དྭགས་པོ་རིན་པོ་ཆེའི་རྣམ་ཐར་དངོས།_རྩིས་ཆེ་ལེགས་མཐོང་།

9758




ལོ་རྒྱུས་འབྲི་བ་ན་མི་མཐུན་པ་མེད་པ་ནི་ཧ་ཅང་གལ་ཆེ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ཀྱང་མི་མཐུན་པ་མང་བ་དེས་ཞིབ་འཇུག་པ་ཁ་ཤས་ཀྱིས་ཐ་ན་སློབ་དཔོན་ཀླུ་སྒྲུབ་ཟེར་བ་བྱུང་མྱོང་ཡོད་མེད་ཀྱང་དོགས་པ་ཡིན་པར་བཤད་ཡོད། བོད་དུ་ཡང་བླ་མ་གོང་མ་འགའ་ཞིག་གི་རྣམ་ཐར་ལ་ཡང་དཀའ་ངལ་དེ་ཡོད་པ་ནི་མར་པ་རྒྱ་གར་དུ་ཐེངས་གསུམ་ཕེབས་ཟེར་བ་དང་། བཞི་ཕེབས་ཟེར་བ། བདུན་ཕེབས་ཟེར་བ་ལྟ་བུ་རེད། ཁ་ཤས་ཀྱིས་དེ་ནི་བླ་མའི་མཛད་པ་ལ་གདུལ་བྱའི་སྣང་ཚུལ་མི་འདྲ་བའི་རྒྱུ་མཚན་གྱིས་ཡིན་པར་བཤད་ཀྱང་། སྣང་བ་དང་ལོ་རྒྱུས་གཉིས་ཀྱི་ས་མཚམས་ཤིག་དགོས་པ་ལས་སྣང་ཚད་ལོ་རྒྱུས་ཡིན་པར་བཤད་ན་ག་ལ་འགྲིག ལྷག་པར་བོད་ཀྱི་བླ་མ་མང་པོའི་རྣམ་ཐར་ལ་ཞན་ཆ་ཆེ་བ་ཡང་གཅིག་ནས་བླ་མ་མང་པོས་ཁེངས་སྐྱུངས་ཀྱི་ཚུལ་གྱིས་རང་རྣམ་མི་འབྲི་བ་དང་། གཉིས་ནས་སློབ་མ་རྣམས་ཀྱིས་བླ་མའི་རྣམ་ཐར་བྲིས་ན་སྐུ་ཚེ་ལ་གནོད་རབས་ཀྱིས་བླ་མ་སྐུ་འཚོ་བཞུགས་སྐབས་རྣམ་ཐར་མི་འབྲི་བ་དང་། གསུམ་ནས་བླ་མ་སྐུ་གཤེགས་རྗེས་དངོས་སློབ་མང་པོས་རྣམ་ཐར་འབྲི་བའི་ལས་འགན་ལ་འཐུས་ཤོར་གཏོང་བ་དང་། བཞི་ནས་བླ་མའི་མཛད་ཕྲིན་དང་མཚན་སྙན་རྒྱས་རིམ་བཞིན་ལྷ་སྒྲུང་ཡང་ཇེ་མང་དུ་འགྱུར་བ་དང་། ལྔ་ནས་ཕྱིས་སུ་རྣམ་ཐར་རྩོམ་པ་པོ་མང་པོས་དཔྱད་གཞིའི་ཡིག་ཆ་ཚད་ལྡན་ལ་ཁུངས་བཅོལ་བ་དང་ཞིབ་འཇུག་གཟབ་ནན་གྱིས་མ་བྱས་པར་ངག་རྒྱུན་ལོ་རྒྱུས་ཙམ་ལ་བརྟེན་ནས་བླ་མའི་རྣམ་ཐར་མང་པོ་འབྲི་བ་དེས་བླ་མ་མང་པོའི་རྣམ་ཐར་ལ་ཡིད་ཆེས་དཀའ་བར་གྱུར་ཡོད།

སྐབས་སུ་བབ་པ་དྭགས་པོ་རིན་པོ་ཆེའམ་སྒམ་པོ་པ་བསོད་ནམས་རིན་ཆེན་ནི་དྭགས་པོ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་པོ་ཡིན་པས་ན་ཁོང་ལ་བོད་ཀྱི་བླ་མ་སྙན་གྲགས་ཅན་ཕལ་མོ་ཆེ་བཞིན་རྣམ་ཐར་རྒྱས་བསྡུས་ཧ་ཅང་མང་པོ་ཡོད་ཀྱང་། དེ་དག་ལ་དཔྱད་པར་བྱ་བ་མང་དུ་ཡོད་པ་ནི། འགོས་ལོ་གཞོན་ནུ་དཔལ་སོགས་ཀྱིས་པོ་ཏོ་བས་དྭགས་པོའི་ཕྱག་ཆེན་གྱི་སྐོར་ལ་གླེང་གནང་ཚུལ་དང་། ཞྭ་དམར་མཁའ་སྤྱོད་དབང་པོ་སོགས་ཀྱིས་དྭགས་པོ་རིན་པོ་ཆེ་མི་ལ་རས་པ་མཇལ་དུ་ཕེབས་ཁར་སྤྱན་སྔ་བས་བཀའ་གདམས་པའི་རྟགས་མ་བོར་བར་ཡོང་དགོས་ཚུལ་གསུངས་པར་གསུངས་ན་ཡང་ལོ་ཚིགས་བསྒྲིགས་ན་དེ་དག་ནོར་བ་ཡིན་པར་རྟོགས་ཐུབ། གཞན་ཡང་རྣམ་ཐར་དེ་དག་གི་ནང་དུ་དྭགས་པོ་རིན་པོ་ཆེ་ཁྱིམ་པ་ཡིན་སྐབས་ཀྱི་མཚན་གང་ཡིན་པ་དང་། ཁོང་ལ་སྲས་ག་ཚོད་ཡོད་མེད། ལྕམ་དང་སྲས་དེ་དག་གྲོངས་རྐྱེན། རབ་ཏུ་བྱུང་བའི་དགུང་གྲངས། སྡོམ་པ་ཞུ་སའི་མཁན་པོ་དང་སློབ་དཔོན་སུ་ཡིན་མིན། མི་ལ་རས་པ་དང་མཇལ་འཕྲད་བྱུང་ཚུལ། སྐུ་གཤེགས་པའི་དགུང་གྲངས་སོགས་ཀྱི་ཐད་ལ་མི་མཐུན་པ་མང་བས་ཕལ་མོ་ཆེས་དེ་དག་ལས་ཡོངས་གྲགས་གཞིར་བཞག་བྱེད་པའམ། ཡང་ན་འདོད་ཚུལ་མི་འདྲ་བར་ངོས་འཛིན་པ་ལས་དེ་དག་ལས་གང་ཞིག་བདེན་མིན་ནི་ཐག་གཅོད་པའི་རེ་བ་མེད་པ་ལྟར་གྱུར་ཡོད། འོན་ཀྱང་བཤད་སྲོལ་མི་འདྲ་བ་དེ་དག་ལས་གང་རུང་ཞིག་བདེན་པ་དང་གཞན་རྣམས་ནི་མི་བདེན་པ་ཡིན་པ་ལས་བླ་མའི་རྣམ་ཐར་རམ་ལོ་རྒྱུས་ནི་མོ་འདེབས་པའམ་ལྟ་གྲུབ་བཤད་པ་ལྟར་ག་ལ་ཡིན། བླ་མའི་རྣམ་ཐར་ཤེས་ཟེར་བ་ཡང་ཁུངས་དང་རྒྱུ་མཚན་ཡོད་པ་ཞིག་ཤེས་དགོས་པ་ལས། ཅི་ཞིག་ཡིན་པར་གྲགས་པའམ། དེ་ལྟར་ཡིན་སྲིད་ཟེར་བ་སོགས་ཀྱིས་མི་ཕན། རྒྱུ་མཚན་དེས་ང་ཚོས་ཁོང་གི་རྣམ་ཐར་ལ་དཔྱད་པ་ཞིབ་མོ་བྱ་རྒྱུ་དང་། ཡིག་ཆ་ཁུངས་ལྡན་ལ་ཁུངས་བཅོལ་ནས་རྣམ་ཐར་ཚད་ལྡན་འབྲི་རྒྱུ་ནི་གལ་ཆེན་དུ་མཐོང་བས་འདིར་ཁོ་བོས་དཔྱད་གཞིའི་བསམ་འཆར་ཙམ་འདོན་ན་འདོད།

