ར་རྫ་འཇམ་དབྱངས་སྐྱིད་ཀྱིས་ལྷོ་ཁ་བསྐོར་བའི་ཟིན་ཐོ་ཆེད་འགོད།

12710



མཚོ་རྒྱལ་གསང་ཆབ་ཁ་ནས།



མཚོ་རྒྱལ་དགོན་པ་དང་མཚོ་རྒྱལ་གྲོང་ཚོ་གཉིས་ཧ་ལམ་འདྲེས་ནས་འདུག དེ་གའི་མི་ཚོ་ཆུ་མིག་ཁ་ལ་ཡོང་ནས་གདོང་པ་དང་མགོ་བོ་བཀྲུ་བའི་སྲོལ་ཡོད་ཟེར། བདེན་པ་རེད། ཁེ་ཉིན་ཕྱི་དྲོར་ང་ཚོ་ཆུ་མིག་ཁ་ལ་ཡོད་དུས། ཏག་ཏག་གསར་བུ་བཞི་ཡོང་ནས་མགོ་བོ་དང་གདོང་པ་བཀྲུས་སོང་། ངས་ཀྱང་རང་གི་མགོ་ལ་ཆུ་གྲངས་མོ་ལན་འགར་བྲན་པར་ཚ་གདུགས་ཀྱིས་གདུང་བའི་མགོ་བོ་བསིལ་ལེར་གྱུར། སྐྱེས་མ་ཞིག་གིས་ཀྱང་ལྭ་བ་གཞོང་བ་གང་ཁྱེར་ཡོང་ནས་འཁྲུད་ཀྱིན་འདུག

གཙང་རྣམ་གླིང་ནས་ཡིན་ཞིང་མོ་ལོ་སུམ་བཅུ་ལ་སླེབས་པའི་སྐྱེས་མ་དེའི་ཁྱོ་ག་མཚོ་རྒྱལ་གྲོང་ཚོ་ནས་རེད། ཁོ་བཟའ་ཟླ་གཉིས་ལ་བུ་ཆུང་ཞིག་ཡོད་པ་སྒྱུག་མོའི་གམ་དུ་བཞག་སྟེ་ཁྱོ་གས་འཚེམ་བུ་དང་ཁོ་མོས་ཟ་ཁང་དུ་ལས་ཀ་བྱེད་བཞིན་རྒྱུན་པར་ལྷ་སར་བསྡད་ཡོད་ཟེར།

ངའི་ཁྱོ་ག་ཁྱིམ་དུ་དབང་བཙན་པོ་དང་ཚིག་ནག་པོ་བཤད་མཁན་ཞིག་མིན་ལ། ནང་གི་དངུལ་ཁ་ཚང་བདག་པོ་རྒྱག་མཁན་གཅིག་པུ་དེ་ཡང་མིན་པར་ཅ་ལག་གང་ཞིག་ཉོ་དགོས་བྱུང་དུས་ངེད་གཉིས་ཀྱིས་གྲོས་བྱས་ཏེ་ཉོ་ཡི་ཡོད། མཚམས་རེེར་ཁྱིམ་ཚང་གི་དོན་དག་ཙག་ཙིག་གི་ཆེད་དུ་ཁ་རྩོད་ཤོར་བའི་དུས་འདུག་མོད། སྤྱིའི་ཆ་ནས་ངེད་གཉིས་ཀྱི་འབྲེལ་བ་ཡག་པོ་ཡོད་ཟེར།

ངའི་སྤོ་བོ་རྨོ་བོ་རྣམ་གཉིས་ལ་བུ་གཅིག་དང་བུ་མོ་གཉིས་བྱུང་བ་ལས་བུ་མོ་གཉིས་ཀ་མནའ་མར་བཏང་། ཁྱིམ་དུ་པ་ཕ་གཅིག་པུ་ལས་བུ་མེད་པས་ཨ་མ་རང་བཞིན་གྱིས་ཁྱོ་ག་གཅིག་ཅན་གྱི་ཆུང་མར་གྱུར། ཁྱིམ་ཚང་ལ་བུ་སྤུན་གཞན་ཡོད་ན་དེའི་ཆུང་མའང་བྱེད་དགོས་པ་ང་ཚོའི་ཡུལ་སྲོལ་ཡིན། ངའི་ཕ་མ་གཉིས་ལ་བུ་ལྔ་དང་བུ་མོ་དྲུག་བཅས་བསྡོམས་པས་བུ་ཕྲུག་བཅུ་གཅིག་བྱུང་། དེ་དག་ལས་བུ་ལྔ་བོ་ཚང་མ་སློབ་གྲྭར་བཏང་ཞིང་། བུ་མོ་དྲུག་པོ་ཁྱིམ་དུ་ཉར་ནས་ལས་ཀ་བྱེད་དུ་བཅུག་ལ་ནར་སོན་རྗེས་སྔ་གཞུག་ཏུ་མནའ་མར་བཏང་། དེ་དུས་སློབ་གྲྭར་ངེས་པར་དུ་ཞུགས་དགོས་པའི་སྲིད་ཇུས་མེད་ཙང་ང་ཚོ་གཅེན་གཅུང་ཚང་མ་སློབ་གྲྭར་མ་བཏང་། ཕ་རྒན་ལོ་ལྔ་བཅུ་པར་ཕོ་བར་ན་ཚ་བྱུང་སྟེ་ནད་ཀྱིས་གྲོངས། ཨ་མ་ད་ལྟ་དགུང་ལོ་བདུན་བཅུར་སོན་ཡོད་ཟེར།

