མགར་དམག་གིས་ཤར་རྒྱལ་མོ་ཚ་བ་རོང་ནས་བྲིས་པའི་སྙན་ངག་ཚན་པ་ལྔ།

7097



མ་ཕམ་པའི་སྡོམ་པ།


 ཁང་སྟོང་འདིའི་ནང་དུ་ལྕགས་ཐབ་གཅིག་ཡོད་པས་ང་ལ་མེ་ལྕེའི་བློས་བསླངས་བཞེང་བའི་སྤོབས་པ་མངའ་བར་གྱུར

ཡི་གེ་དང་ཁེར་རྐྱང་འཐབ་པའི་སྙན་ངག་ཅིག་ཡང་ཡང་བཀླགས་རྗེས
ངས་གྱང་ངོས་སུ་ཁྱོད་ཀྱི་མིང་དང་ཕ་ཡུལ་བྲིས
ནགས་ཚལ་དང་དུས་ཚོད་ཀྱང་ལྗང་ནེམ་མེར་བྲིས
དེ་ནི་ཁེར་རྐྱང་བྱ་བའི་མི་སེམས་ཀྱི་སྒྱེ་མོ་སྟོང་བ་དེ་མཚོན་ཕྱིར་མ་ཡིན
དེ་ནི་སྙན་ངག་འདིས་མཚོན་ཐབས་བྲལ་བའི་བར་ཐག་ཅིག་མཚོན་ཕྱིར་ཡིན

ཁང་སྟོང་ནང་ལྡང་བའི་རླུང་བསིལ་མོ་དག་AOSIMANརྟགས་ཅན་གྱི་ཆང་དམ་ནང་དུ་ལྷུང
མཚན་མོའི་ཆུ་ཚོད་10:36པའི་སྟེང་གི་རྨི་ལམ་ཡང་སྐར་རྡོ་ཆད་པ་ལྟར་རྨི་ལམ་གཞན་ཞིག་གི་ནང་དུ་ལྷུང
དུས་སྐལ་གྱི་བར་སྟོང་བརྒལ་འདྲའི་འགྲིལ་བཞུད་འདིའི་ལམ་ཐིག
࿂༼སྙིང་གི་འཕར་འགྲོས་ཀྱིས་བྲིས་པའི་གློག་རིས་༽འདྲ་བར་སྐབས་རེར་མཐོ་ལ་སྐབས་རེར་དམའ

དོན་དུ
ཕྱི་རོལ་གྱི_____སྐྱིད་གླིང་ནང་གི_____ཁྱོད་རང་འཆམ་འཆམ་གནང་སའི_____ལམ་ཕྲན་དེ
བདག་གི་སྙིང་ཁམས་དང་འདྲ་བའི་ཁང་སྟོང་འདི་ཡི་སྒོ་ཁར་འཐེན་ཡོད་དམ

དོན་དུ
ལྕགས་ཐབ་གཅིག་ཡོད་པས
ཁང་སྟོང་འདིའི་ནང་དུ་རང་སེམས་འགྱུར་རྡོར་གྱུར་བའི་གཟུགས་འཁྱག་པོ་དག་བློས་བསླངས་བྱེད་པར་སྤོབས

 
࿂རྒྱ་མིའི་སྐད་དུ་心电图ཟེར་བ་ལ་གོའོ།
࿂སྙན་ངག་ཧྲིལ་བའི་མགོ་མཇུག་གཉིས་སུ་བློས་བསླངས་ཞེས་པའི་ཐ་སྙད་འདི་ཐེངས་གཉིས་ལ་ཐོན་ཡོད་པས། ཐོག་མ་ནི་ནང་ཆོས་ཀྱི་བརྡ་ཆད་ལྟར་གོ་བ་ལེན་དགོས་པ་དང་ཕྱི་མ་ནི་རྟོག་འཆར་ལ་བརྟེན་ནས་གང་ཞིག་གསར་བཟོ་བྱས་པ་ལ་གོ་དགོས་སོ།