དེ་ལ་དྭགས་པོ་རིན་པོ་ཆེའི་རང་རྣམ་རྩོད་མེད་ཅིག་ནི་མེད་པ་འདྲ་ལ། ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པའི་དྭགས་པོའི་རྣམ་ཐར་ཀུན་ཁྱབ་སྙན་པའི་བ་དན་ལས། “འདི་དག་ནི་རྗེ་ཉིད་ཀྱིས་གསུངས་པའི་རྣམ་པར་ཐར་པ་རྒྱས་བསྡུས་གསུམ་དང་།” ཞེས་དྭགས་པོ་རིན་པོ་ཆེ་རང་གིས་ཀྱང་རང་རྣམ་ལྟ་བུར་གསུངས་པའི་རྣམ་ཐར་ཁ་ཤས་ཡོད་པར་གསལ་ན་ཡང་། དེ་དག་གང་འདྲ་ཞིག་ཡིན་མིན་གསལ་པོ་མེད་ལ། ད་ལྟ་དྭགས་པོ་རིན་པོ་ཆེའི་གསུང་འབུམ་དུ་མེད་ཅིང་ཐོབ་རེ་ཡང་མེད་པ་འདྲ། འོན་ཀྱང་ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པའི་ཀུན་ཁྱབ་སྙན་པའི་བ་དན་ནི་དེ་དག་ལ་ཁུངས་བཅོལ་བར་གསལ་ཞིང་མཁའ་སྤྱོད་དབང་པོས་མཛད་པ་དེར་དྭགས་པོ་རིན་པོ་ཆེའི་རྣམ་ཐར་དངོས་ཡིན་མིན་གྱི་དོགས་གཞི་མང་བས་དེ་དག་དྭགས་པོ་རིན་པོ་ཆེས་དངོས་སུ་གསུངས་པ་ལས་ཀྱང་མ་གསུངས་པའི་རྒྱུ་མཚན་ཆེ་བར་སྣང་། དེ་ལྟར་ན་དྭགས་པོ་རིན་པོ་ཆེ་རང་གིས་མཛད་པའི་རང་རྣམ་མེད་ན། འོ་ན་དྭགས་པོ་རིན་པོ་ཆེའི་རྣམ་ཐར་རྙིང་ཤོས་གང་ཡིན་ནམ་སྙམ་ན། གཅིག་ནི་འབའ་རོམ་དར་མ་དབང་ཕྱུག་གིས་མཛད་པར་གསལ་བ་ཞིག་སྟེ། དེ་ལ་ཡང་མ་དཔེ་དང་མཛད་བྱང་ཅུང་མི་འདྲ་བ་ཁ་ཤས་ཡོད་པ་ཡང་། གཅིག་གི་མཛད་བྱང་དུ། “གྲུབ་ཐོབ་ཆེན་པོར་གྱུར་པའི་བླ་མ་དྭགས་པོ་ལྷ་རྗེ་དེས་བྷ་བྲོཾ་པ་ལ་གསུངས་པའོ།།” ཞེས་འབྱུང་ཞིང་། གཞན་ཞིག་གི་མཛད་བྱང་དུ། “བླ་མ་བདེ་བར་གཤེགས་པ་རིན་པོ་ཆེ་ཆོས་རྗེ་སྒམ་པོའི་རྣམ་པར་ཐར་པ་རྣམས། ཉེ་གནས་ལེགས་མཛེས་དང་། བྱང་ཡེ་དང་། གསལ་བྱང་དང་། དགེ་བཤེས་ཇོ་བསྟན་དང་། སློབ་དཔོན་སྒོམ་པ་དང་། དེ་རྣམས་བཀའ་བགྲོས་བྱས་ནས། བླ་མ་འབབ་རོམ་པས་ཡི་གེར་སྐོད་པའོ།།” ཞེས་འབྱུང་བ་ལ། དེ་གཉིས་ཚིག་ཁ་ཤས་ལས་ནང་དོན་ནི་ཁྱད་པར་ཕལ་ཆེར་མེད།

འབའ་རོམ་དར་མ་དབང་ཕྱུག་ནི་དྭགས་པོ་རིན་པོ་ཆེའི་སློབ་མ་རྒན་པ་དང་ཉེ་གནས་ཀྱང་ཡིན་པའི་རྒྱུ་མཚན་གྱིས་གལ་སྲིད་འདི་ཉིད་འབའ་རོམ་དར་མ་དབང་ཕྱུག་གིས་དངོས་སུ་མཛད་པ་ཡིན་ན་དཔྱད་གཞི་ཙམ་མིན་པར་ཚད་མར་བཟུང་ན་ཡང་ཆོག་པ་ལྟ་བུ་ཡིན་ན་ཡང་། འདི་ཉིད་འབའ་རོམ་པས་མཛད་ཡོད་སྲིད་ཀྱང་སྒམ་པོ་པས་གསུངས་པ་མིན་ལས་ཆེ་བར་མཐོང་ཞིང་། ད་དུང་ཉེ་གནས་རྣམས་བགྲོས་ཏེ་མཛད་མིན་ཀྱང་བཤད་དཀའ་བ་སྟེ། ཉེ་གནས་རྣམས་བགྲོས་ཏེ་མཛད་པར་གསལ་བའི་དྭགས་པོའི་རྣམ་ཐར་གཞན་ཞིག་ཡོད་པ་དང་མི་མཐུན་པའི་ཆ་མང་བའི་ཕྱིར་རོ།། གཞན་དེ་ནི་ད་ལྟའི་ཆར་འབྲི་གུང་ཆོས་མཛོད་སོགས་སུ་བཞུགས་པའི་དྭགས་པོའི་བཀའ་འབུམ་དུ་ཡང་བཞུགས་སུ་གསོལ་ཡོད་ཅིང་། མཚན་ལ་དྭགས་པོ་ལྷ་རྗེའི་རྣམ་པར་ཐར་པའི་དབུ་ཕྱོགས་ལགས་སོ།། ཞེས་པ་ཙམ་ལས་མཚན་དམིགས་བསལ་མི་གསལ་ཞིང་། མཛད་བྱང་ལས། “བླ་མ་རིན་པོ་ཆེ་སྒམ་པོ་པའི་རྣམ་ཐར་འདི་ནི་ཉེ་གནས་ལེགས་མཛེས་དང་། བྱང་ཡེ་དང་། གསལ་བྱང་དང་། སློབ་དཔོན་སྒོམ་པ་དང་། ཁམས་པ་རྡོ་རྗེ་རྒྱལ་དང་། དེ་རྣམས་ཀྱི་བཀའ་བསྒྲོས་ཏེ་ཡི་གེར་བཀོད་པའོ།།” ཞེས་འབྱུང་། འདིའི་ནང་དུ་དྭགས་པོ་རིན་པོ་ཆེ་སྐུ་གཤེགས་ཁར་བླ་མ་བསྟེན་འདོད་པ་དང་ཆོས་ཞུ་འདོད་པ་དང་། ཆོས་འདྲི་འདོད་པ་ཐམས་ཅད་ཀྱིས་དགེ་བཤེས་ཁམས་པ་ལ་གྱིས་ཤིག་ཅེས་གསུང་ཚུལ་འབྱུང་བ་ལ། སྒོམ་ཚུལ་ནི་དྭགས་པོ་རིན་པོ་ཆེའི་སློབ་མ་རྒན་ཤོས་ཡིན་པས་ཕག་གྲུ་དང་དུས་མཁྱེན་བཅས་དྭགས་པོ་རིན་པོ་ཆེའི་སློབ་མ་ཐམས་ཅད་ཀྱི་བླ་མ་ཡང་ཡིན་པས་ན་སྒོམ་ཚུལ་བཞུགས་བཞིན་དུ་དྭགས་པོ་རིན་པོ་ཆེས་འདི་ལྟར་གསུང་དཀའ་བས་འདི་ཉིད་དྭགས་པོའི་སློབ་མ་རྣམས་ཀྱི་ཟིན་བྲིས་ལ་ཕག་མོ་གྲུ་པའི་ཕྱོགས་འཛིན་འགའ་ཞིག་གིས་ཁ་སྣོན་ཅུང་བྱས་པ་ཞིག་ཡིན་ལས་ཆེ་སྙམ།