ང་རང་རྒྱུན་པར་ལྷ་སར་སྡོད་མཁན་ཡིན་པས་མཚོ་རྒྱལ་གྲོང་ཚོའི་གནས་ཚུལ་གསལ་པོ་ཧ་གོ་གི་མེད་མོད། འདི་གར་ཡང་གཞན་རིགས་དང་གཉེན་བསྒྲིགས་ཏེ་མ་འཆམ་པར་ཁ་ཁར་སོང་བ་རེ་གཉིས་འདུག ངའི་གྲོང་ཚོར་ཡང་རིགས་གཞན་གྱི་ཆུང་མ་བྱས་པའི་གྲོང་གསེབ་སྐྱེས་མ་གཉིས་འདྲ་འདུག གཙོ་བོ་ཁྱོ་ག་དེ་མི་ཡག་པོ་ཡིན་མིན་ལ་ལྟ། ཡག་པོ་ཡོད་ན་མི་རིགས་གཞན་ལ་ཆང་ས་བརྒྱབ་རུང་བཙོག་ལྟ་བྱེད་གི་མ་རེད། ཡིན་ཡང་རིགས་ངན་པ་སྟེ་ཤན་པ་དང་མགར་པའི་མི་རྒྱུད་ལ་བཟའ་ཚང་བྱས་ན་ཁྱིམ་མིས་ཐེ་ཇུས་ཞེ་དྲག་བྱེད་པ་རེད་ཟེར།

དེང་སྐབས་ཕྲུ་གུ་གཉིས་ལས་མང་བ་སྐྱེ་མཁན་གྱི་བཟའ་ཟླ་ཧ་ལམ་མི་འདུག བུ་ཕྲུག་རྒྱ་ནག་གི་སློབ་གྲྭར་འགྲོ་བའི་ཡིག་ཚད་ལོན་ན་མ་འོངས་པའི་མདུན་ལམ་ཡག་པོ་ཡོད་རེད་ཅེས་ཕ་མས་གཏོང་ཅི་ཐུབ་བྱེད། རྒྱ་ནག་ཏུ་སློབ་གྲྭར་སོང་སྟེ་ལེགས་ལམ་དུ་མ་སོང་བའི་བུ་ཕྲུག་ཀྱང་ཡོད་རེད་དེ། བྱིས་པ་དེ་རིགས་གང་དུ་བསྡད་ཀྱང་ལམ་ལོག་འགྲོ་བ་ལ་ཐབས་ཤེས་ཡོད་མ་རེད་ཅེས་སྣང་མེད་དུ་འཇོག་ཟེར།

                                2020/08/20ཉིན།

ཡུམ་བུ་བླ་མཁར།
དེང་གི་རྩེད་ཐང་།
ཡུམ་བུ་བླ་མཁར་ནས་མཐོང་བའི་ཡུལ་ཡར་ཀླུང་གི་ཕྱོགས་གཅིག
རྩེད་ཐང་གྲོང་གི་ཟུར་ཞིག
རས་ཆུང་དགོན་ཤུལ་ནས་མཐོང་བའི་རྩེད་ཐང་།


གྲོག་མ་སངས་རྒྱས།

སྤྱིར་བཏང་རང་རིགས་ཀྱིས་གཉེར་བའི་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་གང་ཞིག་ཡིན་རུང་། གཞན་རིགས་ཀྱིས་གཉེར་བ་དང་ཚད་རིམ་འདྲ་འདྲ་ཡིན་རུང་། ཁ་གྲགས་དུས། དེའི་གོང་ཚད་གཞན་གྱི་དེ་ལས་ཆེ་བ་འདུག མང་ཤོས་ཤིག་དེ་འདྲ་རེད། དེ་ལྟར་བྱེད་པ་ང་ཚོའི་གཤིས་ཀའམ་ཁྱད་ཆོས་ལྟ་བུར་སོང་འདུག་སྟེ། དེ་ནི་ང་ཚོས་ཁྲོམ་ར་རུ་འགྲན་རྩོད་བྱེད་མ་ཤེས་པའི་རྟགས་ཤིག་ཏུ་སོང་ཡོད་ཟེར་ནའང་མ་འགྲིག་པ་མེད་པའི་ཚོད།

འགྲུལ་པ་ཞིག་ལ་མཚོན་ན། རྒྱུས་མེད་ཀྱི་ས་ཆ་ཞིག་ལ་འབྱོར་རྗེས། ཆར་བ་འབབ་དུས་ཡིན་ན་འདྲ། མུན་རུབ་འདུག་པའི་སྐབས་ཡིན་ཡང་རུང་། ཉིན་གང་བོར་ཡོང་ཡོང་བའི་མཐར། ཐོག་མར་མགྲོན་ཁང་ཞིག་བཙལ་ནས་མཁོ་ཆས་རྣམས་ཕོག་སྟེ་གནས་བཅའ་བ་ནི་ལས་ཀ་དང་པོ་ཡིན།

