ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་གློ་སྨོན་ཐང་།

10991


བཅར་འདྲི་བྱ་ཡུལ།  གློ་བོ་ངག་དབང་བདེ་ཆེན།
བཅར་འདྲི་བྱེད་མཁན། ཙོང་ཁ་ཚེ་བརྟན་རྒྱལ།

གློ་སྨོན་ཐང་། རྫ་སྐྱེས་ཕུར་བས་པར་བླངས།

གུས་པས་ཧི་མ་ལ་ཡའི་རི་རྒྱུད་ན་གནས་པའི་བོད་རིགས་ཡུལ་ལུང་གི་ལོ་རྒྱུས་ས་བོན་འཚོལ་ཞིབ་ཁྲོད། ཀློ་པ་དང་(ཀློ་པ་ནི་རྒྱ་གར་ཨར་ར་ན་ཅལ་Arunacha ཞིང་ཆེན་ན་གནས་ཤིང་།སྔ་མོར་བོད་དང་འབྲེལ་བ་ཆེ་ཚུལ་གོ་ཐོས་ཙམ་དང་བོད་ལྗོངས་སྨིན་གླིང་རྫོང་དང་མེ་ཏོག་རྫོང་།  རྫ་ཡུལ་རྫོང་། སྣང་རྫོང་།ལྷུན་རྩེ་རྫོང་སོགས་ན་གནས་ཆགས་པའི་ཀློ་པ་མི་རིགས་ཀྱི་གནས་ཚུལ་འབྲེལ་ཡོད་ཡིག་ཚགས་ཁ་ཤས་ཤིག་མཇལ་བ་མ་གཏོགས་ཆ་རྒྱུས་དེ་ཙམ་མེད། )ལྷོ་པ(ལྷོ་པ་ནི(Bhutias)རྒྱ་གར་འབྲས་ལྗོངསSikkimཞིང་ཆེན་ན་གནས་ཤིང་།  རྒྱལ་རབས་བཅུ་གཉིས་ཙམ་བྱུང་པ་དང་བོད་དབུས་ལ་འབྲེལ་བ་ཟབ་ཚུལ་ཡིག་ཚགས་ཁག་ན་གསལ་པ་ལྟར་འདིར་ཡིག་ཚོགས་སྤུངས་པ་མིན་འགྲོ་སྙམ།)

དེའི་འཕྲོར་ནམ་རྒྱུན་ཀུན་གྱི་རྣ་རྩར་གྲགས་པའི་གློ་ཆུ་མིག་བརྒྱ་རྩའམ་གློ་པ།གློ་བོ། གློ་སྨོན་ཐང་སོགས་ཡུལ་གཅིག་ལ་འབོད་སྟངས་མི་འདྲ་པ་མང་ནའང་།  དེ་དག་རེ་རེ་གླེང་རྒྱུ་མ་ཡིན་པར་གློ་སྨོན་ཐང་ཞེས་པའི་ཡུལ་ལུང་འདི་དེང་རྒྱལ་ཁོངས་གང་ན་གནས་པའི་སྐོར་རང་རེའི་ཤེས་རིག་ལ་དུང་ཞེན་ཟབ་པའི་དོལ་པོ་དགེ་རྒན་པདྨ་དགོས་འབྱོར་ལ་ཡང་དང་བསྐྱར་དུ་ཞུ་འབོད་ལྟར།  ཁོང་གིས་ཡིན་དང་ཡིན་ཞེས་ཝར་ཎཱ་མཐོ་སློབ་ན་སློབ་གཉེར་བྱེད་དང་བྱེད་བཞིན་པའི་གློ་སྨོན་ཐང་གི་ཡུལ་མི་ངག་དབང་བདེ་ཆེན་ལགས་ངོ་སྦྱོར་གནངས་པ་དང་མོས་སོ་སོའི་ཕ་ཡུལ་གློ་སྨོན་ཐང་ངོ་སྤྲོད་བྱེད་རྒྱུ་ནི་ུགལ་ཆེན་མཐོང་ཆེན་དུ་བརྩི་བཞིན་དང་དུ་བླངས་སོ།