ད་དུང་འདིའི་ནང་དུ་དྭགས་པོ་རིན་པོ་ཆེ་དབུས་ནས་གཙང་དུ་མི་ལ་རས་པ་མཇལ་བར་ཕེབས་པ་ན་དྭགས་པོ་རིན་པོ་ཆེས་མི་ལ་རས་པ་ལ་ཁོང་དྭགས་པོ་ནས་ཡིན་པར་ཞུས་ཚུལ་འབྱུང་བ་ལ། སྐབས་དེར་དྭགས་པོ་རིན་པོ་ཆེ་ནི་དྭགས་ལྷ་སྒམ་པོ་ནས་མིན་པས་རྣམ་ཐར་འདི་ལ་ཡང་དོགས་གཞི་མི་ཉུང་བ་མཐོང་ན་ཡང་། གཞི་རྩའི་ཆ་ནས་ཁོ་བོའི་བསམ་ཚུལ་ལྟར་ན་དྭགས་པོའི་རྣམ་ཐར་རྒྱས་པ་ཡོད་དོ་ཅོག་ནས་འདི་ཉིད་བཟང་ཤོས་སུ་མཐོང་ཞིང་ལྷག་པར་སྐུ་ཚེའི་སྨད་ཀྱི་རྣམ་ཐར་རྣམས་གསལ་ཤོས་ཀྱང་འདི་ཡིན་དགོས་པར་སྣང་། འདིའི་མཛད་བྱང་གི་གཤམ་དུ་སུས་བཀོད་མིན་གསལ་པོ་མེད་པ་ལ། “སྤྱིར་བཀའ་བརྒྱུད་ཀྱི་རྣམ་ཐར་བཞེད་པ་མི་མཐུན་པ་དཔག་ཏུ་མེད་པ་ཡོད་ཀྱང་། མདོ་རྒྱུད་ཐམས་ཅད་ཀྱི་བཞེད་པ། ཁོང་རང་ཉིད་ཀྱི་གསུང་གི་བབ་དང་མཐུན་ཞིང་། ཕྱོགས་སུ་མ་ལྷུང་བ་འདི་ལྟ་བུ་ནི། འདི་ཉིད་ཙམ་མ་གཏོགས་པ་གང་དང་གང་དུའང་དཀོན་ཏེ། ཨུ་དུམ་ཝ་རའི་མེ་ཏོག་བཞིན་ནོ།། དེ་ཡང་སྙིགས་མའི་དུས་ལ་བབ་པས། ཐམས་ཅད་རྫུན་གྱིས་རྗེས་སུ་འབྲང་བར་འདུག་སྟེ། འདི་ལྟ་བུ་ནི་ཤིན་ཏུ་དཀོན་པ་ལགས་སོ།།” ཞེས་འབྱུང་བ་ལ་ཚིག་འདི་དག་ཕྱིས་ཙམ་དུ་སུ་ཞིག་གིས་བཀོད་ཡོད་ལས་ཆེ་ཞིང་། དྭགས་པོ་རིན་པོ་ཆེའི་རྣམ་ཐར་ཡོངས་གྲགས་ཁག་དང་བསྡུར་ན་བསྟོད་པ་འདི་ལ་གནས་ལུགས་ཀྱང་ཆེ་ཙམ་ཡོད་པར་མཐོང་། ཡང་ཞྭ་དམར་མཁའ་སྤྱོད་དབང་པོས། “བྲན་ཁ་རིན་པོ་ཆེས་རྒྱས་པར་མཛད་པ་དང་། འདུལ་འཛིན་གྱིས་ཟིན་བྲིས་སུ་མཛད་པ་རྣམས་གུང་བསྒྲིགས་ཏེ།” ཞེས་གསུངས་པ་ལ། བྲན་ཁ་རིན་པོ་ཆེས་མཛད་པ་ཞེས་པ་དེ་ནི་འབའ་རོམ་དར་མ་དབང་ཕྱུག་གིས་མཛད་པ་དེ་ཡིན་ལས་ཆེ་བ་ཡང་། འབའ་རོམ་དར་མ་དབང་ཕྱུག་ནི་བྲན་ཀའམ་བྲན་ཁའི་རིགས་བརྒྱུད་ཡིན་པས་སོ།། འོན་ཀྱང་འབའ་རོམ་པས་མཛད་པ་དེ་ལ་དེ་ཙམ་རྒྱས་པོ་ཞིག་མ་མཐོང་། འདུལ་འཛིན་པ་ཞེས་པ་ནི་དྭགས་པོ་འདུལ་འཛིན་ཞེས་པ་དྭགས་པོ་རིན་པོ་ཆེ་དང་དྭགས་པོ་རིན་པོ་ཆེའི་དངོས་སློབ་མང་པོའི་སློབ་མང་པོའི་སློབ་མར་གྱུར་པ་སྟེ་སྒམ་པོའི་གདན་རབས་བཞི་པར་གྱུར་པ་དེས་མཛད་པ་ཞིག་ཡིན་ལས་ཆེ་ན་ཡང་ད་ལྟ་ནི་ཡིག་ཆ་དེ་ཉིད་བཞུགས་མེད་པ་འདྲ།

གཞན་ཡང་འབྲུག་པ་བཀའ་བརྒྱུད་སོགས་བཀའ་བརྒྱུད་པའི་བླ་མ་རྣམས་ཀྱིས་མཛད་པའི་དྭགས་པོ་རིན་པོ་ཆེའི་རྣམ་ཐར་རྒྱས་བསྡུས་དང་བཤད་སྟངས་མི་འདྲ་བ་ཅི་རིགས་པ་ཡོད་ན་ཡང་། ཕྱིས་སུ་དར་ཁྱབ་ཆེ་ཤོས་བྱུང་བ་ནི་དུས་རབས་བཅུ་དྲུག་པར་སྒམ་པོ་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པ་ཀུན་ཁྱབ་སྙན་པའི་བ་དན་ཡིན་པ་ལ། དེའི་ཁུངས་བཅོལ་གནང་ས་གཙོ་བོ་ནི་ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པའི་ཀུན་ཁྱབ་སྙན་པའི་བ་དན་ཡིན་པ་ཡང་སྒམ་པོ་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་བྱང་དུ་གསལ་པོར་གསུངས་ཤིང་མཚན་ཀྱང་གཅིག་པ་ཡིན། ཀུན་ཁྱབ་སྙན་པའི་བ་དན་སོགས་ནི་ཡོངས་སུ་གྲགས་ཆེ་ཤོས་ཡིན་ཀྱང་། སྐྱོར་མི་མཁས་པ་ཞིག་གིས་བསྐྱར་བ་ལྟར་ནོར་འཁྲུལ་ཡང་མང་ཤོས་ཡིན་པར་སྣང་བའི་རྒྱུ་མཚན་གཤམ་དུ་རིམ་པས་བཤད་པར་འགྱུར། དེ་ཡང་དྭགས་པོ་རིན་པོ་ཆེའི་རྣམ་ཐར་འཆད་པ་ན་གནའ་དེང་གི་མཁས་པ་ཕལ་མོ་ཆེས་གླེང་སློང་ཙམ་ཡང་མི་གནང་བའི་ཡིག་ཆ་གལ་ཆེ་བ་གཅིག་ནི་ཀརྨ་པ་དུས་གསུམ་མཁྱེན་པའི་གསུང་རྩོམ་དུས་གསུམ་མཁྱེན་པའི་ཞུས་ལན་ཞེས་པ་དེ་ཡིན་པ་སྟེ། དེའི་བརྗོད་བྱ་གཙོ་བོ་ནི་ཀརྨ་པ་དུས་གསུམ་མཁྱེན་པས་སྒམ་པོ་པ་ལ་ཉམས་ལེན་དང་འབྲེལ་བའི་བཀའ་འདྲི་མི་ཉུང་བ་ཞུས་པ་རྣམས་ཡིག་ཐོག་ཏུ་བཀོད་པ་ཞིག་ཡིན་པ་ལ། དེའི་ནང་དུ་ལེ་ཚན་ཐུང་ངུ་ཞིག་ཡོད་པ་ནི་དུས་གསུམ་མཁྱེན་པས་དྭགས་པོ་རིན་པོ་ཆེ་ལ་དྭགས་པོ་རིན་པོ་ཆེ་རང་གི་རྣམ་ཐར་དང་འབྲེལ་བའི་སྐོར་ལ་བཀའ་འདྲི་ཞུས་པའི་གསུང་ལན་རྣམས་རེད། དྭགས་པོ་རིན་པོ་ཆེའི་རྣམ་ཐར་དེ་ནས་འབྱུང་བ་དང་། དྭགས་པོ་རིན་པོ་ཆེའི་རྣམ་ཐར་གཞན་རྣམས་དེ་ཙམ་མི་མཐུན་ཀྱང་། དྭགས་པོ་རིན་པོ་ཆེའི་རྣམ་ཐར་དངོས་ནི་ཡོངས་གྲགས་དེ་དག་མ་ཡིན་པར་དུས་གསུམ་མཁྱེན་པའི་ཞུས་ལན་ནས་འབྱུང་བ་དེ་ཡིན་པ་ལ་རྒྱུ་མཚན་མང་པོ་ཡོད།