དེང་མ་ཞིག་ལ།


དེང་མ་ཞིག་ལ
ངས་རང་གི་ལག་པའི་ནང་གི་ས་བོན་འདི་ཁྱོད་ལ་ཕུལ་འདུན་སྐྱེས
རྗེས་སུ་ཁྱོད་ཀྱི་ལག་ནང་ནས་འདབ་མ་གྲོལ་ན་སྙམ
དུས་ལ་དགུན་ཁ་ཚེས་ན ང་རང་ཁྱོད་ཀྱི་ཉི་འོག་ཏུ་འཚར་ན་སྙམ

དེང་མ་ཞིག་ལ
ངས་རང་གི་མིག་ནང་གི་ཆུ་བོ་དེ་ཁྱོད་ལ་ཕུལ་འདུན་སྐྱེས
རྗེས་སུ་ཁྱོད་ཀྱིས་ཆུ་བོ་ལ་ཀོ་གྲུ་བཏང་ཞིང་བདག་གི་སྐམ་སར་སླེབས་ན་སྙམ
རྦ་རླབས་གྲུ་ཤན་དང་བརྡབ་ན ང་རང་ཁྱོད་ཀྱི་གཏམ་རྒྱུད་ཁྲོད་འཚར་ན་སྙམ

དེང་མ་ཞིག་ལ
ངས་རང་ལ་རིན་པོ་ཆེའི་མཛོད་ཁང་ཞིག་ཡོད་ན་སྙམ
རྗེས་སུ་མཛོད་ཁང་དེའི་ལྡེ་མིག་ཁྱོད་ལ་ཕུལ་འདུན་སྐྱེས
གཡུ་དྲུག་ཆུང་སྐུད་པར་བརྒྱུས་ན ང་རང་ཁྱོད་ཀྱི་འཇོ་སྒེག་ལ་འཐིམ་ན་སྙམ

དེང་མ་ཞིག་ལ
ངས་རང་ཉིད་བོད་ཡིག་སློབ་དེབ་ངོས་ཀྱི་སྙན་ངག་ཅིག་ཡིན་ན་སྙམ
རྗེས་སུ་ཁྱོད་ཀྱིས་ཡང་ཡང་བཀླགས་ཤིང་ངའི་ཤ་དང་རུས་པར་འགྲེལ་བ་ཞིག་བརྩམ་ན་སྙམ
སློབ་མ་ཚོར་གཟབ་ནན་གྱིས་ཁྲིད་དུས ང་རང་ཁྱོད་ཀྱི་ལྕེ་རྩེའི་བུ་རམ་ལ་འདྲེས་ན་སྙམ

དེང་མ་ཞིག་ལ
ང་རང་འདི་ཙམ་གྱིས་ཡོངས་སུ་མགུ་མོད
࿂༼འདི་ཙམ་གྱིས་ང་རང་ཡོངས་སུ་ཕམ་སོང
དགོངས་པ་མ་ཚོམ༽࿂


࿂གྲོགས་འདས་པོ་སྙིང་ལྕགས་ལགས་ཀྱི་སྙན་ཚིག་ཅིག་གཡར་བ་ཡིན།


                          ཁོག་པའི་ནང་དུ་དྲངས་པའི་སྦུ་གུ་འདི།

འགྱིག་གི་སྦུ་གུ་ཞིག་ཁོག་པའི་ནང་དུ་དྲངས་པ་ནས
སྣེ་གཅིག་ནི་སྙིང་གི་ནག་ཐིག་དེའི་སྟེང་དུ་ཡོད
སྣེ་གཅིག་ནི་འགྱིག་དམ་སྟོང་བ་དེའི་ནང་དུ་ཡོད

ཧ་ཅང་མཚོན་ཐབས་ཀྱིས་དབུལ་དུས
སྙིང་གི་ནག་ཐིག་འདིས་ས་ཁྲའི་འཇིངས་ཀྱི་རྒྱལ་ཁབ་གཅིག་མཚོན་ཆོག
འགྱིག་དམ་སྟོང་བ་དེས་ཐོན་ཁུངས་ཟད་རྗེས་ཀྱི་བྲག་ཁུང་ཞིག་མཚོན་ཆོག