གློ་ཚོ་ཤར་གྱི་གྲོང་ཚོ། རྫ་སྐྱེས་ཕུར་བས་པར་བླངས།

      དང་པོ།    ས་ཆའི་གནས་བབ་དང་གློའི་ཡུལ་མིང་།

     ཐོག་མར་ས་ཆའི་གནས་བབ་ནི། རང་ཡུལ་གློ་ནི། དེང་སང་བལ་ཡུལ་ནང་ཁྱོན་བསྡོམས་རྫོང་བདུན་ཅུ་དོན་བདུན་ཡོད་པའི་ནང་ནས་མུསྟཱང་རྫོང་ནང་ཡོད་ལ། མངའ་སྡེ་བདུན་གྱི་ནང་ཚན་གཱནྜ་ཀི་མངའ་སྡེའི་ཁོངས་གཏོགས་ཤིག་ཆགས་ཡོད། ཕྱོགས་ཀྱི་ཆ་ནས་བཤད་ན་བལ་ཡུལ་གྱི་ནུབ་ཕྱོགས་སུ་ཆགས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་མི་ཊར་ 2,500 ཡིན་པར་བཤད། ཕྱི་ལོ་ 2011 ལོའི་མི་འབོར་ཞིབ་གཤེར་སྙན་ཐོ་ལྟར་མི་གྲངས་ 13,452 ཙམ་ཡོད། གློ་ཡུལ་གྱི་མིང་གི་སྐོར་ནི།  ཡིག་ཐོག་ཏུ་གློ་དང་བློ། ཀློ། ལྷོ།(ལ་དྭགས་ཡིག་ཆ་ཕལ་ཆེ་བར།) ད་དུང་གློ་བོ་དང་བློ་བོ་སོགས་མང་དུ་ཡོད་ཀྱང་།  དག་པ་ནི་གློ་ཞེས་པ་དེ་ཡིན་སྙམ་སྟེ།   ཏུན་ཧོང་ཡིག་རྙིང་དུ།  དུས་རབས་བདུན་པའི་སྐབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་གློ་མངའ་འོག་ཏུ་བསྡུས་ཞེས་པའི་སྐབས་དག་ཆ་དེ་ཉིད་བེད་སྤྱོད་གནང་ཡོད་པ་དང་།   གཞན་ཡང་།  གློ་མཁན་ཆེན་གྱི་མཚན་གྱི་དབུར་གློ་ཞེས་པའི་ཡོངས་གྲགས་ཀྱི་འབྲི་སྟངས་ལ་བལྟས་ནའང་དེ་ཉིད་འཐད་པར་སེམས། 

     ཚོ་ཤར་ཉི་ཕུག་དགོན་གྱི་ཟུར་ཞིག རྫ་སྐྱེས་ཕུར་བས་པར་བླངས།

ཕྱིས་དུས་རབས་བཅོ་བརྒྱད་པའི་སྨད་ཙམ་ན་གློའི་རྒྱལ་ཕྲན་བལ་ཡུལ་གྱི་མངའ་འོག་ཏུ་ཚུད་པ་ནས་བཟུང་། གློ་ཞེས་པའི་མིང་འདི་ད་ལྟ་བོད་རིག་པའི་ཡིག་ཆའི་ནང་དང་། རྒྱལ་ཕྲན་འདིའི་མི་རིགས་དང་ཧི་མ་ལཱ་ཡའི་མི་སྣས་བེད་སྤྱོད་བྱེད་པ་ལས། བལ་པོ་དང་དབྱིན་ཡིག དེ་བཞིན་ཕྱི་མི་རྣམས་ཀྱིས་ནི།  གློ་བོའི་རྒྱལ་ས་”སྨོན་ཐང་”ཞེས་པ་ལས་ཟུར་ཆགས་པར་གྲགས་པའི་”མུསྟཱང་”ཞེས་པ་དེ་གློ་སྤྱིའི་མིང་དུ་སྤྱོད་བཞིན་ཡོད། དེས་ན་ངས་དུས་རྒྱུན་གློའམ་མུསྟཱང་ཞེས་གཉིས་ཀ་འབྲི་བའི་དགོས་པ་ཡང་།  ལོ་རྒྱུས་རང་བཞིན་ཅན་གྱི་གདོད་མའི་མིང་དེ་རྒྱབ་ཏུ་བསྐྱུར་བར་བློ་ཕམ་ཞིང་། ད་ལྟའི་སྤྱི་ཡོངས་ལ་ཁྱབ་པ་དེས་གློ་ཡུལ་དེ་ཉིད་ལ་བདེ་བླག་ཏུ་གོ་བའི་ཕྱིར་རམ། གསར་རྙིང་གཉིས་ཀ་དང་དུ་བླངས་པའི་དགེ་མཚན་མཐོང་བས་ཡིན།