དེ་ཡང་རྒྱུ་མཚན་གལ་ཆེ་ཤོས་ནི་ཀརྨ་པ་དུས་གསུམ་མཁྱེན་པ་ནི་དྭགས་པོ་རིན་པོ་ཆེའི་དངོས་སློབ་ཡིན་པ་ལ། ཞུས་ལན་དེ་ཉིད་ཀརྨ་པ་དུས་གསུམ་མཁྱེན་པ་རང་གི་ཕྱག་བྲིས་ཡིན་པ་ནི་ཐེ་ཚོམ་མི་དགོས་པ་སྟེ་དུས་གསུམ་མཁྱེན་པའི་བཀའ་འབུམ་གྱི་ནང་དུ་བཞུགས་ཡོད་པའི་ཐོག་ཏུ་གོ་ཤྲི་དཔལ་འབྱོར་དོན་འགྲུབ་ཀྱིས་མཛད་པའི་དུས་གསུམ་མཁྱེན་པའི་བཀའ་འབུམ་དཀར་ཆག་དང་། ཞྭ་དམར་སྤྱན་སྔ་ཆོས་གྲགས་སོགས་བླ་མ་གོང་མ་རྣམས་ཀྱི་གསན་ཡིག་གི་ནང་དུ་ཡང་འཁོད་ཡོད། ༼འོན་ཀྱང་ཞྭ་དམར་མཁའ་སྤྱོད་དབང་པོ་དང་། ཀརྨ་པ་བརྒྱད་པ། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་དེའི་ལུང་ཡང་གསན་མྱོང་ན་ཡང་། དེ་དག་གིས་དྭགས་པོའི་རྣམ་ཐར་མཛད་པ་ན་དེ་ལ་ཁུངས་མ་བཅོལ་བ་ནི་ཡོངས་གྲགས་དབང་བཙན་པའི་རྒྱུ་མཚན་གྱིས་ཡིན་ལས་ཆེ།༽ དུས་གསུམ་མཁྱེན་པའི་ཞུས་ལན་དེ་རུ། “སློབ་དཔོན་རིན་པོ་ཆེ་ལ། དང་པོ་ཆོས་ཇི་ལྟར་གསན་པ་དང་། བར་དུ་ཇི་ལྟར་གྲུབ་པ་དང་། ཐ་མར་ཐུགས་རྒྱུད་ལ་ཇི་ལྟར་འཁྲུངས་པ་དང་། དང་པོ་ནས་ད་ལྟར་ཡན་ཆད་དུ་སྐུ་ཉམས་ལ་ཁྱད་ཅི་གདའ། རྟོགས་པ་ལ་ཁྱད་ཅི་གདའ། ཕྱིའི་སྣང་བ་འདི་ཇི་ལྟར་གཟིགས། ཐམས་ཅད་སྦ་གསང་མི་མངའ་བ་ཅིག་གསུང་བར་ཞུ་ཞུས་པས། རྗེ་མཉམ་པ་མེད་པའི་ཞལ་ནས་སྤྱིར་ནི་གསང་བར་བཤད་པ་ཡིན། གནས་པའི་ཉམས་སྨྲས་པས་གནོད་ཀྱིན་འདུག ངོ་བོ་སྐྱེས་ནས་བཟླར་རུང་ནི་མི་རུང་བར་འདུག་སྟེ། གནོད་ནི་མི་གནོད་པར་འདུག ངས་ནི་ཕན་དུ་རེ་ནས་དེ་སྔ་ཡང་མ་གསངས། ཚོགས་སུ་ཡང་བཟླས། ད་ཡང་ཁྱེད་ན་བཤད་ན། དང་པོར། སྨན་བསླབས། དེ་ནས་མངའ་རིས་པ་ལ་སྔགས་མང་དུ་ཉན།” ཞེས་སོགས་འབྱུང་བ་ལྟར། འདི་ཉིད་དྭགས་པོ་རིན་པོ་ཆེ་རང་གིས་དངོས་སུ་གསུངས་པ་ཞིག་ཡིན་པས་ན་འདི་ནི་དུས་མཁྱེན་གྱིས་ཟིན་བྲིས་བཀོད་གནང་བ་ཙམ་ལས་དྭགས་པོ་རིན་པོ་ཆེའི་རང་རྣམ་དང་དེ་ཡང་རང་རྣམ་གཅིག་པུ་དེ་རེད་ཅེས་བཤད་ཀྱང་ཆོག་པར་མངོན།

ད་དུང་སྒམ་པོ་པའི་རྣམ་ཐར་གཞན་ཡོངས་གྲགས་རྣམས་དང་བསྡུར་ན་དུས་མཁྱེན་གྱི་གསུང་རྩོམ་ནས་འབྱུང་བ་འདི་ནི་ནང་འགལ་ཅི་ཡང་མེད་པ་ལྟ་བུ་ལ། དམ་པའི་ལྷ་ཆོས་དང་མཐུན་ཞིང་། འཇིག་རྟེན་མི་ཡི་སྣང་བ་དང་ཡང་མཐུན་པ་སོགས་ཀྱི་དགེ་མཚན་ཡང་མང་བར་མཐོང་། འདིར་དུས་མཁྱེན་གྱི་ཞུས་ལན་དེའི་ནང་དུ་དྭགས་པོ་རིན་པོ་ཆེས་དགུང་ལོ་ཆུང་དུས་སྨན་བསླབ་ཚུལ་ཙམ་ལས་ཆུང་མ་བཞེས་པ་སོགས་ཀྱི་སྐོར་ལ་གསུངས་མེད། ཕག་གྲུས་མཛད་པའི་དྭགས་པོ་རིན་པོ་ཆེའི་རྣམ་ཐར་གསོལ་འདེབས་ལས། འཇིག་རྟེན་ཆོས་མཐུན་བཙུན་མོ་ཁབ་ཏུ་བཞེས།། གཞན་ལ་ཕན་ཕྱིར་གསོ་དཔྱད་མཐར་ཕྱིན་མཛད།། ཅེས་གསུངས་པ་ལྟར་དྭགས་པོ་རིན་པོ་ཆེ་ལ་ལྕམ་ཡོད་ལས་ཆེ་ཡང་། འབའ་རམ་དར་མ་དབང་ཕྱུག་གིས་མཛད་པར་གསལ་བའི་རྣམ་ཐར་དེ་ལས་སྲས་ཀྱང་གཅིག་ལས་མེད་པར་གསུངས་པས་སྲས་དེ་དག་འབྲུམ་ནད་ཀྱིས་གྲོངས་མིན་ཐེ་ཚོམ་ལ། དྭགས་པོ་རིན་པོ་ཆེ་རབ་ཏུ་བྱུང་བར་ལྕམ་གྱི་ཤུགས་རྐྱེན་མེད་པའམ་ཡོད་ཀྱང་ཆུང་བར་སྣང་། དྭགས་པོ་རིན་པོ་ཆེའི་རྣམ་ཐར་མང་པོར་ལྕམ་གྲོངས་རྗེས་དེའི་རྐྱེན་གྱིས་རབ་ཏུ་བྱུང་སྟེ། བླ་མ་མང་ཡུལ་བློ་ལྡན་སོགས་ཀྱི་མདུན་ནས་སློབ་གཉེར་གནང་ཚུལ་གསུངས་ན་ཡང་། དུས་གསུམ་མཁྱེན་པའི་ཞུས་ལན་དེ་ལས་སྔོན་ཚུད་ནས་བླ་མ་མངའ་རིས་པ་ཞེས་པའི་མདུན་ནས་གསང་སྔགས་གཙོ་བོར་གྱུར་པ་ལ་སློབ་གཉེར་གནང་བཞིན་ཡོད་པ་ལ། གང་འཚམས་ལོན་པ་ན་ད་གཟོད་བླ་མ་དེའི་མདུན་ནས་རབ་བྱུང་མཛད་དེ་དགེ་ཚུལ་སློང་གི་སྡོམ་པ་རྣམས་སྟབས་གཅིག་ཏུ་བཞེས་པ་དང་། སྐབས་དེ་དུས་དྭགས་པོ་རིན་པོ་ཆེ་གཞི་ནས་དགུང་ལོ་ཉེར་དྲུག་ཡིན་ཚུལ་འབྱུང་།