ཁ་སང་ཡང་རྩེད་ཐང་གྲོང་ཁྱེར་གྱི་ཁོར་ཡུག་སྐྱིད་ས་ཞིག་ཏུ་འབྱོར་རྗེས་ཐོག་མར་མགྲོན་ཁང་བཙལ་བ་ཡིན། གཞུང་ལམ་གྱི་གཡོན་འགྲམ་ཞིག་ཏུ་མགྲོན་ཁང་གཉིས་བཤིབས་ནས་འདུག་པ་དེར་རླངས་འཁོར་གྱི་ཁ་བཀག མགྲོན་ཁང་དེ་གཉིས་ལས་གཅིག་དེ་བོད་པས་གཉེར་བ་ཞིག་དང་། ཅིག་ཤོས་དེ་གཞན་གྱིས་གཉེར་བ་ཞིག་རེད། ཁྱོ་ག་མར་བབས་ནས་ལྟ་བར་སོང་། མགྲོན་ཁང་དེའི་སྒོ་འགྲམ་དུ། རྒྱ་ནག་གི་སློབ་གྲྭ་ཡག་པོ་ཡིན་ཟེར་བ་ཞིག་ནས་ཐོན་པ་མིན་འགྲོ་སྙམ་པའི་གཙང་གི་ཕོ་གསར་ཞིག་ལངས་འདུག་པར་ཁྱོ་གས་སྐད་ཆ་དྲིས་པ་ན། ཕོ་གཞོན་དེས། ང་བསྡད་ས་དེ་དྲྭ་ལམ་ནས་མངགས་པ་ཡིན། གཙང་མ་ཞིག་འདུག གོང་ཚད་ཞག་མ་རེ་ལ་སྒོར༡༨༠རེད། ཟེར།

དེ་ནས་ཁྱོ་གས། བོད་པའི་མགྲོན་ཁང་ཡག་པོ་མི་འདུག་གམ། ཞེས་དྲིས་པར་ཁོས། ནམ་རྒྱུན་ཡིན་ན་བོད་པ་ཚོས་གཉེར་བའི་མགྲོན་ཁང་གཙང་སྦྲ་ཡག་པོ་མི་འདུག་ཟེར། དེ་ནས་ཁྱོ་ག་བོད་པས་གཉེར་བའི་མགྲོན་ཁང་དེ་ལ་ལྟ་བར་སོང་། གོང་ཚད་དྲིས་པར་ཞག་རེ་ལ་སྒོར༢༢༠ཡིན་ཟེར། དེ་ལ་ཁྱོ་གས། ཚད་རིམ་མགྲོན་ཁང་ཕ་གི་དང་འདྲ་འདྲ་ཡིན་པ་གང་ཞིག་ལ་གོང་ཚད་ཕ་གི་ལས་ཆེ་བ་ཡོད་ན་ཁྱེད་ཚོའི་འདི་རུ་སུ་སྡོད་ནུས་སམ། ང་ཚོ་ཆེད་དམིགས་སུ་འདིར་སྡོད་པར་འོང་བ་ཡིན། གོང་ཚད་སྒོར༡༨༠ཡིན་ན་ང་ཚོ་བསྡད་པས་འགྲིག ཅེས་པར། མཐར་གོང་ཚད་དེ་ལྟར་ཐག་བཅད།

བོད་པ་མང་པོ་ཞིག་ནི་རང་གི་ཡོད་ཚད་རང་གི་སྣང་ངོར་མི་འགྲོ་བ་ཞིག་ཏུ་གྱུར་འདུག་པ་དེ་ནི། སོ་སོའི་ཀླད་པ་བཀྲུས་ཚར་བ་ཡིན་ནམ། རང་ཉིད་གློ་བུར་དུ”གྲོག་མ་སངས་རྒྱས”་སུ་གྱུར་ཟིན་པ་ཡིན་ནམ། དོན་དུ་ད་ལྟ་ང་རང་སྡོད་སའི་མགྲོན་ཁང་འདི་ཧ་ཅང་གཙང་བས་མི་ཚད་ཁུ་སིམ་ལ་སྣང་བ་ཡང་སྐྱིད

                                        2020/08/13ཉིན།


མཚོ་སྨད་རྫོང་གི་ཇ་ཁང་ཞིག་ཏུ།


རྫོང་ཐོག་ནས་དུས་ཚོད་གཅིག་དང་ཕྱེད་ཀར་སོང་ན་ཕ་ཡུལ་ལ་སླེབས་ཐུབ། ངས་རང་གི་བུ་སློབ་ཆུང་ལ་གཏོང་ཞོར་དུ་ཇ་ཁང་གཉེར་ནས་རྫོང་ཐོག་ཏུ་བསྡད་ཡོད། ངའི་ཁྱོ་གའི་གྲོང་ཚོ་རྫོང་གི་ཉེ་འཁོར་དུ་ཡོད་པས་དགོང་མོར་ཁྱོ་ག་ཡོད་སར་ཞག་སྡོད་བྱེད་དུ་འགྲོ་གི་ཡོད།

1 ང་ཚོའི་གྲོང་ཚོ་ན་རིགས་བཟང་ངན་གཉིས་ཀ་གཉེན་བསྡེབས་བྱས་ནས་ཚང་མ་འདྲེས་ཚར་ཡོད་སྟབས། རིགས་ངན་ལ་བཙོག་ལྟ་བྱེད་སྲོལ་མི་འདུག་མོད། ལུང་པའི་གྲོང་ཚོ་གཞན་དུ་སྔར་བཞིན་རིགས་ངན་པ་ཐན་དུ་བརྩི་བའི་སྲོལ་ཡོད་དང་ཡོད་རེད། ཐ་ན། རིགས་ངན་པ་ཞིག་གིས་ཟ་ཁང་དུ་ཟ་མ་ཟ་བཞིན་པ་མཐོང་ན། དེར་མི་ཡོང་བར་གཡོལ་ནས་འགྲོ་མཁན་ཡང་འདུག

2 བུ་ཕྲུག་ཅིག་སློབ་ཆུང་མཐར་ཕྱིན་རྗེས་རྒྱ་ནང་དུ་འགྲོ་བའི་ཡིག་ཚད་ལོན་ན་ཡག་པོར་བརྩིས་ཏེ་ཕྱིན་ཕྱིན་བྱེད་གི་རེད། བོད་ཡིག་སློབ་ན་ཁ་ལག་རག་གི་མ་རེད་ཟེར་བའི་བཤད་སྲོལ་དེ་འདི་གར་མི་འདུག

