མེ་ལོང་མའི་བཅད་མ་སྐོར་ཞིག

13358



               
             ལོ་གཉིས་འགོར་སོང་།


སྙིང་ཆུང་གས་ཁ་ཤོར་ཏེ་ལོ་གཉིས་འགོར་རིང་། །
རྨི་ལམ་སྡུག་ཅིང་སྨྲེང་བ་ལན་མང་རྨིས་མྱོང་། །
དགའ་སྡུག་ཉི་ཟླ་འཆར་རེས་ནུབ་རེས་ཁྲོད་ནས། །
སེམས་ཀྱི་ནམ་མཁའ་དལ་ལ་ལྷོད་དུས་མ་བྱུང་། །

ལས་འཕྲོ་ལུ་གུ་ནད་རོ་ན་ནིང་ཤི་སོང་། །
ར་རྒན་རེ་བའི་གོང་བུ་ད་ལོ་འདས་སོང་། །
རྫི་བོ་ལྷ་དགའི་སེམས་སུ་དགུན་ཁ་ཚེས་ཏེ། །
དབུགས་རིང་ནར་མོའི་སྣེ་མོར་ཤུམ་ཤུམ་ངུས་སོང་། །

ཚེ་འདིའི་ས་སྲོད་རེ་རེར་གདུང་བའི་གཞས་ཆུང་། །
བྱ་བྱིའུ་འདབ་ཆགས་དག་ཀྱང་སྨྲེང་བར་བླངས་ཡོད། །
རྒྱང་གི་རི་ཆུའི་ཁ་དོག་དམར་ས་དེ་ན། །
མིག་ཆུའི་ཆར་པ་ཤག་ཤག་འབབ་ཀྱི་ཨེ་འདུག །

མི་ཚེ་ལ་ཁའི་དར་ལྕོག་བྲད་ཟད་བདར་ཟད། །
རྨི་ལམ་དབྱར་ཟླའི་རྩི་ཏོག་ནངས་རྙིད་དགོང་བརྙིད། །
ལང་ཚོ་ཆར་རྗེས་གཞའ་ཚོན་ཡལ་བའི་དཔེ་སྟེ། །
སྒྱུ་མའི་སྣང་བར་འཇུ་བ་གླེན་རྟགས་ཨེ་རེད། །


                            2020 • 8 • 10   ཉིན།


           ཐར་པའི་ལམ།


ལས་འཕྲོ་ཤི་བོའི་རོ་ཞིག་གསོན་པའི་སླད་དུ། །
སྙན་ངག་སྐྱོ་ལ་སྡུག་པ་དུ་མ་བྲིས་ཤིང་། །
སྨོན་ལམ་དག་ཅིང་གསལ་བ་ལན་མང་བཏབ་མཁན། །
ཐང་གའི་རི་བོའི་གཤོང་གི་ཡི་གེ་པ་སྟེ། །
བློ་བཟང་ཡིད་ཆེས་ཡང་ནི་མེ་ལོང་མ་ཡིན། །

དེ་ཡི་ནམ་མཁར་ཉི་ཟླའི་སྣང་བ་མེད་ཅིང་། །
དེ་ཡི་ས་གཞིར་སྣོད་ཀྱི་བྱམས་བརྩེ་མེད་མོད། །
ཡི་གེ་རྐྱང་པས་འོད་སྣང་བསྩལ་གྱི་ཡོད་ལ། །
སྙན་ངག་ཁོ་ནས་སྐྱིད་སྣང་སྦར་གྱི་ཡོད་དོ། །
དེ་འདྲར་ད་གཟོད་ཐར་ལམ་རྙེད་པ་ཟེར་རོ། །


                     2020  8  11 - ཉིན།


                 བདེ་བར་སྨོན།



ཤག་གི་སྒེའུ་ཁུང་ནས་བསིལ་རླུང་དལ་བུར་ལྡང་སྟེ། །
ཐང་གའི་ཁ་བཏགས་ཀྱི་སྣེ་མོ་ཤག་ཤག་སྒུལ་འོང་། །
མར་མེའི་སྡོང་བུ་ལ་འཆི་བདག་གཡས་སྐོར་གཡོན་སྐོར། །
བདག་གི་ཁང་ཆུང་ན་སྐྱེ་འཆིའི་ཁ་རླངས་ཐར་ཐར། །