བླ་མ་མངའ་རིས་པ་ཞེས་པ་ནི་དྭགས་པོ་རིན་པོ་ཆེའི་རྣམ་ཐར་འགའ་ཤས་ཀྱི་ནང་དུ་མངའ་རིས་པ་ཤ་བ་གླིང་པ་དང་། མང་ཡུལ་བློ་ལྡན་ཞེས་དྭགས་པོ་རིན་པོ་ཆེས་སྡོམ་པ་ཞུས་སའི་མཁན་སློབ་གཉིས་ལས་ཤ་བ་གླིང་པ་ཡིན་པར་གསལ་ན་ཡང་། དྭགས་པོ་རིན་པོ་ཆེའི་རྣམ་ཐར་མང་པོར་དྭགས་པོ་རིན་པོ་ཆེས་སྔགས་གསན་ས་གཙོ་བོ་སྟེ་མང་ཡུལ་བློ་ལྡན་ཞེས་གྲགས་པ་དེ་ཡིན་པར་མངོན་ཏེ། མང་ཡུལ་ནི་མངའ་རིས་ཀྱི་མང་ཡུལ་ཏེ་མི་ལ་རས་པའི་འཁྲུངས་ཡུལ་ཡིན་པས། ངས་ད་ལྟ་མི་དྲན་འདུག་སྟེ། དྭགས་པོ་རིན་པོ་ཆེའི་རྣམ་ཐར་གཅིག་གི་ནང་ལ་བླ་མ་འདིས་དྭགས་པོ་རིན་པོ་ཆེ་ལ་རྗེ་བཙུན་མི་ལ་རས་པ་དང་ཁོང་འཁྲུངས་ཡུལ་གཅིག་ཡིན་ཅིང་། མི་ལ་རས་པ་ནི་གྲུབ་ཐོབ་རྩོད་མེད་ཡིན་པས་ཁོང་གིས་ཀྱང་མཇལ་འདོད་ན་ཡང་མཇལ་རྒྱུ་མ་བྱུང་བར་གསུང་ཚུལ་གསལ། དེས་ན་བླ་མ་མངའ་རིས་པའམ་མང་ཡུལ་བློ་ལྡན། མང་ཡུལ་བློ་ལྡན་ཤེས་རབ་ཅེས་མཚན་མི་འདྲ་བ་སྣ་ཚོགས་པ་གསལ་ལ་ལོ་རྒྱུས་རྒྱས་པ་མེད་པ་འདི་ནི་མི་ལ་རས་པ་དང་དྭགས་པོ་རིན་པོ་ཆེའི་བར་དུ་འབྲེལ་བ་མཐུད་མཁན་གྱི་མི་སྣ་གཙོ་བོ་དེ་ཡིན་པ་དང་། འདི་ནི་མི་ལ་རས་པའི་དངོས་སློབ་བམ་ཡང་ན་ཡང་སློབ་ཅིག་ཡིན་ལས་ཆེ་བར་མངོན། དྭགས་པོ་རིན་པོ་ཆེའི་རྣམ་ཐར་གཞན་ཕལ་མོ་ཆེར་དྭགས་པོ་རིན་པོ་ཆེས་ཐོག་མར་མི་ལ་རས་པའི་སྐོར་ལ་གསན་མྱོང་ཙམ་ཡང་མེད་པ་ལྟ་བུ་ལ་ཕྱིས་སུ་རབ་ཏུ་བྱུང་ནས་བཀའ་གདམས་པའི་བླ་མ་རྣམས་བསྟེན་བཞིན་པའི་སྐབས་སུ་སྤྲང་པོ་གསུམ་གྱི་ས་ནས་མི་ལ་རས་པའི་སྐོར་ལ་ཐོག་མར་གསན་ཚུལ་འབྱུང་།

འོན་ཀྱང་དུས་གསུམ་མཁྱེན་པའི་ཞུས་ལན་དུ་དེ་འདྲ་མེད་པར་ཞུས་ལན་དེའི་ནང་དུ་དྭགས་པོ་རིན་པོ་ཆེས་ཁོང་བླ་མ་མངའ་རིས་པའི་མདུན་དུ་བཞུགས་སྐབས་ཁོང་ལ་འགོང་སྟོན་ཞེས་པའི་གྲོགས་པོ་ཞིག་ཡོད་པ་ལ་དེའི་བརྒྱུད་ནས་མི་ལ་རས་པའི་སྐོར་ལ་གསན་ཚུལ་ཞུས་ལན་དེ་ལས། “ངའི་གྲོགས་པོ་འགོངས་སྟོན་བྱ་བ་ན་རེ། སློབ་དཔོན་བྱང་ཆུབ་སེམས་དཔའ་ལ་བླ་མ་མི་ལའི་གདམས་ངག་ཡོད་པར་འདུག མི་ལ་གྲུབ་ཐོབ་ཡིན་གསུང་། འོ་ཅག་སློབ་དཔོན་ལ་ཞུ་ཟེར་བ་ལ། ཅང་གནང་ངམ་གཞན་ཞུ་བྱས་པ་ལ། ཞུ་དང་གཞན་ཞོར་ལ་འོང་གིས་ཟེར་ནས་ཞུས་པས། ང་ལ་ཞག་བདུན་གནས་པ་བཟང་པོ་བྱུང་ནས་དྲིས་པས་སྒོམ་ཡིན་གསུང་ནས་སློབ་དཔོན་གཉིས་ཀས་སྒོམ་དུ་བྱས། འགོངས་སྟོན་ན་རེ་ཁྱེད་ལ་ཅིག་བྱུང་བྱུང་འདྲ་ན་ང་ལ་ཟློས་དང་ཟེར་། ང་ལ་སྒོམ་ཅིག་བྱུང་བྱས་པས།” ཞེས་སོགས་གསུངས་ཤིང་། དེ་ལྟར་བྱུང་བ་ཡང་དྭགས་པོ་རིན་པོ་ཆེ་རབ་ཏུ་མ་བྱུང་བའི་གོང་ནས་ཡིན་པར་གསལ། གཞན་ཉེ་གནས་རྣམས་ཀྱིས་མཛད་པར་གསལ་བ་སོགས་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ཕལ་མོ་ཆེར་དྭགས་པོ་རིན་པོ་ཆེས་སྤྲང་པོ་གསུམ་གྱིས་མི་ལ་རས་པ་ལ་བསྔགས་བརྗོད་བྱས་པ་གསན་པའི་རྐྱེན་གྱིས་དྭགས་པོ་རིན་པོ་ཆེ་ཡུན་རིང་དུ་འབྱོན་ཡང་མ་ཤེས། དལ་བུས་བྲང་ཁང་དུ་ཕེབས་ཚུལ་སོགས་ངོ་མཚར་བའི་ཉམས་སྣ་ཚོགས་པ་ཤར་བ་ལ་བརྟེན་ནས་མི་ལ་རས་པ་དང་མཇལ་འདོད་བྱུང་ཚུལ་གསལ་ན་ཡང་། རྣམ་ཐར་རྣམས་སུ་སྤྲང་པོ་རྣམས་དང་ཐུག་འཕྲད་བྱུང་ཚུལ་མི་མཐུན་པ་མང་པོ་ཡོད་ཅིང་། སྐྱོ་བསངས་ལ་བྱོན་ནས་ཡི་དྭགས་ལ་ཆུ་སྦྱིན་མཛད་སྐབས་སྤྲང་པོ་རྣམས་ཀྱིས་གཏམ་གླེང་བྱེད་པ་གསན་ཚུལ་དང་། སྤྲང་པོ་རྣམས་མགྲོན་ཁང་ལ་ཉལ་ནས་ཡོད་ཚུལ་སོགས་ཕན་ཚུན་མི་མཐུན་པ་དང་ཡིད་ཆེས་དཀའ་བ་མང་དུ་ཡོད།