3 སྤྱིར་བཏང་ཕ་མས་བུ་ཕྲུག་ཆུང་ཤོས་ལ་འདང་རྩིས་ཆེ་བས་བུ་ཐ་ཆུང་ནང་དུ་ཉར་ཞིང་། ཕ་མར་ཁ་གསོ་མཁན་དུ་བུ་མོ་ཉར་བ་ཡང་ཡོད།

4 ང་རང་གི་གྲོང་ཚོ་རུ་མི་རིགས་གཞན་ལ་གཉེན་སྒྲིག་བྱས་ན་བཙོག་པོར་ལྟ་ཞིང་དེ་ལྟར་བྱེད་མཁན་ད་ཕན་མི་འདུག ཡིན་ཡང་གྲོང་གསེབ་གཞན་དུ་སྐྱེས་མ་ཚོ་རིགས་གཞན་ལ་གཉེན་སྒྲིག་བྱེད་པ་འདུག་ལ། རིགས་གཞན་ལ་གཉེན་སྒྲིག་བྱེད་མཁན་གྱི་ཁྲོད་དུ་སྐྱེས་མ་ལས་བྱེད་པ་ལས་སྐྱེས་པ་ལས་བྱེད་པ་མང་བར་འདུག

5 ངའི་གྲོང་ཚོ་ལ་དུད་ཁྱིམ160ཡོད། དེ་ལས་ཁྱོ་ག་གཉིས་ཙམ་ཞིག་གིས་ཨ་རག་འཐུང་བ་སོགས་ཀྱི་སྐབས་སུ་ཆུང་མར་གཞུས་པ་རེད། སྔོན་ཞིག་ལ་ཆུང་མར་གཞུས་ཏེ་གདོང་ལ་རྨ་བཟོས་པ་ཞིག་མཐོང་མྱོང་། མི་ཚོས་སྐྱེས་པ་དེ་རིགས་སྡུག་ཆགས་ལ་རྩི། དེང་སྐབས་ལོ་སུམ་ཅུ་མན་གྱི་སྐྱེས་པའི་ཁྲོད་དུ་རང་གི་བཟའ་ཚང་ལ་རྡུང་མཁན་ཧ་ཅང་ཉུང་ཉུང་རེད། ལུང་པ་འདིར་ཁྱོ་གས་ཆུང་མར་བརྡུངས་ཏེ་དམར་གསོད་བཏང་བ་ཞིག རང་ལོ29ལ་སོན་པའི་བར་དུ་ངས་གོ་མྱོང་མེད།

6 དེང་སྐབས་ངའི་ཕ་ཡུལ་དུ་ཕྲུ་གུ་གསུམ་སྐྱེས་མཁན་ཧ་ཅང་དཀོན་པོ་རེད། ཕྲུ་གུ་གཅིག་དང་མང་ཆེ་ཤོས་ཀྱིས་གཉིས་མ་གཏོགས་སྐྱེ་གི་མི་འདུག

7 ངའི་ལུང་པར་ཡང་བུ་སྐྱེས་ན་དགའ་བ་ལས། བུ་མོ་སྐྱེས་ན་དགའ་གི་མ་རེད།

8 ངའི་གྲོང་ཚོར་བུ་སྤུན་ཚང་མར་མནའ་མ་གཅིག་ལེན་པའི་གོམས་སྲོལ་དེ་མི་འདུག་ལ། གྲོང་ཚོ་གཞན་དུའང་དེ་འདྲ་ཡོད་པ་ངས་གོ་མ་མྱོང་།

9 ཕོ་མོ་ན་གཞོན་གཉིས་བཟའ་ཚང་བཅའ་དུས། སྤྱིར་བཏང་ཁྱིམ་ཚང་ནང་ལ་མི་རྒྱུ་ཡོད་མེད་ལ་ལྟོས་ནས་བཀོད་སྒྲིག་བྱེད། གཉི་གའི་ཁྱིམ་དུ་མི་རྒྱུ་མེད་པ་ཡིན་ན། ཆང་ས་བརྒྱབ་རྗེས་རང་རང་གི་ཕ་མར་ཞབས་གཡོག་སྒྲུབ་བཞིན་ནང་དུ་སྡོད་ཅིང་ཡོང་འབབ་གསོག་པའི་དངུལ་ལས་རང་གི་བྱིས་པའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་དུ་ཉུང་ཉུང་གཏོང་བ་ཕུད། གཞན་ཚང་མ་སོ་སོའི་ནང་ལ་གཏོང་གི་ཡོད་རེད། ངའི་ཁྱོ་ག་ཡང་དེ་བཞིན་རེད།

10 ད་ཆ་གཞོན་སྐྱེས་ཁྲོད་དུ་བཟའ་འཐོར་བྱུང་མཁན་ཇེ་མང་དུ་འགྲོ་ཡི་འདུག དེ་ནི་སྐད་འཕྲིན་བྱུང་བས་ཕོ་མོའི་བར་དུ་འབྲེལ་འདྲིས་སྟབས་བདེ་བོ་གྱུར་པའི་རྐྱེན་གྱིས་དང་། ཡང་སྐྱེས་པ་སྐོར་ཞིག་ལག་འབབ་གསོག་ཏུ་འགྲོ་དུས་དགའ་རོགས་བཙལ་བ་ཆུང་མས་ཤེས་ཏེ་བཟའ་ཚང་བར་ལ་རྙོག་དྲ་བྱུང་བ་སོགས་ཀྱིས་ཡིན་ས་རེད།