གྲོག་མ་གཤོག་ཐོགས་ནི་གསོན་ལས་འཆི་བར་རེ་ཆེ། །
གློག་གི་ཚ་དྲོད་ལ་ལུས་ངག་ཡིད་གསུམ་འཐམ་ཞིང་། །
ཤག་གི་ས་གདན་དུ་བེམ་རོ་ནག་ཉིལ་ལྟུང་བས། །
གཤིན་ཡུལ་ནག་པོ་ཞིག་འདི་གར་གྲུབ་གདའ་སྙམ་འོང་། །

ལས་ནི་ཁེ་མཚར་ཏེ་ཁང་པའི་ནང་གི་འདི་དག །
སྒོ་ཁར་འགྲོ་འདོད་ཀྱི་གཤོག་པ་ས་གཡུག་རྡོ་གཡུག །
ཕྱི་ཡི་ཁོང་ཅག་སྟེ་འབུ་མེ་ལྕེབས་ཀྱི་མིག་ཏུ། །
ནང་གི་གློག་འོད་ནི་དག་པ་ལྷ་ཡི་ཞིང་རེད། །


                        8  /  9  ཉིན། 


          ང་དང་ངའི་སྒེའུ་ཁུང་།



སེམས་འདི་འདུས་ཆུ་ཡི་རླབས་དང་སྡོང་ཏེ། །
ངེས་མེད་ག་ཤེད་དུ་ཤག་གེར་འགྲོ་བ། །
རྒྱལ་ཁམས་རྐྱང་དམར་གྱི་འགྲོས་ཀྱིས་བསྐོར་བའི། །
གེ་སར་རྒྱལ་པོ་ལས་ཞན་པ་མི་འདུག །

ཡིན་རྒྱུ་མེ་ལོང་གི་དྭངས་ཆ་ཤོར་ཏེ། །
ནང་གི་དེ་ཉིད་ལ་གད་རྡུལ་འཚུབ་འདྲ། །
དགའ་སྡུག་གཉིས་འགྱུར་གྱི་རི་མོ་སྣོམ་སྟེ། །
འཁོར་བའི་སྒང་གཤོང་ན་ཤིན་ཏུ་ངལ་བ། །

ཉིན་དཀར་ཉི་འོད་ཀྱི་ཀློང་ནས་འཛུམ་ཞིང་། །
མཚན་མོ་ཟླ་འོད་ཀྱི་སྟེང་ན་སྒེག་པའི། །
སྣང་བའི་རྒྱ་ཁྱོན་དུ་འགྲེང་བའི་ཁྱོད་ལ། །
དོ་ཞག་ག་ཤེད་ནས་ལག་འཇུ་བྱས་འདྲ། །

འཁོར་བ་སྡུག་བསྔལ་གྱི་མེ་དོང་ཡིན་པ། །
བགྲེས་པོ་མགོ་དཀར་ཚོའི་གསུང་གི་གདའ་མོད། །
བརྩེ་བའི་ཆར་རྒྱུན་གྱིས་སེམས་པ་བརླན་དུས། །
མེ་ཡིས་འཚིག་སྣང་ནི་གར་སོང་མི་འདུག །

ང་ཡི་སྒེའུ་ཁུང་ནས་དཔྱིད་ཀྱི་རླུང་བུ། །
འཇམ་ལྷོད་ཏག་ཏག་ངང་ག་ལེར་ལྡང་བས། །
ང་རང་ཏིང་འཛིན་གྱི་ཐུན་ལས་ལང་སྟེ། །
སྤྲོ་དགའི་གླུ་ཆུང་ཞིག་ལེན་ན་འདོད་པ། །

དེས་ན་ནང་སེམས་ཀྱི་རྡུལ་དག་གད་ཅིང་། །
ཡང་དག་བརྩེ་དུང་གི་རོལ་ཆ་བླངས་ཏེ། །
གྲོང་འདིའི་ཉི་ནུབ་ཀྱི་ས་སྲོད་འདི་ནས། །
སྣང་བ་དཀར་དམར་གྱི་གླུ་འདི་ལེན་བཞག །

སྙན་ན་འདོད་གདུང་གི་ལན་ཆགས་འདག་སྟེ། །
ཐར་པའི་བཙན་ས་ལ་བསྙེག་པའི་རྒྱུར་བསྔོ། །
མ་སྙན་དགོངས་དག་གི་ཕྱག་རྒྱ་རུབ་སྟེ། །
ནང་དོན་གཞན་ཞིག་ལ་ལྟོས་ཞེས་གསོལ་ལོ། །