ཉམས་ཆུང་བའི་མཚོན་ཐབས་འདིའི་དབང་གིས
སྦུ་གུའི་ནང་དུ་བཞུར་ནས་འགྲོ་བ་དེ་ཁྲག་མིན་པར་ཆུ་ཡིན་ངེས
ཆུ་ལ་ཞུགས་པའི་བུད་མེད་དག་གྲང་དོགས་ཀྱིས་གྲམ་ཁར་འབྲོས་པས
བརྩེ་དུང་གིས་དབུལ་བའི་ཡུལ་ལྗོངས་འདིའི་ངོས་སུ་འཁྱག་རླུང་གིས་སྦོས་པའི་ལུས་པོ་གྲང་འདར་ཡང་ཡང་བརྒྱབ

སྨན་གཡོག་མའི་མིག་ནང་གི་མེ་སྟག་ཕྲ་མོ་ཞིག་གིས་བདག་གི་ཚེ་སྲོག་གི་སྒང་ལ་ས་སྲོད་ཅིག་བྲིས
དེའི་རྗེས་སུ་ཡང་བསྐྱར་མེ་སྟག་ཕྲ་མོ་རེ་མཆེད་ཙམ་མཆེད་ཙམ་བྱས
དེ་ནི་ནད་ཁང་30བའི་ནམ་མཁའ་ལས་ས་ནག་སྤར་མོ་གང་རླུང་ཁར་བྱོ་བ་ཧ་ཅང་འདྲ

ཁོག་པའི་ནང་དུ་དྲངས་པའི་སྦུ་གུ་འདི
སྣེ་གཅིག་ནི་བདག་སེམས་ཀྱི་འཁུར་དུ་ལྕི་བའི་ཅ་ལག་ཐམས་ཅད་ཀྱི་མགོ་ཁུངས་སུ་ཡོད
སྣེ་གཅིག་ནི་སྟོང་པར་གྱུར་བའི་འཇིག་རྟེན་འདིའི་ཁོག་པའི་ནང་དུ་ཡོད

ས་རིབ་ཐེངས་རེར
ངས་ཁོག་པའི་ནང་དུ་དྲངས་པའི་སྦུ་གུ་ལས་ཁྲག་དཀར་གྱི་གཙང་བོ་འོད་ལམ་ལམ་གྱིས་བཞུར་ཡོང་ན་བསམ

མགུར་མ་ཕོ་རོག་མདའ་འཁུར།


ཉི་དུག་ཕོག་པའི་ལུས་སུ་ཆུ་ཐན་འབར།།
ཆམ་པ་ཕོག་པའི་སྙིང་ལ་ཚ་བ་རྒྱས།།

བྱ་རྡོ་ལམ་འཕྲད་བྱིས་པའི་རྩེད་མོ་འདི།།
རྨོངས་པའི་ཆར་ནག་བྱོ་ས་འདི་ནས་རྙེད།།

སོ་མང་ཆུ་ལ་བསྐུར་བའི་མེ་ལོང་ནང་།།
རྣམ་རྟོག་ལྷགས་པ་ཟ་བའི་ཡིག་ནོར་གྱིས།།
རྒས་མོ་ཡུགས་ས་ཞིག་གི་སྐྲ་ལོ་སླེ།།

གནའ་བོའི་ཇག་གླུ་འགགས་སའི་གྲོང་རོང་བར།།
རྡོ་འཁྱགས་བརྩིགས་པ་བརྒྱབ་པའི་དུར་ཁུང་རེ།།
གཡུལ་དུད་ཡལ་བའི་རྗེས་ཀྱི་དྲེག་པ་ལ།།
ནག་པོའི་རྩི་ལ་རྒུད་པའི་མདོག་ཀྱང་མངོན།།