དེ་ལྟར་ན་དྭགས་པོ་རིན་པོ་ཆེ་ནི་མི་དམིགས་བསལ་ཞིག་ཡིན་པས་བླ་མའི་མདུན་ནས་མི་ལ་རས་པའི་སྐོར་ལ་མཚན་གསན་ཞིང་། དེའི་གདམས་ངག་ཀྱང་ཞུས་ན་ཡང་ཚོར་བ་དང་ཉམས་སྣང་དམིགས་བསལ་ཕལ་ཆེར་མེད་པ་ལ། སྤྲང་པོ་རྣམས་ཀྱི་ས་ནས་མི་ལ་རས་པའི་མཚན་གསན་པ་ཙམ་གྱིས་ཉམས་དམིགས་བསལ་བ་མང་པོ་འཁྲུངས་པ་འདྲ་བས་ཞྭ་དམར་མཁའ་སྤྱོད་དབང་པོས་འདིའི་དོགས་སེལ་ལྟ་བུར་དེ་ཉིད་ཀྱིས་མཛད་པའི་དྭགས་པོའི་རྣམ་ཐར་སྙན་པའི་བ་དན་ལས། “སྔར་ཡང་བླ་མ་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལས་རྗེ་བཙུན་མི་ལའི་རྣམ་ཐར་ཐོས་ཤིང་། དད་པ་དཔག་ཏུ་མེད་པ་ཡོད་པ་ལས། ཁྱད་པར་དུ་སྤྲུལ་པའི་སྐྱེ་བོ་དེ་དག་གིས་བསྐུལ་བ་དང་། མི་བཟོད་པའི་དད་པ་སྐྱེས་ཏེ། འགྲོ་བར་བློ་ཐག་བཅད་ནས།” ཞེས་སོགས་གསུངས་པ་ལྟར་ན་བླ་མ་རྩོད་མེད་རྣམས་ཀྱིས་བསྔགས་པ་མཛད་པ་ལས་ཀྱང་སྤྲང་པོ་དཀྱུས་མས་བསྔགས་པ་བརྗོད་པ་ལ་དད་པ་ཚད་མེད་པ་སྐྱེ་བ་དེ་དྭགས་པོ་རིན་པོ་ཆེ་ལ་བསྟོད་པར་འགྲོའམ་སྨད་པར་འགྲོ་ཁོ་བོས་ནི་མ་འཚལ། བཤད་སྲོལ་འདི་ནི་བོད་བརྒྱུད་ནང་བསྟན་པ་རྣམས་ཀྱིས་བླ་སློབ་ཀྱི་འབྲེལ་བ་ནི་ཚེ་རབས་སྔ་མ་ནས་ཡོད་པའི་རྟགས་སུ་སློབ་མས་བླ་མའི་མཚན་ཐོས་པ་དང་སྨྲ་བརྗོད་མི་ཤེས་པ་སོགས་ངོ་མཚར་བའི་ཉམས་མྱོང་མང་པོ་འབྱུང་བར་བཤད་དེ། བླ་མ་བཟང་མིན་དེ་བླ་མའི་མཛད་པ་དང་གསུང་ལ་བརྟགས་ཤིང་དཔྱོད་པ་ལས་ཀྱང་རང་གི་ཚོར་སྣང་ལ་ཡིད་རྟོན་ཆེ་བར་བྱེད་པའི་བཤད་སྲོལ་ཞིག་སྟེ་འདི་ལ་བརྟེན་ནས་ཕྱི་རྒྱལ་གྱི་བུད་མེད་མང་པོས་བླ་མ་ཚད་ལྡན་དགུང་ལོ་མཐོ་བ་དག་ལས་ཀྱང་། ཕྱི་རྫིག་ལ་ནང་རུལ་བའི་སྤྲུལ་སྐུ་ན་གཞོན་དག་ལ་དད་མོས་ཆེ་བ་བྱུང་སྟེ་བསླུ་བྲིད་ཐེབས་པ་སོགས་ཀྱིས་བོད་བརྒྱུད་ནང་བསྟན་པར་དགོས་མེད་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་ཡོད།

དུས་གསུམ་མཁྱེན་པའི་ཞུས་ལན་གྱི་ནང་ནས་འབྱུང་བ་ལྟར་ན་དྭགས་པོ་རིན་པོ་ཆེས་སྔོན་ནས་བླ་མ་མངའ་རིས་པའི་མདུན་ནས་མི་ལ་རས་པའི་གདམས་ངག་ཞུས་པས་ཏིང་ངེ་འཛིན་གྱི་ཉམས་ཅུང་བྱུང་བ་ལ་ཕྱིས་སུ་བཀའ་གདམས་ཀྱི་མན་ངག་རྣམས་གསན་པས་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་འཁྲུངས་ན་ཡང་། སྐྱོ་ཤས་དང་ངེས་འབྱུང་ཆེར་འཕེལ་བས་སྔར་གྱི་སྒོམ་བཟང་པོ་དེ་ཉམས་པ་ལ་བླ་མ་གཞན་གྱིས་མ་ཕན། དེའི་རྐྱེན་གྱིས་འགོང་སྟོན་དང་གྲོས་བསྡུར་གནང་ནས་མི་ལ་རས་པ་དང་མཇལ་བར་ཕེབས་པ་ཡང་དུས་མཁྱེན་གྱི་ཞུས་ལན་དེ་ལས། “དེར་ལོ་གསུམ་བསྡད་ཙ་ན་བླ་མི་ལ་དེ་གྲུབ་ཐོབ་ཡིན་པར་འདུག ད་ལྟ་ཞལ་བཞུགས་པ་ལ་ཡུད་ཅིག་མ་བསྐོར་ན་ཕྱིས་འགྱོད་ཡོང་བསམ་ནས་འགོང་སྟོན་དང་གཉིས་ཡར་འགྲོ་བའི་ཞུ་བ་བྱས་པ་ལ། འདིར་བསྡད་ན་ཐབས་ལམ་གྱི་སྟེང་དུ་སྐྱེལ་བ་ཡིན་ཏེ། ཁྱེད་འགྲོ་ན་ཡས་མར་ང་ཅན་དུ་ཤོག་ཅིག་གསུང་ནས། དེ་ནས་ཕྱིན་པས་མགུར་མོར་སླེབ་དུས། འགོང་སྟོན་ན། ཁོའི་རོགས་བྱས། ཨེན་མགོ་ཐེག་པ་དང་བཞག་ནས་ཕྱིན།” ཞེས་གསལ་པོར་གསུངས་ཤིང་བདེན་ཤས་ཀྱང་ཤིན་ཏུ་ཆེ། འདི་ལ་དཔའ་གཙུག་གིས་མཁས་པའི་དགའ་སྟོན་ལས། “དེར་གཙང་ལ་བྱོན་པས་ཉི་མ་ཕྱེད་དང་གཉིས་ཀྱིས་སླེབས་པའི་སར་མགོ་ཡོམས་ཀྱི་བསྙུང་གཞི་བྱུང་ནས་རླུང་བརྒྱལ་ཡང་ཡང་བྱུང༌། རྗེ་བཙུན་ཆོས་གསུང་ཚེ་རེས་བཞད། རེས་སྤྱན་ཆབ་ཕྲོམ་ཕྲོམ་འདུག་པ་ན་ཅི་ལགས་ཞུས་པས། ངའི་བུ་དབུས་པ་སྟོན་པ་དེ་འོང་ཞིང་འདུག་པས་དགའ་བ་ཞིག་ཀྱང་བྱུང༌། ངལ་སྟེགས་ཀྱི་ཁ་ནས་ཡང་ཡང་འགྱེལ་ཞིང་འདུག་པས་སྙིང་རྗེ་བ་ཞིག་ཀྱང་བྱུང༌། ད་མྱུར་བར་སླེབ་པ་འདུག་པས་དེའི་མཇལ་སྣ་སུས་བྱས་ལ་ངན་སོང་མེད་གསུངས།” ཞེས་སོགས་གསུངས་པ་ལ། འདི་དག་དྭགས་པོ་རིན་པོ་ཆེ་དངོས་ཀྱིས་གཟིགས་རྒྱུ་བྱུང་ན་བཞད་དགོས་སམ་བཤུམ་དགོས་མི་དགོངས་ལས་ཆེ།

དེ་ནས་དྭགས་པོ་རིན་པོ་ཆེས་མི་ལ་རས་པ་དངོས་སུ་མཇལ་བ་ན་ཡང་ཡོངས་གྲགས་ཀྱི་རྣམ་ཐར་རྣམས་སུ་དྭགས་པོ་རིན་པོ་ཆེས་མི་ལ་རས་པ་མ་མཇལ་གོང་ནས་མི་ལ་རས་པས་དྭགས་པོ་རིན་པོ་ཆེ་ལུང་བསྟན་ཚུལ་གསན་པས་དྭགས་པོ་རིན་པོ་ཆེ་ཐུགས་རྒྱལ་སྐྱེས་པའི་རྐྱེན་གྱིས་མི་ལ་རས་པས་ཟླ་བ་ཕྱེད་ཙམ་གྱི་རིང་དུ་མཇལ་ཁ་མ་གནང་ཚུལ་གསལ་བ་ལ། དུས་མཁྱེན་གྱི་ཞུས་ལན་ལས། “བླ་མ་དང་དེ་རིང་མཇལ་ཏེ་འོང་བའི་ད་ནང་། བླ་མའི་ཞལ་ནས་དེ་རིང་ངའི་འདིར་དབུས་པ་སྟོན་པ་ཅིག་འོང་བ་འགྲོ་བ་ལ་ཕན་ཐོགས་པ་ཅིག་འོང་བར་འདུག་གསུངས། ནག་བོ་ཆར་དུ་བྱས་པའི་ཁ་ཡར་འདུག་པ་ཅིག་ཏུ་ཕྱིན་ནས། ང་ཐག་རིང་བས་ལུས་སེམས་དུབ་ནས་འདུག་ཙ་ན། ཁོང་ན་རེ་ཨ་རེ་སྐྱིད་ཟེར། སྐྱིད་པ་ཇི་ལྟར་ཡིན་བྱས་པས། ད་ནང་བླ་མས་འདི་སྐད་གསུང་བྱས་པ་ལ། སྔར་གྱི་དུས་པ་ཀུན་སིང་གིས་སོང་། དེ་ན་འདུག་ཙ་ན་བླ་མའི་ཉེ་གནས་སེ་བན་སྟོན་ཆུང་བྱ་བ་ཅིག་བྱོན། ཡས་ཀྱི་ཆོས་ཞུ་རོགས་ངས་བྱེད་པ་ཡིན། བླ་མའི་སྤྱན་སྔར་ལོ་སུམ་བཅུ་རྩ་གཅིག་ལ་གཤེགས་ཟེར་ནས་ཕྱིན། ཕྱག་མང་པོ་ཡང་དག་འཚལ་ནས། ཟླ་བ་བཞིས་ལམ་ནས་ཡོངས་པས་ཐུགས་ལ་བཏགས་པར་ཞུ་བྱས་པ་ལ། ཁྱོད་ཀྱི་ཟླ་བ་བཞི་བས་ངའི་གན་དུ་རྒྱ་གར་ནས་ཀྱང་འོང་གསུང་།” ཞེས་འབྱུང་བ་བཞིན་དྭགས་པོ་རིན་པོ་ཆེ་མི་ལ་རས་པའི་མདུན་དུ་འབྱོར་བའི་ཉིན་དེ་རང་དུ་མི་ལ་རས་པ་མཇལ་ཚུལ་གསལ་པོར་གསུངས། དྭགས་པོ་རིན་པོ་ཆེའི་རྣམ་ཐར་ཡོངས་གྲགས་རྣམས་ལྟར་སྐབས་དེར་མི་ལ་རས་པས་དྭགས་པོ་རིན་པོ་ཆེར་མཇལ་ཁ་མི་གནང་བའི་དོན་དུ་སྐུ་མཚམས་ལ་བཞུགས་ན་མ་གཏོགས་གཞན་སྐབས་དེར་མི་ལ་རས་པ་ནི་བྲག་ཕུག་དང་ནགས་ཚལ་སོགས་སུ་ཕེབས་ནས་བཞུགས་པ་ལས་ཕྱིས་བྱོན་བོད་ཀྱི་བླ་ཆེན་རྣམས་ལྟར་གཟིམ་ཆུང་རྫིག་པོའི་ནང་དུ་བཞུགས་མེད་པས། མི་ལ་རས་པས་དྭགས་པོ་རིན་པོ་ཆེ་ལ་ཟླ་ཕྱེད་རིང་མཇལ་ཁ་མ་གནང་བར་བཀག་ན་བཀག་ཚུལ་གང་འདྲ་རེད་ཅེས་དྲིས་ན་ལན་འདེབས་དཀའ་བར་སྣང་།