                                       2020/08/15ཉིན།



འཕྱོངས་རྒྱས་ཞོལ་གྲོང་ཚོ།



འཕྱོངས་རྒྱས་ཞོལ་ནི་དམིགས་བསལ་གྱི་ས་ཆ་ཞིག་ཏུ་ཆགས་ཡོད། དེ་ནི་རྒྱལ་མཆོག་ལྔ་པ་ཆེན་མོའི་འཁྲུངས་གཞིས་དང་འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་སྐྱེས་ཡུལ། འཕྱིང་བ་སྟག་རྩེ་ཡོད་ས་བཅས་ཡིན་པས་རྟེན་འབྲེལ་སུམ་འཛོམས་ཀྱི་གནས་ཤིག་ཏུ་རང་བཞིན་གྱིས་ཁེལ་ཡོད། གྲོང་ཚོ་དེར་ལོ་ན་སུམ་ཅུ་ཡར་ལ་སོན་པའི་བཟའ་ཟླ་གཉིས་དང་ཁ་བརྡ་བྱས་པ་གཤམ་གསལ་ལྟར།

ང་ཚོའི་གྲོང་ཚོ་གོང་འོག་གཉིས་ཀ་བསྣན་ན་ཁྱོན་བསྡོམས་པས་དུད་ཁྱིམ་སུམ་བརྒྱ་མ་ལོངས་ཙམ་ཞིག་ཡོད། སྤྱིར་བཏང་གྲོང་པ་ཕན་ཚུན་རྒྱག་རེས་བྱེད་སྲོལ་མི་འདུག་ལ། ཕ་མས་རང་གི་ཕྲུ་གུ་ལ་གཅར་རྡུང་ཆེན་པོ་ཡང་བྱེད་གི་མ་རེད། གྲོང་ཚོའི་ནང་དུ་ཆུང་མར་གཞུ་མཁན་གྱི་ཁྱོ་ག་གཉིས་ཡོད་པ་ཚང་མས་ཧ་གོ་གི་རེད། ཁྱོ་གས་ཆུང་མ་བསད་པ་དང་གྲོང་མི་ཕན་ཚུན་འཐབ་ནས་གསོད་རེས་བྱས་པའི་དོན་རྐྱེན་རྩ་བ་ནས་བྱུང་མྱོང་མེད། ཡིན་ཡང་འཕྲུལ་རིགས་ཀྱིས་བསད་པ་དང་རྨས་པ་མང་པོ་འདུག


གྲོང་ཚོ་འདིའི་ནང་དུ་བུ་མོར་མག་པ་བླངས་པའང་བརྒྱ་ཁ་ལྷག་ཅིག་འདུག འདི་གར་ཕོ་མོ་གཉིས་གཉེན་སྒྲིག་བྱེད་སྐབས། མང་ཆེ་ཤོས་ཀྱིས་ཁྱིམ་ཚང་ལ་མི་ཤུགས་ཡོད་མེད་ལ་གཞིགས་ཏེ་མནའ་མ་ལེན་པའམ་མག་པ་འཇོག་པ་གང་རིགས་བྱེད། ངའི་ཆུང་མར་ཨ་མ་ལས་མེད་པས། ང་ཡང་མག་པར་ཡོང་བ་ཡིན།

གྲོང་ཚོ་འདིའི་བཟའ་ཚང་རེ་འགར་བྱིས་པ་གཅིག་དང་། མང་ཆེ་ཤོས་ལ་གཉིས་ལས་མང་བ་སྐྱེ་ཡི་མི་འདུག དེ་ནི་གོམས་སྲོལ་འདྲ་ཞིག་ཏུ་ཆགས་ཚར་འདུག

ངེད་གཉིས་ལ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་ལས། བུ་མོ་སློབ་འབྲིང་འགྲིམ་གི་ཡོད། ཁྱེད་ཀྱིས་བཤད་པ་ལྟར། བོད་ཡིག་བསླབས་ན་ཁ་ལག་རག་གི་མ་རེད་ཅེས་པའི་ལྷ་སའི་བཤད་སྲོལ་དེ་འདྲ་འདི་གར་མི་འདུག ཚང་མས་སོ་སོའི་རིག་གནས་དང་ཆོས་ལུགས་ལ་དགའ་བོ་བྱེད་གི་རེད། ད་དུང་གྲོང་ཚོ་འདིར་ར་མ་ལུག་གི་སྐད་ཆ་བཤད་མཁན་ཡང་མང་པོ་མི་འདུག་ལ། ཐ་མག་དང་སྣ་ཐ་འཐེན་མཁན་ཡང་མང་པོ་ཡོད་མ་རེད། ངས་ཀྱང་ཐ་མག་འཐེན་གི་མེད།

ས་འདིའི་སྐྱེས་པ་མང་ཆེ་ཤོས་ཡག་པོ་ཡོད་རེད། ཁོ་ཚོས་ཞིང་ལས་དང་ཕྱི་ནས་ལག་འབབ་བཙལ་བ་སོགས་ཀྱི་ལས་ཀའི་གདུང་འཁུར་གི་ཡོད་པས་མི་ཚད། བཙལ་བའི་དངུལ་ཡང་གང་བྱུང་མང་བྱུང་དུ་གཏོར་གི་མ་རེད། ངའི་ཇོ་ཡིས་ཀྱང་ལས་ཀ་མང་པོ་བྱེད་གི་རེད། བཟའ་ཚང་ཁ་འཐོར་དུ་འགྲོ་བ་ཡང་མང་པོ་མི་འདུག (ཆུང་མ་དེའི་མིག་ལས་འཛུམ་མདངས་མངོན་བཞིན་དེ་ལྟར་བཤད)