                   5/31 _ ཉིན་གྱི་ས་སྲོད་དུ།


      ལས་ཀྱི་མི་ལ་ལག་བརྡ་བྱ་འམ། །



ཞེན་ཆགས་མཐུག་པོ་རྨི་ལམ་ཞིམ་པོ། །
རི་མོ་དམར་པོ་ནང་བསླས་དཀར་པོ། །
རྟེན་འབྲེལ་ཡག་པོ་རེག་བྱ་འཇམ་པོ། །
ཁྱོད་ཀྱིས་བཞེངས་པའི་འཇིག་རྟེན་ཡིན་ནམ། །

ལོ་ཟླའི་འགྲུལ་མི་ག་ལེར་སོང་རྗེས། །
འཇིག་རྟེན་དེ་རུ་སུ་སུ་ལྷག་འོང་། །
རྨི་ལམ་དང་ནི་ཞེན་ཆགས་ལ་ཡང་། །
བདག་པོ་རྒྱག་མཁན་རྣམ་ཤེས་གང་ཞིག །

དབེན་པའི་རི་ནས་འཁོར་བའི་ཐང་དུ། །
མིག་ཟུང་ཅེར་དུས་ཁྱོད་ཀྱི་མིག་ནས། །
མེ་ཏོག་དང་ནི་འཇའ་ཚོན་ཤར་བ། །
དབྱར་ཟླ་དང་ནི་བསིལ་རླུང་ལྡང་བ། །

ལས་ཀྱི་མི་དེར་ལག་བརྡ་བྱ་འམ། །
ཚེ་ཡི་གྲོགས་དེར་སེམས་པ་སྟོན་ནམ། །
འཛུམ་པའི་ཚེམས་ཀྱིས་གཞན་ཡིད་འཕྲོག་གམ། །
འཁོར་བ་སྐྱིད་ལེ་དགའ་ལེ་བཟོས་སོང་། །

ད་ནང་ཉི་མ་ཁྱོད་ཀྱིས་དྲོས་སམ། །
དེ་རིང་གནམ་ངོར་ཁྱོད་རང་ཨེ་ཞུགས། །
དོ་ནུབ་ཟླ་བའང་ཁྱོད་རང་ཡིན་ཞིང་། །
སང་གི་འཁོར་བར་ཁྱོད་རང་ཡོད་ཤོག །

ཤོག་སྨྱུག་དང་ནི་དཔེ་དེབ་ལས་གཞན། །
ཅི་ཡང་མེད་པའི་སྤྲང་པོ་བདག་ལ། །
དགའ་སོང་མ་ལབ་འཁོར་བའི་ཐང་གི། །
ཕྱི་ནང་ཆ་རྐྱེན་སྐྲུན་པ་མི་ནུས། །

        2 / 4 / 2020


           རྣམ་རྟོག

ཁ་བ་རི་ལ་འགོ་བའི་ཉམས་སྣང་དང་། །
རི་མཐར་ཆུ་ཟེགས་རྩེན་པའི་རྣམ་པ་དང་། །
ལྕང་མར་བྱེའུ་འདུ་བའི་ངང་ཚུལ་ནི། །
དཔྱིད་ཀྱི་ལང་ཚོ་ངོམ་སྟངས་གཞན་ཞིག་གོ །

གང་ཞིག་ཁ་བའི་ཟོལ་གྱིས་ཞིག་པ་དང་། །
སུ་ཞིག་རི་བོའི་ཚུལ་གྱིས་ལུས་པ་དང་། །
ཅི་ཞིག་སྨུག་པའི་ཀློང་དུ་ངུས་པ་ཡང་། །
དེ་རིང་ང་དང་ཁྱོད་ཀྱི་སྙིང་ལ་གསལ། །

སྒེའུ་ཁུང་ཕྱི་ཡི་སྣ་མང་ཟློས་གར་ལས། །
འཁོར་བའི་སྐྱོ་བ་ཟུར་ཙམ་མཐོང་ནུས་ཤིང་། །
སྐྱེ་འཆིའི་གོ་རིམ་རགས་ཙམ་མཇལ་ནུས་མོད། །
སེམས་སྒྱུར་ཁ་ལོའི་དབང་ཆ་སུ་ལ་ཡོད། །