གྲོང་ཁྱིམ་སྙིགས་མ་འཕྱག་པའི་སྤོ་བོ་ཞིག།
ཡིད་ཙམ་ཕྱགས་མར་བསྙེས་ཤིང་ལུས་ངལ་གསོ།།
ཨག་ཚོམ་དཀར་པོ་ཚེ་ཡི་མཐའ་ལ་དཔྱངས།།
གཡག་རྭའི་ཕྱེད་ཀ་བཞོག་འདྲའི་འགག་འདི་ནས།།
དབུགས་འབྱུང་ལྷོད་མོ་ཐེངས་གཅིག་ལེན་པ་དཀའ།།

ཨུ་ཚུགས་ཡར་ལ་དགྱེས་པའི་རི་ཟོམ་ན།།
ཆོས་པ་ཁྱིམ་ཐབ་འཛིན་པས་དྲག་འཆམ་བརྒྱག།
རྒྱལ་རོང་སྐད་བརྡ་འཆད་པའི་རྨོ་མོ་ཞིག།
གནམ་གྱི་ཚབ་དུ་ངུ་ཤུམ་ཡང་ཡང་མཛད།།

རྒས་མོ་ཕེབས་རྗེས་ཞེན་ཆགས་བསིལ་གྲིབ་ནང་།།
ནལ་བུ་ལོང་པ་ཞིག་ཀྱང་ངུས་ཏེ་བརྒྱལ།།

འཕྲུལ་གྱི་གླང་བོ་བཟི་བའི་སྣ་ཞགས་ལ།།
བཏགས་འདྲའི་ལྗོན་པའི་ཚོགས་ཀྱང་ལྕིག་ལྕིག་འདར།།

རྣ་གཤོག་རྒྱངས་ཏེ་རྡོ་བའི་ཁེར་ལབ་ལ།།
ཆར་བའི་ནང་ནས་ག་ལེར་ཉན་པའི་ཚེ།།
གཡའ་རྡོ་སྔོ་ནག་རེ་ཡི་རྫང་ཁོག་ན།།
མདའ་མདུང་ཟིང་ལོང་འགྱེད་པའི་མེ་རོ་ཙམ།།
ད་དུང་མ་ཤི་མ་གསོན་ཙམ་དུ་ལྷག།

སྐྱེས་ཕོ་གཡུལ་ལ་ཆས་པའི་ཕྱི་དྲོ་ལ།།
བཙན་པོའི་དགོང་བསང་བཏང་བའི་ཀྭི་བསྭོ་སྒྲ།།
བརྒྱ་ལོ་འཁུར་དུ་བཞེས་པའི་བྲག་ཐེམ་གྱི།།
རྒོད་པོས་གཤོག་སྣེ་གློག་དམར་བརྡར་ལས་མཆེད།།
རྨི་ལམ་མངོན་སུམ་ཡིན་ནམ་ཆ་མ་འཚལ།།
རྨི་ལམ་མངོན་སུམ་ཡིན་ནམ་ཆ་མ་འཚལ།།

ཧམ་ནག་དུག་ཆུ་འཐུང་བའི་མི་རྣམས་དང་།།
བཀྲེས་སྐོམ་མེ་ལ་འཚིག་པའི་གྲོག་མའི་ཚོགས།།
གཅིག་ལས་གཅིག་མགྱོགས་ལྟོ་ལ་འདུར་རྗེས་ན།།
ང་དང་ཁུར་མོང་ཨ་མ་ལས་ཀྱི་ཟླ།།
མཚམས་རེར་སྟོང་བའི་དབྱིངས་སུ་ཡར་འཕུར་ནས།།
དམྱལ་བའི་ཡི་དྭགས་སླད་དུ་མྱ་ངན་བསགས།།
ལན་རེར་རྡོ་དང་འཁྱགས་པའི་ཞབས་ཉུལ་ནས།།
བར་དོ་འཁྱམ་པའི་ཁེར་སྡུག་དངངས་བཞིན་མྱངས།།