ཡང་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ཡོངས་གྲགས་རྣམས་སུ་དྭགས་པོ་རིན་པོ་ཆེ་རབ་ཏུ་བྱུང་རྗེས་དབུ་རུར་ཕེབས་ནས་བཀའ་གདམས་ཀྱི་བླ་མ་རྣམས་བསྟེན་མཛད་རྗེས་ཞག་བཅུ་གསུམ་ཙམ་དུ་མི་འཆོར་བའི་ཏིང་འཛིན་བཟང་པོ་སྐྱེས་པ་དང་། སྐབས་དེ་དུས་མདོ་སྡེ་རྣམས་ནས་འབྱུང་བ་ལྟར་ས་བཅུ་པ་ཐོབ་པའི་སྔ་ལྟས་ཀྱི་རྨི་ལམ་སོགས་བྱུང་བར་གསུངས་པ་ལ། དྭགས་པོ་རིན་པོ་ཆེ་ལ་མཐོང་ལམ་སྟེ་ས་དང་པོ་ཐོབ་པ་ནི་མི་ལ་རས་པ་དང་མཇལ་འཕྲད་བྱུང་བའི་རྗེས་སུ་ཡིན་པ་རྣམ་ཐར་མཛད་པ་པོ་རྣམས་ཀྱིས་འདོད་བཞིན་དུ་ས་དང་པོ་མ་ཐོབ་པའི་གོང་ནས་ས་བཅུ་པ་ཐོབ་པའི་སྔ་ལྟས་གཟིགས་པ་དེ་དྭགས་པོ་རིན་པོ་ཆེ་ནོར་བ་རེད་དམ། རྟགས་མཚན་རྣམས་ནོར་བ་རེད། ཡང་ན་མདོ་སྡེ་རྣམས་ནོར་བས་ས་བཅུ་པ་ཐོབ་པའི་སྔ་ལྟས་དེ་དག་ལ་ཡིད་ཆེས་རྒྱུ་མེད་པ་ཞིག་རེད་དམ། ལར་ནས་ས་དང་པོ་ཐོབ་པའི་སྔ་ལྟས་མེད་པའི་གོང་ནས་ས་བཅུ་པ་ཐོབ་པའི་སྔ་ལྟས་ཤར་བ་དེ་ཡང་གང་འདྲ་ཞིག་ཡིན་ནམ། གལ་ཏེ་གསང་སྔགས་ཀྱི་དབང་དུ་ཡིན་ན་གསང་སྔགས་ལ་ཚོགས་སྦྱོར་ལ་སོགས་པའི་རྟགས་ཀྱང་མང་པོ་ཡོད་པ་ལ་དྭགས་པོ་རིན་པོ་ཆེར་དེ་ཚོ་མ་བྱུང་བར་ཐད་ཀར་ས་བཅུ་པ་ཐོབ་པ་རེད་དམ། ཡིན་ན་ཕྱིས་སུ་རྗེ་བཙུན་ལ་དྭགས་པོ་རིན་པོ་ཆེའི་ཉམས་རྟོགས་དེ་དག་གི་སྐོར་ཞུས་པས་རྗེ་བཙུན་གྱིས་ཁྲེལ་བཞད་གནང་ཚུལ་སོགས་རྣམ་ཐར་རྣམས་སུ་འཁོད་ན་རྗེ་བཙུན་མི་ལ་རས་པ་ནོར་བ་རེད་དམ། འདི་ལ་དྭགས་པོའི་རྣམ་ཐར་མཛད་མཁན་ཡོངས་གྲགས་རྣམས་ཀྱིས་དོན་མཐུན་གྱི་ལན་དཀའ་ན་ཡང་། དུས་གསུམ་མཁྱེན་པའི་ཞུས་ལན་ལྟར་ན་དགོས་མེད་ཀྱི་འགལ་ཟླ་འདི་དག་ཁས་ལེན་མི་དགོས་པ་ཡང་། ཞུས་ལན་དེ་རུ་དྭགས་པོ་རིན་པོ་ཆེས་ཏིང་འཛིན་གྱི་ཉམས་བཟང་པོ་དེ་ནི་མི་ལ་རས་པ་དང་མཇལ་བ་མ་ཟད་ཞལ་བྲལ་ནས་ལོ་གསུམ་གྱི་རྗེས་སུ་བྱུང་བ་དང་རྨི་ལམ་གྱི་ལྟས་དེ་ནི་ལོ་བདུན་གྱི་རྗེས་སུ་ད་གཟོད་བྱུང་ཚུལ་གསལ་པོར་གསུངས།

ཡང་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ཡོངས་གྲགས་རྣམས་སུ་མི་ལ་རས་པ་དང་དྭགས་པོ་རིན་པོ་ཆེ་གཉིས་ཀྱིས་བཀའ་གདམས་པར་གསང་སྔགས་དང་མན་ངག་ཡོད་མེད་ཀྱི་སྐོར་བཀའ་མོལ་མི་ཉུང་བ་བྱུང་བ་ལ། སྐབས་དེར་མི་ལ་རས་པས་འབྲོམ་སྟོན་སོགས་བཀའ་གདམས་པ་རྣམས་ལ་སྐྱོན་བརྗོད་གནང་ཞིང་། བྱེ་མ་བཙིར་བས་མར་མི་ཡོང་ཞེས་སོགས་གསུང་ཚུལ་འབྱུང་ན་ཡང་། དུས་མཁྱེན་གྱི་ཞུས་ལན་ནང་དུ་དྭགས་པོ་རིན་པོ་ཆེས་དེའི་སྐོར་ཟུར་ཙམ་ཡང་མ་གསུངས་པས་ན། དྭགས་པོ་རིན་པོ་ཆེའི་རྣམ་ཐར་ཡོངས་གྲགས་རྣམས་སུ་སྐབས་དེར་མི་ལ་རས་པས་བཀའ་གདམས་པ་ལ་སྐྱོན་བརྗོད་གནང་ཚུལ་བཅས་འབྱུང་བ་ནི་དཔྱད་གཞི་ལས་ཁུངས་ལྡན་ཞིག་ཡིན་མིན་བཤད་དཀའ་བར་མཐོང་། དེས་ན་དུས་མཁྱེན་གྱི་ཞུས་ལན་ལྟར་ན་མི་ལ་རས་པས་བྱེ་མ་བཙིར་བས་མར་མི་ཡོང་བར་གསུངས་པ་ནི་བཀའ་གདམས་པ་ལ་གསུངས་པ་མིན་པར་ཉམས་རྟོགས་བཟང་པོ་སྐྱེ་བར་གཏུམ་མོ་སྒོམ་དགོས་པ་དང་། དེ་སྒོམ་པ་ལ་བརྟེན་ནས་བདེ་སྟོང་གི་ཉམས་སོགས་རྒྱས་པར་ལུས་ལ་བཅུད་དགོས་པ་ནི་བྱེ་མ་བཙིར་བས་མར་མི་ཡོང་བ་ལྟར་ཡིན་པར་གསུངས་ཤིང་། ཕྱིས་སུ་སྒམ་པོ་པས་དཀའ་བ་ཅུང་སྤྱད་པ་སོགས་ཀྱིས་སྔར་གྱི་སྒོམ་རྣམས་ཉམས་པ་ལ། མི་ལ་རས་པས་བྱེ་མ་བཙིར་བ་ལ་མར་མི་ཡོང་གསུངས་པའི་ཞལ་ཏ་དྲན་ནས་ཞལ་ཟས་བཟང་པོ་གསོལ་བ་སོགས་ཀྱིས་སླར་ཡང་ཉམས་རྟོགས་རྒྱས་ཚུལ་དུས་མཁྱེན་གྱི་ཞུས་ལན་དེར་གསལ་ལ་དེ་ཉིད་བདེན་ཤས་ཀྱང་ཆེ་བར་མཐོང་།