དུད་ཁྱིམ་སུམ་བརྒྱ་ཙམ་ཡོད་པའི་གྲོང་ཚོ་འདི་རུ་ཨ་རག་རྒྱུན་འཐུང་བྱེད་མཁན་གྱི་སྐྱེས་པ་ཉི་ཤུ་ཙམ་འདུག་ལ། མི་རིགས་གཞན་ལ་གཉེན་སྒྲིག་བྱས་པའི་སྐྱེས་མ་གཉིས་འདུག བུ་སྤུན་ཚང་མར་མནའ་མ་གཅིག་ལེན་པའི་སྲོལ་དེ་འདི་ལ་མི་འདུག

ཁྱིམ་དུ་ཕ་མ་ཡོད་ན་དངུལ་ལ་བདག་པོ་རྒྱག་མཁན་གཙོ་བོ་པ་ཕ་ཡིན། མེད་ན་མང་ཆེ་ཤོས་སྐྱེས་པས་བདག་པོ་རྒྱག་ལ། ཆུང་མས་བྱེད་པའང་ཡོད། ངེད་ཚང་གི་དངུལ་ལ་བདག་པོ་བྱེད་མཁན་ང་ཡིན། དེ་འདྲ་ཡིན་ཡང་ཁྱིམ་དུ་ཨ་ཅེ་ལ་དབང་ཆ་ཡོད་དང་ཡོད་རེད། (ཁྱོ་གས་ཆུང་མའི་ངོ་ལ་ལྟ་བཞིན་བཤད)

ང་ཚོར་བ་ཕྱུགས་དང་ར་ལུག་ཅི་ཡང་མེད་པར་ཞིང་ཁ་འདེབས་པ་དང་ཨར་པོ་རྒྱག་པ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཡིན། ད་ལྟ་གང་སར་འཛུགས་སྐྲུན་བྱེད་ཀྱི་ཡོད་ལ། ང་ཚོའི་ཞིང་ཁ་གྲོང་རྡལ་འཛུགས་སྐྲུན་གྱི་ཁོངས་སུ་ཚུད་ཉེར་ཡོད་པས། མ་འོངས་པར་བུ་ཕྲུག་གཉིས་ཀ་སློབ་གྲྭ་ནས་ཐོན་རྗེས་གཅིག་ཏུ་ལས་ཀ་མ་རག གཉིས་སུ་ཞིང་ས་མེད་ན་འཚོ་བར་དཀའ་ངལ་མི་འབྱུང་ངམ་སྙམ་སྟེ་སེམས་ཁྲལ་ཆེ། ས་ཞིང་རང་ལ་བདག་པའི་སྐབས་འདིར། འཚོ་ཚིས་ཐད་ནས་ང་ཚོར་གནོན་ཤུགས་དང་དཀའ་ངལ་མི་འདུག

                                         2020/08/18ཉིན།

 གྲོང་ལ་སྔ་བ་འཕྱིང་བ་སྟག་རྩེ།
རྒྱལ་དབང་ལྔ་བ་ཆེན་མོའི་འཁྲུངས་གཞིས།
འཕྱོངས་རྒྱས་ཞོལ་གྲོང་ཚོ། འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་སྐྱེས་ས།


ཤེལ་བྲག་དགོན་གྱི་བཙུན་མ་ཞིག

ངའི་ཕ་ཡུལ་ནི་ནག་ཆུ་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་དུས་ཚོད་གསུམ་ཡས་མས་ཙམ་ཞིག་སོང་ན་སླེབས་པའི་ལུང་ཁུག་ཅིག་ཡིན། ང་ཚོའི་ས་རུ་སློབ་གྲྭ་མེད་པས་མིང་སྲིང་ཚང་མ་སློབ་གྲྭར་འགྲོ་མྱོང་མེད། ཕ་རྒན་འདས་རྗེས་ཨ་མ་གཅིག་པུས་ང་ཚོ་གསོ་སྐྱོང་གནང་། ང་ལ་ཆུང་དུས་ནས་ཆོས་བྱེད་འདོད་ཀྱི་འདུན་པ་དྲག་པོ་ཞིག་ཡོད་སྟབས་ཀྱིས། རང་ལོ23སྟེང་ནས་བཙུན་མ་བཅས་ཤིང་ཁྱིམ་དུ་བསྡད། སྐབས་དེར་ཤ་ཉེ་བཙུན་མ་གཞན་ཞིག་ལས་བོད་ཡིག་ཀློག་འདོན་སྦྱངས། ད་ལྟ་ང་ལོ་སུམ་ཅུ་ཐམ་པ་ཡིན། ཤེལ་བྲག་དགོན་ལ་ཡོང་ནས་ལོ་གསུམ་འགྲོ་ལ་འདུག

དགོན་པ་འདིར་བཙུན་མ་ལྔ་ཡོད་པ་ཚང་མ་ལོ་གཞོན་གཞོན་ཡིན་རུང་སློབ་གྲྭར་འགྲོ་མྱོང་མཁན་དང་སློབ་སྦྱོང་ཡོད་མཁན་གཅིག་ཀྱང་མི་འདུག འདིར་སླེབས་རྗེས་ཀྱང་བཙུན་དགོན་གཞན་དང་འདྲ་བར་སྒྲུབ་གྲྭ་ལས་བཤད་གྲྭ་མེད་པས་སློབ་སྦྱོང་གི་གོ་སྐབས་མ་བྱུང་། དགོན་པའི་རྒྱབ་རིའི་སྒང་ལ་མཚམས་ཁང་རྩ་ཆེན་པོ་མང་པོ་ཡོད་པ་ནས་མཚམས་རེར་མཚམས་ལ་སྡོད་གི་ཡོད། ང་ཚོ་བཙུན་མ་ལྔ་བོའི་ལས་ཀ་གཙོ་བོ་ནི་དགོན་པར་མཆོད་པ་མཆོད་བཤམས་དང་གད་བདར་གཙང་སྦྲ་བྱེད་རྒྱུ་དེ་ཡིན་ལ། ང་རང་དགོན་པའི་མ་བྱན་ཡིན། ངས་ད་ལྟ་འདོན་པའི་ཁ་ཏོན་འདི་དགོན་པའི་བསྐང་གསོལ་ཡིན། ང་ཚོས་ཁ་ཏོན་ཕྲན་ཙམ་རེ་མ་གཏོགས་ཆོས་ཆེན་པོ་ཤེས་གི་མ་རེད།