     གློ་སྟོད་ཀྱི་སྦྲ། རྫ་སྐྱེས་ཕུར་བས་པར་བླངས།

ད་ལྟ་དུས་འགྱུར་གྱི་དབང་གིས་བལ་ཡུལ་གྱི་མངའ་ཁོངས་སུ་ཡོད་ཀྱང་། རང་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག   འཚོ་གནས་དང་ཡུལ་སྲོལ་གོམས་གཤིས། དེ་བཞིན་ཆོས་དང་རིག་གཞུང་བཅས་ནི་སྔར་བཞིན་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད།   རྒྱུན་གཏན་གྱི་འཚོ་རྟེན་ཡང་དབྱར་དུས་སུ་ས་མ་འབྲོག་དང་། དགུན་དུས་སུ་ཚོང་ལས་ཙག་ཙིག་གིས་རང་ཁ་རང་གསོའི་ངང་འཚོ་བཞིན་ཡོད།  ནམ་དུས་བཞིའི་འགྱུར་ལྡོག་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་ལུང་ཕལ་མོ་ཆེ་དང་གཅིག་མཚུངས་ཡིན། དབྱར་དུས་སུ་ཆར་ཆུ་དཀོན་པས་རི་ཀླུང་ཕལ་མོ་ཆེ་སྐམ་པོ་དང་སྐྱ་བོ་ཡིན་ཡང་།  ཞིང་ཁ་འདེབས་པའི་སྐབས་སུ་ལོ་ཏོག་དང་མེ་ཏོག་སོགས་རྩི་ཤིང་སྣ་ཚོགས་ཀྱིས་ཡུལ་ལུང་མཛེས་པར་བྱེད།

         གཉིས་པ།  གློའི་རྒྱལ་པོའི་སྲིད་གཞུང་།

         གློ་རྒྱལ་མཐའ་མ། པར་བ་མི་གགསལ།

དུས་རབས་བཅུ་བཞིའི་སྔོན་དུ་རང་ཡུལ་གློ་ནི། མང་ཡུལ་གུང་ཐང་རྒྱལ་རབས། གུ་གེ་རྒྱལ་རབས་དང་ཡ་ཙེ་རྒྱལ་རབས་ཀྱི་མངའ་འོག་ཡིན་ཀྱང་།  ཕྱིས་སྤྱི་ལོ་༡༤༤༠ལོར་ཆོས་རྒྱལ་ཨ་མ་དཔལ་(འཁྲུངས་འདས་ལོ་༡༣༨༧-༡༤༤༧) གྱིས་རང་བཙན་གཙང་མའི་རྒྱལ་ཕྲན་གྱི་ངོ་བོར་བསྒྱུར་པ་དང་ཆབས་གཅིག ཨ་མ་དཔལ་རང་ཉིད་གློ་སྤྱིའི་རྒྱལ་པོ་ཐོག་མ་གྱུར། དེ་ནས་བཟུང་དུས་རབས་བཅོ་བརྒྱད་ཀྱི་བར་རང་དབང་ལྡན་པའི་རྒྱལ་ཕྲན་ཞིག་གི་ངོ་བོར་གནས། འོན་ཀྱང་སྐབས་དེ་དག་གི་རིང་།  ཁྱིམ་མཚེས་རྒྱལ་ཕྲན་ཛུམ་ལང་དང་མཉམ་དུ་ལན་མང་འཐབ་རྒོལ་གྱི་བརྒྱུད་རིམ་ཁྲོད།  གློ་རྒྱལ་ཕྲན་གྱི་སྲིད་འབྱོར་རིག་གསུམ་ལ་དར་རྒུད་ཀྱང་སྣ་ཚོགས་བྱུང་ཡོད།  དུས་རབས་བཅོ་བརྒྱད་པ་ནས་བལ་པོའི་མངའ་འོག་ཏུ་ཚུད་ཀྱང་།  གློ་རྒྱལ་པོའི་སྲིད་གཞུང་ནི་དུས་རབས་ཉེར་གཅིག་བར་རྒྱལ་རབས་ཉེར་གཅིག་པ་ཨ་ཧྃ་འཇིགས་མེད་དཔལ་འབར་གྱི་བར་མུ་མཐུད་གནས་ཐུབ་པ་བྱུང་ཡོད།  འོན་ཀྱང་།  ཕྱི་ལོ་༢༠༠༨ཟླ་ ༠༥ ཚེས་༢༧ གྱི་ཉིན་བལ་པོའི་ཤཱཧ་རྒྱལ་པོའི་སྲིད་གཞུང་བསྣུབས་ནས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་གསར་ཏུ་བཙུགས་པ་དང་ཆབས་གཅིག  གློ་རྒྱལ་པོའི་སྲིད་དབང་ཀྱི་ལམ་ལུགས་ཀྱང་མཇུག་བསྡུས་སོ།   །དེ་ལྟ་ནའང་།  གློ་རྒྱལ་པོའི་རྒྱལ་རྒྱུད་ནི་ད་ལྟའང་རྒྱལ་ཆུང་འཇིགས་མེད་སེང་གེ་དཔལ་འབར་དང་ཁོང་གི་སྲས་རྣམ་པས་རྒྱུད་འཛིན་གནང་བཞིན་ཡོད། 