2020-6-9ཉིན་ཤར་རྒྱལ་མོ་ཚ་བ་རོང་གི་སོ་མང་ཆུ་བོའི་འགྲམ་དུ་བྲིས།


སྨན་ཁབ་ཀྱིས་གསོ་དགོས་པའི་སྙན་ངག


བྱིས་པའི་ལྕེ་རྩེ་ལ་ལེན་ཐུབ་པའི་སྤྲིན་དཀར
རི་སྒང་གི་ལུག་ཁྱུར་འདྲེས་འགྲོ་སྙམ་པའི་གཞོན་པའི་སེམས་འཚག
གཉིས་ཀ་འོ་མ་བཞིན་བསྲུབས་རྗེས
བདག་གི་ཁེར་རྐྱང་ལྷ་ཡུལ་གྱི་རྟ་ཁྱུ་དང་འདྲེས་ནས་སོང
ལྷ་ལམ་གྱི་སྒོ་ཆེན་འབྱེད་པའི་ལྡེ་མིག་དེ་གང་དུ་ཡོད
འཇའ་མཚོན་གྱིས་བསླེས་པའི་ཁྱོད་ཀྱི་ལག་ཁུག་ནང་ཡོད་དམ
འཁྲེང་ཞེན་གྱིས་འཚེར་བའི་ཁྱོད་ཀྱི་མིག་ནང་དུ་ཡོད་དམ

ད་ལྟ ལྷོ་ལམ་གྱི་ཁྲུང་ཁྲུང་ཁོ་ནས་ང་རང་རྒྱང་ལ་འཁྲིད་ཀྱིན་འདུག
སྤྲིན་ནག་གདུ་བའམ་གློག་དམར་འཚུབ་པའམ་གནམ་ས་ཁ་རུབ་པ་ལྟ་བུ
རྒས་ཀྱིན་པའམ་ན་བཞིན་པའི་ན་ཚོད་འདི་དང་ལྷན་ཏུ་ཐོན
ཀྱེ སྟོང་ལ་ཉེ་བའམ་འབར་ལ་ཉེ་བའམ་དགས་ལ་ཉེ་བའི་འཇིག་རྟེན་འདི
ངའི་སེམས་སུ་སྐག་རྩི་བྱུག་ཆོག་པའི་རྒས་མོ་ཞིག་གི་ངོ་གདོང་ལས་ཀྱང་སྙིང་བོའི་སྟོང

ད་ལྟ ང་ཡིས་མེ་ལོང་གི་ཚབ་དུ་བཟོས་པའི་དུར་ཤིང་དེའི་ངོས་སུ
རུས་པ་དཀར་བའི་ཁྱི་གཅིག་ཉལ་བ་སུས་ཀྱང་མི་མཐོང
ཕྱོགས་ཞེན་གྱི་མིག་གིས་གངས་རི་ལ་ལྟ་བ་བཞིན
ང་ཡི་གཟོད་སྒོམ་གྱི་ནང་དུ་ཆུ་ལ་མེ་འབར
འཇིག་རྟེན་གྱི་སྙིང་བོའི་སྒང་ལ་རྩྭ་སྐྱེས་ཤིང་མེ་ཤོར

ལྡེ་མིག་ཅིག་རྙེད་པ་ཙམ་གྱིས་གྱང་ཐམས་ཅད་ལས་སྒོ་རེ་རྙེད་ངེས་ཚེ
སེམས་ཀྱི་ཕུག་པ་རེ་རེ་ལ་སྦས་པའི་མུན་པ་དག་སྐད་ཅིག་གསེར་དུ་
འགྱུར་ངེས་ཚེ
ང་ཚོའི་བར་དུ་ལྡིང་བའི་དུས་ཚོད་ཀྱི་རླུང
ཁྱོད་ཀྱི་ལག་ནང་ནས་ང་ཡི་ལག་ནང་དུ་བཞུར་ཆོག་པའི་ཆུ་བོ་ཞིག་ཏུ་འགྱུར་ཆོག་གམ