ད་ལྟའི་དགོན་པའི་སྣེ་མོ་བ་དེའི་ཕ་ཡུལ་གཙང་གི་རྣམ་གླིང་ནས་ཡིན་ཞིང་། ད་ཆ་མོ་རང་ལོ38ལ་སླེབས་འདུག ཁོ་མོ་ཡང་སློབ་གྲྭའི་སྒོ་ཐེམ་ལའང་གོམ་པ་སྤོས་མ་མྱོང་མཁན་ཞིག་རེད། ཁོ་ཚོའི་ས་ཆ་སྟེ་གཙང་གི་མནའ་མའི་ལས་དབང་སྡུག་པོ་ཡིན་པ་ཤེས་པས་མནའ་མར་འགྲོ་སྙིང་མ་བྱུང་བར་མོ་རང་ལོ་ཉི་ཤུ་ལྷག་གི་སྟེང་ནས་བཙུན་མ་བཅས་པ་ཞིག་རེད་འདུག

གསལ་བཤད། ང་ཚོ་ཁ་སང་ཡར་ཀླུང་ཤེལ་བྲག་དགོན་ལ་སླེབས་པར། ནམ་རྒྱུན་ལྟར་དུ་གནས་བཤད་ཅིག་གནང་རོགས་ཞེས་ཞུ་བ་བྱས་པ་ན། དགོན་པའི་ནང་སྒོ་ཁར་ལངས་ཏེ་མཆོད་མཇལ་ཞུ་མཁན་ཚོར་ལྷམ་ཤུབས་སྟེར་བཞིན་པའི་བཙུན་མ་དེས། ངས་གནས་བཤད་བྱེད་མི་ཤེས་ཟེར་བཞིན་གཞན་ཞིག་ལ་སྐད་གཏོང་བར་བུད་སོང་། དེ་ནས་བཙུན་མ་ཞིག་མཐོང་བར་དེ་ལ་ཞུ་བ་བྱས་པར། མོས་ཀྱང་གནས་བཤད་བྱེད་མི་ཤེས་ཟེར་ནས་བུད་སོང་། དེ་ནས་ཅུང་མ་འགོར་བར་རྡོ་རྗེ་བྲག་ནས་ཚུར་བཏང་བའི་བཙུན་པ་དེས་གནས་བཤད་གནང་། ན་ནིང་དོ་ཚིགས་བཙུན་དགོན་མང་ཙམ་ཞིག་ལ་མཇལ་མྱོང་། དེ་དག་གཙང་སྦྲ་ཧ་ཅང་བཟང་ཡང་བཤད་གྲྭ་ཡོད་མཁན་ཧ་ལམ་མི་འདུག བཙུན་མ་ཚོར་གདེང་ཚོད་མེད་ཅིང་འཚེར་སྣང་ཤིན་ཏུ་ཆེ་ལ། སྐད་ཆ་ཡང་བཤད་མི་ཕོད་པའི་ཚོར་བ་ཞིག་ང་ལ་སྟེར་གྱི་འདུག ཁ་སང་ཡང་དེ་ལས་མ་འདས། གང་ལྟར་ད་བར་དུ་ཐ་ན་གནས་བཤད་ཡག་པོ་གནང་མཁན་གྱི་བཙུན་མ་ཞིག་ལའང་ཐུག་མ་མྱོང་།

ངས་བསམས་ན། དེ་ནི་བཙུན་མ་ཚོར་ཁ་ལྕེ་མེད་པ་དང་རིག་པ་མེད་པ་སོགས་ཀྱིས་མིན་པར། མི་དང་མི་ཡི་འབྲེལ་འདྲིས་ཀྱིས་དབུལ་ལ་ལྟ་རྒྱ་མཐོང་རྒྱ་མེད་པ། དགེ་རྒན་ཡག་པོ་ཞིག་དང་གཞུང་ཆེན་པོར་བསླབ་པ་སློབ་གཉེར་དང་ཐོས་བསམ་བྱེད་སའི་བཤད་གྲྭ་སོགས་མེད་པར་དགོན་པའི་ཁོར་ཡུག་ཆུང་ཆུང་དེ་ནས་དགོན་པར་ཞབས་ཏོག་དང་གཙང་སྦྲ། ཐོས་པ་མེད་པའི་སྒོམ་ཐན་ཐུན་རེའི་ཁྲོད་ནས་མི་ཚེ་ཟད་ཀྱིན་པས་ལོས་ཡིན་འདོད།

            2020/08/17ཉིན།


བསམ་ཡས་སྒྲ་བསྒྱུར་གླིང་གི་ཉེ་པར།


གོ་འཇོའི་གནས་སྤོས་པ།


ཕ་ཡུལ་གོ་འཇོ་ནས་ཡིན་པའི་དུད་ཁྱིམ་བཅའ་བཅུ་ཞིག་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ་བསམ་ཡས་རྒྱུད་དུ་གནས་སྤོས་ནས་ལོ་རེ་གཉིས་སོང་ཡོད་ཚོད།