དེ་བཞིན་དྭགས་པོ་རིན་པོ་ཆེའི་རྣམ་ཐར་ཡོངས་གྲགས་རྣམས་སུ་དྭགས་པོ་རིན་པོ་ཆེ་ནི་མདོ་ཏིང་འཛིན་རྒྱལ་པོའི་ནང་ནས་འབྱུང་བའི་ཟླ་འོད་གཞོན་ནུའི་སྐྱེ་བའམ་སྤྲུལ་པའི་སྐུ་ཡིན་པ་དང་། ཁོང་ལ་ཉམས་རྟོགས་ཀྱི་ཡོན་ཏན་རྣམས་དཀའ་ཚེགས་མེད་པར་འཁྲུངས་པ། སྐུ་ཚེ་གང་པོར་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་གྱིས་གང་ཚུལ་བཅས་ཕལ་པའི་མི་ལས་འདས་པའི་གཏམ་བརྒྱུད་མང་ན་ཡང་། དུས་གསུམ་མཁྱེན་པའི་ཞུས་ལན་དེ་རུ་དྭགས་པོ་རིན་པོ་ཆེས་ཁོང་གིས་ཐོག་མར་སྨན་དང་སྔགས་བསླབས་ཤིང་། དེ་ནས་དགུང་ལོ་ཉེར་དྲུག་ལ་རབ་བྱུང་མཛད་པས་སྒོམ་གྱི་ཉམས་ཅུང་ཟད་སྐྱེས། དགུང་ལོ་ཉེར་བརྒྱད་པར་དབུ་རུར་ཕེབས། དགུང་ལོ་སོ་གཅིག་པ་ལ་མི་ལ་རས་པ་མཇལ་ནས་ཟླ་བ་བཅུ་གསུམ་གྱི་རིང་བསྟེན། དེ་ནས་བླ་མ་མི་ལ་དང་བྲལ་ནས་ལོ་གསུམ་གྱི་རྗེས་སུ་ད་གཟོད་ཏིང་ངེ་འཛིན་བརྟན་པོ་འཁྲུངས་ཤིང་། ལོ་བདུན་གྱི་རྗེས་སུ་སེམས་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་ཏེ། སྔར་བླ་མས་གསུངས་པའི་ཆོས་དང་མགུར་ཐུགས་བརྗེད་སོང་བ་རྣམས་ཀྱང་བསྐྱར་དུ་གསལ་པོར་དྲན་པ་སོགས་བྱུང་། སྔར་དགེ་བཤེས་མཁས་པ་རེ་ཐུག་ན་ཉམས་ང་བ་འབྱུང་ན་ཡང་ད་ནི་སངས་རྒྱས་བྱོན་ཀྱང་ཉམས་མི་ང་བའི་གདེེངངས་ཚོད་སྐྱེས། དེ་ལྟར་རིམ་པས་སྒོམ་མེད་ཀྱི་རྟོགས་པ་འཁྲུངས་ནས་ཉམས་རྟོགས་ཀྱི་རྩལ་རྫོགས་པར་གསལ་ཞིང་། ཞུས་ལན་དེར་ཁོང་ལ་ཉམས་རྟོགས་འཁྲུངས་པར་སྐུ་ལས་བྱུང་ཚུལ་ཡང་གསལ་པོར་གསུངས།

མདོར་ན་ཞུས་ལན་འདི་ནས་གསལ་པོར་བསྟན་པ་ལྟར་དྭགས་པོ་རིན་པོ་ཆེ་ནི་སྔར་བཀའ་གདམས་པ་ལ་ཕྱིས་སུ་མི་ལའི་བཀའ་བརྒྱུད་པར་གྱུར་པ་མིན་པར་སྔར་ནས་མི་ལ་རས་པའི་སློབ་བརྒྱུད་ཡིན་པ་ལ་ཕྱིས་སུ་མི་ལ་རས་པ་དང་དངོས་སུ་མཇལ་ནས་མི་ལའི་བརྒྱུད་འཛིན་གཙོ་བོ་རུ་གྱུར་ཚུལ་གསལ། དེ་ཡང་སྔར་ནས་ཉམས་རྟོགས་མཐོ་བའམ། ཁེངས་དྲེགས་དང་རློམས་སེམས་ཆེ་ན་ཡང་སྤྲང་པོའི་ས་ནས་མི་ལ་རས་པའི་མཚན་ཐོས་པའི་རྐྱེན་གྱིས་མི་ལ་རས་པ་མཇལ་དུ་ཕེབས་པ་མ་ཡིན་པར་མི་ལ་རས་པའི་གདམས་ངག་བསྒོམས་པས་སྒོམ་ཅུང་ཟད་སྐྱེས་ན་ཡང་བཀའ་གདམས་པའི་གྲྭར་བཞུགས་པས་སྒོམ་ཉམས་པ་ལ་བླ་མ་གཞན་སུས་ཀྱང་རོགས་མ་ནུས་པས་ཐབས་ཟད་དེ་མི་ལ་རས་པ་མཇལ་དུ་ཕེབས་པ་ཞིག་གོ།། དེ་ལྟར་ཞུས་ལན་འདིའི་ནང་གི་རྣམ་ཐར་གྱི་སྡོམ་རྣམས་ནི་དྭགས་པོ་རིན་པོ་ཆེ་སྐུ་དངོས་ཀྱིས་གསུངས་ཤིང་། དྭགས་པོ་རིན་པོ་ཆེ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་དུས་གསུམ་མཁྱེན་པས་ཡི་གེར་བཀོད་པས་ན་འདིའི་ནང་དུ་དྭགས་པོ་རིན་པོ་ཆེའི་སྐུ་ཚེའི་ཚད་སོགས་རྣམ་ཐར་གྱི་གནས་ཚུལ་ཆ་ཚང་བ་དང་ཞིབ་ཕྲ་མི་གསལ་ན་ཡང་། གོ་རིམ་དང་སྤྱི་དོན་གྱི་ཐད་ལ་དྭགས་པོ་རིན་པོ་ཆེའི་རྣམ་ཐར་འདི་ལས་ལྷག་པ་ཞིག་མེད་ལས་ཆེ་བར་སྣང་། ཞུས་ལན་དེ་དང་དྭགས་པོ་རིན་པོ་ཆེའི་རྣམ་ཐར་སློབ་དཔོན་སྒོམ་པ་དང་ཁམས་པ་རྡོར་རྒྱལ་སོགས་ཉེ་གནས་རྣམས་ཀྱིས་མཛད་པར་གསལ་བ་འདི་གཉིས་པོ་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། གཞི་རྩའི་གོ་རིམ་སོགས་དུས་མཁྱེན་གྱི་ཞུས་ལན་དང་མཐུན་པ་གང་ཞིག་ལ། ཞིབ་ཕྲའི་ལོ་རྒྱུས་རྣམས་ཉེ་གནས་རྣམས་ཀྱིས་བཀོད་པར་གསལ་བ་དེ་དག་གུང་བསྒྲིགས་ན་ད་གཟོད་ང་ཚོར་དྭགས་པོ་རིན་པོ་ཆེའི་རྣམ་ཐར་དངོས་དང་མཐུན་ཆེ་ཤོས་ཀྱི་གོ་རྟོགས་འབྱུང་བའི་དགེ་མཚན་ཡོད་པར་མཐོང་ངོ་།།

སྤྱི་ལོ། ༢༠༢༠ ཟླ་༨ ཚེས ༨།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།