    གསུམ་པ།  གློ་སྟོད་དང་གློ་སྨད་གཉིས།

     གློ་ལ་གློ་སྟོད་དང་གློ་སྨད་བྱས་ནས་གཉིས་སུ་དབྱེ་རྒྱུ་ཡོད་ཀྱང་།  གློ་སྨད་ཐག་ཡུལ་ནི་རྒྱལ་རབས་གཉིས་པ་ཆོས་རྒྱལ་ཨ་མགོན་བསྟན་འཛིན་བཟང་པོས་(རྒྱལ་སྲིད་བཟུང་ཡུན་༡༤༤༧-༡༤༨༢)གློའི་མངའ་འོག་ཏུ་བསྡུས། ཕྱིས་དུས་རབས་བཅུ་བདུན་པའི་ནང་ཨ་ཧྃ་བསམ་གྲུབ་དཔལ་འབར་གྱི་(རྒྱལ་སྲིད་བཟུང་ཡུན་༡༥༦-༡༧༡༠) སྐབས་ཛུམ་ལང་གིས་གློར་དམག་ལན་མང་དྲངས་ནས་བཙན་འཛུལ་གྱི་སྐབས་གློ་སྨད་ནི་ཛུམ་ལང་གི་ལག་ཏུ་ཤོར།  དེའི་སྐབས་གློའི་རྒྱལ་པོར་མངའ་བ་ནི་གློ་སྟོད་ཚོ་བདུན་མ་གཏོགས་མེད།  གློ་སྟོད་ཚོ་བདུན་ནི།  1གློ་སྨོན་ཐང་དང་། 2ཚོ་ཤར། 3ཚོ་ནུབ། 4གཡའ་ར་སྒང་ར་སོགས་ཤར་རྒྱུད་ཀྱི་ཡུལ་ལུང་རྣམས་ཚོ་གཅིག 5རྩེ་དྲངས་དང་མ་རང་གཉིས་བསྡོམས་པས་ཚོ་གཅིག 6བྲག་དམར་དང་གད་སྨད་གཉིས་ནས་ཚོ་གཅིག 7སྒེར་ལུང་བཅས་ཚོ་བདུན་ཡིན།  ཤུགས་རྐྱེན་དེའི་དབང་གིས་གློ་ཞེས་བརྗོད་སྐབས་གློ་སྟོད་ཁོ་ན་ལ་གོ་བ་ལྟ་བུའང་གྱུར་ཡོད། དེང་སང་ཡང་གློ་སྨད་པ་རྣམས་ཀྱིས་རང་ཉིད་མུསྟཱང་ནས་ཡིན་པར་བརྗོད་ཀྱང་གློ་ནས་ཡིན་པ་ཁས་མི་ལེན་། གློ་ཟེར་དུས་ཧ་ཅང་ལུང་ཁུག་ཅིག་ཏུ་བརྩིས་ནས་རྗེས་ལུས་ཀྱི་རྣམ་པར་ལྟ་བཞིན་ཡོད།  དེས་ན་གློ་ཁོ་ན་བརྗོད་ན་གློ་སྨད་ཕྱོགས་ལ་མི་ཁྱབ་པའི་སྐྱོན་དང་། མུསྟཱང་ཁོ་ན་བརྗོད་ན་གདོད་མའི་མིང་དེ་བརླག་པར་ཉེན་པས། གློའམ་མུསྟཱང་ཞེས་གཉིས་ཀ་སྨོས་པའི་རྒྱུ་མཚན་འདི་ལྟར་ཡིན།  ད་དུང་ཁ་ཤས་ཀྱིས་གློའམ་གློ་སྨོན་ཐང་གཅིག་ཏུ་འཛིན་པའང་ནོར་ཏེ། གློ་སྨོན་ཐང་ནི་གློ་སྟོད་ཀྱི་ཆ་ཤས་གཅིག་དང་།  རྒྱལ་པོའི་ཕོ་བྲང་ཡོད་ས་དང་།  གློའི་རྒྱལ་སར་ངོས་འཛིན་ས་དེ་ཁོ་ན་ཡིན་པ་ལས། གློ་སྟོད་སྨད་གཉིས་ཀ་ལ་ཁྱབ་པའི་གློ་དེ་མིན།  