ངས་ནི་ཐུབ་པའི་ཐང་གར་ཕུར་ཚུགས་སུ། །
བལྟས་ཏེ་ཇི་ལྟར་བྲོས་བྱོལ་སོང་བ་དང་། །
འཁོར་དུ་སུ་སུ་ཁྲིད་པ་ཡིན་ན་སྙམ། །
ཁ་རོག་སྐར་འགར་འཆར་ཡན་ཚལ་དུ་ཉུལ། །

ཡིན་ཡང་ཚེ་རབས་སྟོང་འགའི་ཡར་ནང་གི །
མི་ཞིག་ཞི་བའི་ཚལ་དུ་སོང་བའི་ཚུལ། །
ཐང་ག་བེམ་པོ་འདིས་ནི་མ་བཤད་པས། །
སླར་ཡང་འཁོར་བའི་གྲོང་དུ་ལོག་དགོས་བྱུང་། །

ད་ལྟ་ད་དུང་ཁ་བ་འབབ་ཀྱི་གདའ། །
མི་དག་སྔ་བཞིན་དབུགས་རིང་ནར་ནར་རེད། །
ང་ནི་ཡིག་འབྲུའི་གསེང་ནས་ཚུར་ཡོང་སྟེ། །
སྙན་ངག་གཞན་ཞིག་འབྲི་བར་རྩོམ་གྱི་ཡོད། །

རྩོམ་འདི་སེམས་ཀྱིས་ཀློག་འདོན་ཚར་བའི་རྗེས། །
གཏམ་འདིར་རྣ་བ་གཏད་དེ་ཉན་པའི་ཞོལ། །
ང་ཡི་ར་སྐོར་འདི་ནས་ཁྱེད་ཅག་ལ། །
ཡི་གེའི་འཁྲབ་སྟོན་བྱེད་ལུགས་བཟང་མིན་ཤོད། །

                     5/4/2020-ཉིན། 


        རོ་ལངས་སྐོར་རྒྱུག་གི་སརྒ།


             མིན་ན།
ཁྱོད་ཀྱི་རྨི་ལམ་གཙང་མ་གཙང་རྐྱང་བཟོས་དང་། །
བདག་ནི་ག་ལེ་ག་ལེར་དེ་གར་འོང་སྟེ། །
ཕ་གིའི་ལམ་བུ་ཀྱོག་དང་མི་ཀྱོག་ཀུན་ནས། །
ཐབས་ཤེས་རྣོ་ངར་གྲོགས་དང་སྡོང་གིན་སྡོང་གིན། །
ཅི་ཡང་ཕུན་ཚོགས་ནོམ་ཞིག་བླང་རྒྱུ་བྱ་འོ། །

             དག་ཞིང་།
ཁྱོད་ཀྱི་སྙན་ངག་དེ་དག་ཀློག་གིན་ཀློག་གིན། །
འཁྲུལ་བའི་འཇིག་རྟེན་འདི་ནི་དག་ཞིང་ཡིན་སྙམ། །
དཀའ་སྡུག་བྱེ་མའི་རི་བོ་འཕྲེད་ཀྱིས་གཅད་དེ། །
ཞེ་སུན་གང་གཱའི་ཆུ་བོ་སྟོབས་ཀྱིས་བརྒལ་ཏེ། །
ཁྱོད་ཀྱི་འཁོར་གྱི་དང་པོ་བྱ་སྙིང་འདོད་དོ། །

          རྒྱུ་མ་ཕུ་འདེད།
རྨོངས་པའི་མུན་པ་ཐམས་ཅད་གསལ་བར་བྱ། །
འཁྲུལ་བློའི་བྱ་བྱེད་ཀུན་ཡང་དགག་པར་བྱ། །
མི་འདོད་གེགས་བར་དག་ཀྱང་ཞི་བར་བྱ། །
འདོད་དོན་བསམ་འཕེལ་ནོར་བུ་ལོན་ངེས་བྱ། །
རང་ཉིད་དཔེ་ཆའི་གསེང་དུ་ཕར་ལ་འགྲོ། །
སླར་ཡང་དཔེ་ཆའི་གསེང་ནས་ཚུར་ལ་འོང་། །
ཕར་འགྲོ་ཚུར་འོང་ཐེངས་འགའི་མྱོང་སྣང་ལས། །
སྡུག་རུས་མཁས་པའི་འཇུག་སྒོ་ཁེར་མར་མཐོང་། །