དུད་ཁྱིམ་བཅའ་བཅུ་བོ་དེ་དག་བསམ་ཡས་རྒྱུད་ལ་འབྱོར་རྗེས། དེ་གའི་མི་སེར་གྱི་འཚོ་བ་དཀྲོགས། གསར་འབྱོར་པ་ཚོས། གཉུག་གནས་པ་ཚོའི་མི་རབས་ཚ་རྒྱུད་ཀྱི་འཚོ་རྟེན་དུ་གྱུར་པའི་ས་ཞིང་དང་རྩྭ་ས་ལ་སོགས་པ་ཁོ་ཚོར་ཡང་བགོ་བཤའ་རྒྱག་དགོས་ཚུལ་དང་ཁོ་ཚོ་དང་ཁེ་ཕན་འདྲ་འདྲ་དགོས་ཚུལ་བཤད་དེ་ཕན་ཚུན་བར་དུ་རྩོད་པ་ཤོར། ད་དུང་། ནགས་རའི་ལྕགས་དྲ་བཙན་གྱིས་གཏོར་ཏེ་བ་ཕྱུགས་ནགས་ཚལ་ནང་དུ་བརྒྱབ་པ་སོགས་ཀྱི་རྙོག་དྲ་མང་པོ་བཟོས། དེ་བས། འདི་ཚོས་གནས་ལུགས་བརྩི་གི་མི་འདུག་སྙམ་པའི་བག་ཆགས་ཤིག་དེ་གའི་མི་སེར་གྱི་སེམས་ལ་བཞག་ཚར་འདུག དེ་ནི་འཚོ་རྟེན་འཚོ་ཚིས་ཀྱི་སླད་དུ་ཡིན་པས་ན། བསམ་ཡུལ་ལས་ཆེས་ཆེར་འདས་པ་ཞིག་མ་རེད་ཟེར་ཡང་མི་ཆོག་པ་མེད་པ་འདྲ།

གནས་སྤོས་པ་ཚོས། བུད་མེད་ལ་ཕྲུ་གུ་སྐྱེ་དུས་སྨན་ཁང་དུ་མི་སྐྱེལ་བར་ཕྱུགས་ཀྱི་ལྷས་ཁང་དུ་སྐྱེ་རུ་འཇུག་པ་དང་། གལ་ཏེ་བུད་མེད་དེ་ལ་བུ་ཞིག་སྐྱེས་ན་མ་བུ་གཉིས་ཀའི་མགོ་ལ་མར་བརྐུས་སྣུམ་བྱུགས་ཏེ་མཐོང་ཆེན་པོ་བྱེད་པ་དང་། གལ་ཏེ་བུ་མོ་ཞིག་སྐྱེས་ན་མ་བུ་གཉིས་ལ་ཁ་ཡ་མི་བྱེད་པར་སྣང་མེད་དུ་འཇོག་པའི་ཚུལ་མཐོང་བ་དེས་ནི། དབུས་པ་ཚོ་ལྷག་པར་ཧ་ལས་ཧང་སང་ཧོན་ཐོར་དུ་བཅུག་འདུག

སྨིན་གྲོལ་གླིང་གི་ལྟག་རྒྱབ་ཀྱི་གྲོང་ཚོ་ཞིག

ང་ལ་མཚོན་ན། སྲོལ་རྒྱུན་མི་ལེགས་པ་དེ་སྔར་མུས་སུ་གནས་ཡོད་པ་མཐོང་དུས་བློ་ཕམ་འབྱུང་བ་ཙམ་ལས། ཡ་མཚན་ཆེན་པོ་སྐྱེས་མ་སོང་། གང་ལགས་ཤེ་ན། དེ་འདྲའི་དོན་དག་མདོ་ཁམས་ཀྱི་ས་ཆ་ལ་ཤས་སུ་ད་དུང་ཡང་རྒྱུན་ཆད་མེད་པ་གོ་ཐོས་བྱུང་བས་དང་། ང་རང་གི་ཨ་མས་ཀྱང་། བུ་ཕྲུག་སྐྱེ་དུས་ད་ལྟའི་གོ་འཇོ་པ་ནང་ལྟར་ཕྱུགས་ཀྱི་ལྷས་ཁང་དུ་སྐྱེས་པ་ཡིན་པས་སོ། །

ངའི་ཨ་མས་བུ་མོ་གསུམ་བསྟུད་མར་སྐྱེས་པའི་མཐར་ངའི་སྟེང་ལ་སླེབས་རྗེས། ཨ་ཕ་ཡི་མུག་སྟེ་ཉིན་དུ་མར་ཁ་མ་གྲག་པར་བཟོ་ལྟ་ཤོར་བ་སྡེ་མིའི་ངག་ལས་གོ ཁག་མི་འདུག དེ་ནི་ཨ་ཕ་སྒེར་གྱི་སྐྱོན་ཆ་ཁོ་ན་ཞིག་ག་ལ་ཡིན། བུ་མོར་མཐོང་མེད་པའི་སྤྱི་ཚོགས་ཤིག་ཏུ། 摔跤吧,爸爸ཞེས་པ་ལྟ་བུའི་ཁོར་ཡུག་གི་དབང་དུ་མི་འགྲོ་བའི་ཨ་ཕ་རང་ཚུགས་ཅན་དེ་འདྲ་ཤིན་ཏུ་དཀོན་པ་རྒྱུན་ལྡན་མ་ཡིན་ནམ།

2020/08/20ཉིན།



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།