    གློ་རྒྱལ་ཆུང་དང་ཁོང་གི་སྐུ་ཟླ།

གློ་སྨད་ལ་སྔོན་སེ་རིབ་ཅེས་འབོད་སྲོལ་ཡོད། དེ་ནི་མི་རིགས་ཀྱི་མིང་ཡུལ་ལ་ཐོགས་པ་ཡིན་པ་འདྲ། སེ་རིབ་ཅེས་པའི་མི་རིགས་དེ་ནི་བོད་ཀྱི་མིའུ་གདུང་དྲུག་སྟེ་སེ་རྨུ་ལྡོང་སྟོང་དབྲ་འདྲུ་བཅས་ལས་སེ་ཡི་རིགས་ཡིན་པར་བརྗོད། དེ་དག་གི་སྐད་ལ་ཡང་སེ་སྐད་ཅེས་ལོགས་སུ་ཡོད།  ཁོ་མོའི་གོ་ཐོས་ལ། སེ་སྐད་འདི་ཞང་ཞུང་གི་སྐད་ངོ་མ་རེད་ཅེས་གོ་མྱོང་ནའང་།  ཡིག་ཐོག་ན་ད་བར་མ་མཇལ།  གང་ལྟར་ཀྱང་།  དེང་སང་སྐད་དེ་སྨྲ་མཁན་ནི་རྩེ་ལེ་སོགས་ལུང་པ་ཁ་ཤས་ནང་གི་རྒན་རབས་པ་ཁ་ཤས་ལས་ལྷག་མེད།