                རེ་དོགས།
རེ་བའི་ཁུར་ཆེན་རེ་རེ་ཕྲག་ཏུ་ལྕི། །
དོགས་པའི་བསམ་བློ་རེ་ཡང་ཞེ་ལ་གནག །
ཅི་བྱས་ཕོད་དམ་མི་ཕོད་སེམས་པའི་ཁྲོད། །
ཕྱི་དགའ་ནང་དགའི་བྱ་བ་ལན་མང་ཤོར། །
ནང་མཛེས་ཕྱི་བརྗིད་དོན་ཡང་ཐེངས་མང་འཁྱོར། །
འདི་ལ་ཅི་གསུང་བཀའ་བརྩི་ཨེ་ཟེར་ལགས། །
འདི་ལ་དྲིན་ངོ་ཤེས་པ་ཨེ་འདོགས་ལགས། །
འདི་ལ་ཡང་ནི་མིང་ཡག་ག་རེ་ཡོད། །

           ཐང་ག་མ།
ཐང་ག་རི་བོའི་འཇོ་སྒེག་དང་། །
སྟོད་གོས་སྨད་ཤམ་ཡང་ཡང་བརྗེས། །
སྐྲ་དང་ཁ་སྤུ་དག་ཀྱང་བརྗེས། །
དུས་བཞི་འགྱུར་བའི་ངར་ཤུགས་ཀྱིས། །
སྣོད་ཀྱི་ཁ་དོག་ལན་མང་བརྗེས། །
བདག་ལུས་སྒྱུ་མའི་ཕུང་པོ་ཡང་། །
ནམ་ཞིག་གང་དུ་བརྗེ་འགྲོ་འམ། །

           མི་ལུས།
ཡར་འགྲོའི་དབུ་སྐྲ་རླུང་གིས་འཐེན་པ་དང་། །
མར་འགྲོའི་ཨོང་ཤ་ཁྱི་གུས་ལྡག་པ་སྟེ། །
འགྲོ་སྟངས་གཅིག་ལ་རྒུད་སྟངས་སྣ་གཉིས་ཀྱི། །
མི་ལུས་འདི་ལས་དོན་ཞིག་འཁྱོངས་དགོས་ཚེ། །
ཤ་དང་རུས་པ་བརྡར་ནས་འགྲོ་རྒྱུ་ལས། །
འཇུག་སྒོ་གཞན་ཞིག་ཐུབ་དབང་གིས་མ་མཁྱེན། །

            སྐབས་ལར།
རལ་གྲི་ལོ་མའི་ནགས་ཚལ་རྩུབ་ན་ཡང་། །
ཤལ་མ་ལི་ཡི་སྡོང་པོ་ངར་ན་འང་། །
བསྡུས་འཇོམས་རི་བོའི་འཚིར་བ་རབ་གནག་ཀྱང་། །
ཆུ་བོ་རབ་མེད་རྒལ་བ་ཁག་གྱུར་ཀྱང་། །
མདག་མ་རྡོ་བསྲེགས་མཚོན་ཆར་བཟོད་དཀའ་ཡང་། །
མི་སེམས་མི་ཡི་རྨས་པའི་གདུང་བ་དང་། །
ངོས་ལྐོག་མི་དགེའི་ཟློས་གར་ལྟ་བ་ལས། །
དམྱལ་བའི་སྒོ་ཐེམ་རེག་སྙིང་སྐབས་ལར་འདོད། །

              སྐྱེས་པ་ཕོ།
དེ་རིང་ཨི་འདྲ་འདྲ་ཞིག་ཉོན་ནས་སྡོད་དང་ཁོ་རེ། །
མིན་ན་སྙན་མོ་མ་ཞིག་འབྲི་རྒྱུ་གྱིས་དང་སྐྱེས་ཕོ། །
མི་ཚེ་གློག་གི་གར་སྟབས་ཁ་སང་ཁ་ཉིན་འཁྱུགས་སོང་། །
ཚེ་སྲོག་མར་མེའི་འོད་དེ་ད་ནང་དོ་ནུབ་ཙམ་མོ། །

                          3 / 24 - ཉིན།      

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།