི་སྡོད་ཁག་གི་བར་སྣང་དུ ཐོགས་པ་མེད་པར་དལ་བར་གཡོ ཞེ་འཁྱག་པའི་སྐད་ཆ་འདི་དག ན་གཞོན་སྙན་ངག་པ་རྩེ་སྲས་ཨ་རྡོ་མི་འདོད་རྐྱེན་ལམ་དུ་ཤོར་བར་བྲིས། ___ཁེར་བུ། འདྲིས་མ་ཐག་ནས་རྒྱང་རིང་ཕྱིན་པ་དེ་ཁྱོད་ཡིན་ནམ ཞག་གསུམ་ཆར་ཆུས་ཡང་ཡང་བྲན་པ་དེ་ཁྱོད་ཡིན་ནམ གཞི་རིམ་དུ་ལུས་པའི་འཁྱག་རེངས་ཀྱི་སྐད་ཆ་དེ་དག་ཁྱོད་ཡིན་ནམ བྱེ་ཐང་དཀྱིལ་གྱི་ཆང་ཁང་དུ་བཟི་འཐོམ་མེ་བ་དེ་ཁྱོད་ཡིན་ནམ ཡི་གེའི་གཟུགས་སུ་བཏབ་པའི་ཨེ་ཤ་ཡའི་སྐར་མ་དེ་ཁྱོད་ཡིན་ནམ ཁ་བའི་གསེབ་ཏུ་འབར་བའི་མེ་ལྕེ་ནག་པོ་དེ་ཁྱོད་ཡིན་ནམ ཁེར་རྐྱང་གི་གཙང་བོ་བྲུག་སྟེ་རང་ཉིད་བསྣུབས་མཁན་དེ་ཁྱོད་ཡིན་ནམ ངལ་དུབ་དང་འདྲེས་པའི་མདངས་ཉམས་པའི་གླུ་དེ་ཁྱོད་ཡིན་ནམ ལག་མཐིལ་གྱི་གངས་རིར་ལྕེབས་པའི་འབུ་མེ་ལྕེབས་དེ་ཁྱོད་ཡིན་ནམ གཞིས་རྙིང་དུ་ལུས་པའི་བཤད་ཡམས་དང་སེམས་ཁམས་ནད་པ་དེ་ཁྱོད་ཡིན་ནམ ཡི་གེའི་སྟག་མོ་ཤེབ་རབ་ཀྱི་ནགས་སུ་མཆོངས་པའི་ངར་ཞགས་དེ་ཁྱོད་ཡིན་ནམ ཕྱི་རོལ་གྱི་འུར་ཟིང་དང་དུས་ཚོད་རེ་ཞིག་འཇགས་ནའང བསྐལ་བའི་དཔའ་གདེང་རུམ་པའི་ནགས་ཚལ་དེ་ཁྱོད་ཡིན ནང་རོལ་གྱི་ཆོས་ཉིད་དང་ཁྲག་རྒྱུན་རྩད་ནས་འགགས་ནའང རྨི་ལམ་དུ་སེང་གེ་རྨི་མཁན་དེ་ཡང་ཁྱོད་ཡིན ན་ཚོད་ཀྱི་སྤང་ནས་ཡལ་བའི་སྙན་ངག་གི་མེ་ཏོག་ཅིག ___ ཁ་དྲག ལས་ཀྱི་དུ་བ་རླུང་གིས་བཅད་དེ། འཛུམ་གྱི་སྐར་ཆུང་ཐང་ལ་ལྷུང་དུས།། སྙན་ངག་ངུས་བའི་ཐ་སྙད་འཁྱག་པོས།། ཡིད་ཀྱི་རི་མོར་མྱ་ངན་སྒོས་སོང་།། ཕྱི་ཡི་དུས་ཚིགས་སྟོན་ཀ་འདི་ལ།། སེམས་ཀྱི་ནང་ལ་དགུན་ཁ་ལྡང་བྱུང་།། ནགས་ཚལ་སྟུག་པོ་ཁ་བས་མནན་པས།། སེང་གེ་ཞིག་ཀྱང་གཉིད་དུ་ཡུར་སོང་།། གློ་བུར་གློ་བུར་གྲིབ་མ་ལྟེབ་ཏེ།། སྐད་ཆའི་ལང་ཚོ་འདི་ནས་ཟད་དུས།། ཨེ་བདེན་ཨེ་བདེན་བློ་ཡི་ལྗོན་པ།།། ཅི་ཙམ་བཅགས་ན་དེ་ཙམ་འབུས་ཡོང་།། ཞེན་པའི་རླུང་བུ་གྱེན་ལ་གཡུགས་ནས།། དྲི་ཞིམ་ཁྱེད་ལ་བསྟབ་བློ་ཡོད་ཀྱང་།། ཡིག་འབྲུའི་ཁྲེས་པོ་ཁུར་བའི་གྲོགས་ལ།། དེབ་ཀྱི་ངོས་ནས་འཕྲད་དགོས་བྱུང་སོང་།། དུས་ཚོད་ཅིག་གི་མགོ་རྔ་འདི་ནས།། འདུ་བྱེད་ཆག་རོ་ཆུ་ལ་བཏབ་ཀྱང་།། མཁྲེགས་འཛིན་བློ་ལ་འབྱར་བའི་དུངས་ཀས།། རྟག་བརྟན་དཀྱིལ་འཁོར་བཤིག་ཐབས་མི་འདུག། མི་ཚོགས་མང་པོའི་ཁེར་རྐྱང་ཁྲོད་ནས།། བློས་ཐུབ་ཅིག་གི་བླ་གཡུ་རྙེད་ཀྱང་།། ཕྱི་བྱོལ་ལེ་ལོའི་བར་ཐག་དེ་ཡིས།། མི་ཐུག་བྱེར་བའི་རྟ་ལ་བསྐྱོན་སོང་།། འཁྱམ་པོ་སྐྱོ་བའི་ཚིག་གི་ལྡ་ལྡུམ།། ངེས་འབྱུང་བློ་ལ་སྐྱེས་པ་ཙམ་རེད།། དུས་ཐོག་འགྱུར་བག་རླུང་བུ་ལྡང་ནས།། ཆབ་ཀྱིས་བྲན་ན་སླར་ཡང་རྩྭ་རེད།། ན་ཚོད་མ་སྨིན་ཁྱེད་ཀྱི་མེ་ཏོག ། དེ་རིང་བཞད་པ་བཞད་པའི་མཐའ་མ།། གཏམ་རྒྱུད་ངོགས་སུ་བབས་པའི་རི་མོས།། བདག་ལ་མིག་ཟུང་རྡེབ་ཙམ་གནོངས་དང་།། ཕན་ངོ་ཆོད་པའི་ལས་ཤིག་མི་འདུག།། ཕན་ཐོགས་མེད་པ་ཞིག་གིས་ཅི་བྱེད།། ལན་གཅིག་གདུང་བའི་གཤིས་ཀ་ཙམ་ལས།། ཞིབ་ཏུ་བསམ་ན་ཅི་ཡང་མ་རེད།། ན་གཞོན་སྙན་ངག་པ་རྩེ་སྲས་ཨ་རྡོ་ལགས་ཀྱི་ཚེ་ཡི་འདུ་བྱེད་ཆག་རོ་ཁ་སང་ཆུ་ལ་བཏབ་པས། གང་ཉིད་ལ་རྩིས་ཆེ་བའི་གྲལ་མཐའ་བ་ཁ་དྲག་གིས་སྐབས་ཐོག་གི་ངེས་འབྱུང་ལ་རྐྱེན་བྱས་ཏེ་བྲིས།