མིན་ན
ང་ཚོའི་བར་དུ་ལྡིང་བའི་དུས་ཚོད་ཀྱི་རླུང
སེམས་ཀྱི་ཕུག་པ་རེ་རེར་སྦས་པའི་མུན་པ་ལ་འཐིམ་ཚེ
ད་ལྟ ངས་མཛའ་གཞས་འདི་ཡི་ཤ་དང་རུས་པ་མེ་ལྕེ་ལ་ཕུལ་ཆོག་གོ

རྫས་སྣ་ཚོགས་ཀྱིས་བཟོས་པའི་སྟོང་བ།


སྲོད་ཁ་དེར
འུ་གཉིས་ཕན་ཚུན་གྱི་མེ་ལོང་ངོས་སུ་ཇེ་གསལ་ལ་སོང
མ་རེད
ཁྱེད་ཀྱི་མེ་ལོང་ནང་གི་ང་ཡི་བུ་ག་དག་ཇེ་ཆེར་ཕྱིན་སོང
མ་རེད
ང་ཡི་བུ་ག་ལས་རླུང་དང་མུན་པ་ལྡང་བས་ཁྱོད་ཀྱི་ཡལ་གའི་སྟེང་གི་སིལ་ཏོག་དེ་ཉིད་ལྕིག་ལྕིག་སྒུལ་བྱུང
མ་རེད
ཁྱོད་ཉིད་གཉིད་ལས་སད་དུས་ཡོད་ཚད་རྨི་ལམ་ཞིག་མིན་ནམ
མ་རེད
ཁྱོད་ཀྱི་རྨི་ལམ་ང་ཡི་བུ་ག་ནས་འགགས་པས
ང་ཡི་ཆར་བ་དང་ཁེར་རྐྱང་ཁོ་ནས་ཁྱོད་ཀྱི་རྨི་ལམ་ལ་བརླན་གཤེར་གནང་ཐུབ
མ་རེད
རྨི་ལམ་ནི་མ་གཞི་ནས་བུ་ག་ཞིག་སྟེ
འུ་གཉིས་ཕན་ཚུན་གྱི་བུ་ག་བརྒྱུད་ཏེ་ཕན་ཚུན་གྱི་རྨི་ལམ་ཏུ་སླེབས
ཁྱོད་ཀྱིས་བརླན་གཤེར་གྱི་རྫས་ལས་མེ་ཏོག་ཅིག་བླངས་ཏེ་ང་ཕུལ
ང་ཡིས་སྲ་མཁྲེགས་ཀྱི་རྐྱེན་ལས་གོ་ལ་ཞིག་བླངས་ཏེ་ཁྱོད་ལ་ཕུལ
མ་རེད
རྫས་རྐྱེན་དེ་དག་གི་རྐྱེན་པས་འུ་གཉིས་གོ་ལ་གཉིས་སུ་གྱེས
གཅིག་ནི་འོད་དང་གཅིག་ནི་མུན་པར་གྱེས
མ་རེད
རྫས་རྐྱེན་དེ་དག་གི་རྐྱེན་པས་འུ་གཉིས་འབྲས་བུ་མི་འདྲ་བའི་ས་བོན་གཉིས་སུ་གྱུར
གཅིག་ནི་མིག་ཆུ་དང་གཅིག་ནི་ཆར་བ་རུ་གྱུར

དེ་ལྟར
ས་སྲོད་ནས་མཚན་མོའི་བར་དུ
འུ་གཉིས་ཀྱིས་རང་རང་གི་སྟོང་པ་དག་མ་ཐེགས་པར
བརྩེ་དུང་གི་ཡུལ་ལྗོངས་ཤིག་གློག་གཟིམ་ལྟར་མུན་པར་གྱུར

འཇིག་རྟེན་འདི་དོག་དྲགས་པས
བརྩེ་དུང་ཤོང་ཐུབ་ཀྱང་མེ་ལྕེ་དང་མཛའ་གཞས་ཤོང་ཐབས་མི་འདུག

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།