       སེ་རིབ་ཅེས་པ་ནི་གློ་སྨད་ཀྱི་བཱཧྲ་གཨུྃ་དང་། པཎྩ་གཱཨུྃ། ཐག་སོགས་ལ་སྤྱི་ཁྱབ་ཡིན་ཀྱང་། ད་ལྟ་དེ་ཉིད་ལ་འདོད་མིན་མི་ཤེས། བཱཧྲ་གཨུྃ་ནི་བལ་པོའི་སྐད་ཡིན་པས་སྒྲ་སྒྱུར་བྱས་ན་གྲོང་ཚོ་བཅུ་གཉིས་ཞེས་པ་ཡིན། གྲོང་ཚོ་བཅུ་གཉིས་ནི། 1ས་དམར་དང་། 2རྩེ་ལེ། 3ཚུགས་བཟང་། 4ཏེ་ཏང་། 5སྟང་པད། 6འཛར། 7རྫོང་། 8ཆོས་འཁོར། 9སྤུ་རང་། 10ཏི་རི། 11བཀག12ཀླུ་བྲག་བཅས་ཡིན།  ཡུལ་ལུང་དེ་དག་གི་མིང་ལ་བལ་སྐད་ཀྱི་ལྷད་ཞུགས་པས་དེང་སང་འབོད་སྟངས་ཁ་ཤས་ལ་འགྱུར་བ་ཕྱིན་ཡོད།  པཎྩ་གཱཨུྃ་ཞེས་པའང་བལ་སྐད་ཡིན་པས་སྒྲ་སྒྱུར་བྱས་ན་གྲོང་ཚོ་ལྔ་ཞེས་པ་ཡིན།  གྲོང་ཚོ་ལྔ་ནི་1ཐི་གནོན་དང་། 2ཤངས། 3དམར་ཕག 4ཚད་རོ། 5ནབ་རུང་བཅས་ཡིན། བཱཧྲ་གཨུྃ་དང་པཎྩ་གཱཨུྃ་གཉིས་ཀྱི་བར་ན་རྫོང་གསར་པ་ཞེས་པའི་ཡུལ་ཞིག་ཡོད།   དེ་ནི་ཕྱིས་སུ་གཡས་གཡོན་གྱི་མི་རྣམས་གནས་སྤོ་བྱས་ཏེ་རྫོང་གསར་དུ་ཆགས་པ་ཡིན་པས་མིང་ལའང་རྫོང་གསར་པ་ཞེས་ཐོགས། དེང་སང་བལ་པོའི་སྐད་ཡིག་ཏུ་ཛོམ་སོམ་ཞེས་པ་ནི་མ་དག་རྒྱུན་འབྱམས་ཡིན།  ལུང་པ་དེ་ན་སྤྱི་ཁྱབ་ལས་ཁུངས་དང་དམག་ཁང་དང་གནམ་ཐང་སོགས་ཡོད། རྫོང་གསར་པ་ཡན་ཆད་ཀྱི་ཡུལ་སྐད་དང་མིའི་ངོ་རིས། ཁང་པའི་བཟོ་དབྱིབས།  འཚོ་རྟེན་ཞིང་ལས་སོགས་ཕལ་ཆེར་གཅིག་པ་ཡིན་ཀྱང་། དེ་ནས་མར་ཏོག་ཙམ་མི་འདྲ་བ་ཡོད། ཐག་གི་སྐོར་ལོ་རྒྱུས་དང་བཅས་པ་གུས་མོའི་ཤེས་བྱ་ལས་འདས་པས་འདིར་ཞུ་བའི་བློ་སྤོབས་མ་འདངས་སོ།།

བཞི་པ།  གློའི་གནས་ཆེན་དང་དགོན་པ་ཁག

       གློ་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་རང་བཞིན་ཅན་གྱི་དགོན་པ་དང་།  མཆོད་རྟེན། སྒྲུབ་ཕུག་སོགས་མང་དུ་ཡོད་པ་ལས།  གྲགས་ཆེ་བ་ཁ་ཤས་ཀྱི་ལོ་རྒྱུས་ཉུང་ངུ་རེ་ཞུ་ན།   དེ་ལ་གློ་དགེ་དཀར་གཙུག་ལག་ཁང་ནི། དུས་རབས་བརྒྱད་པའི་སྐབས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་བཞེངས་པ་ཡིན་ལ།  བཞེངས་དགོས་པའི་རྒྱུ་མཚན་ཡང་།  བོད་དུ་བསམ་ཡས་གཙུག་ལག་ཁང་ལེགས་པར་བཞེངས་གྲུབ་པའི་ཆེད་དུ་ཡིན། སྐབས་དེ་དུས་བོད་དུ་བསམ་ཡས་དགོན་པ་ཉིན་མོར་བཞེངས་བཞིན་ཡོད་ན་ཡང་།  མཚན་མོ་འདྲི་ཡིས་བར་ཆད་བརྩམས་ནས་ལེགས་གྲུབ་མི་འབྱུང་བའི་དཀའ་ངལ་འཕྲད་བཞིན་ཡོད་པས།  བར་ཆད་དེ་བཟློག་ཐབས་སུ་སློབ་དཔོན་ཆེན་པོས། ད་ལྟ་གློ་དགེ་དཀར་དགོན་པ་ཡོད་ས་དེར་སྲིན་མོ་གན་རྐྱལ་དུ་བཏུལ་ནས།  དེའི་སྙིང་གར་གློ་དགེ་དཀར་གཙུག་ལག་ཁང་བཞེངས་གྲུབ་རྗེས།  ད་གཟོད་བསམ་ཡས་དགོན་པ་ལེགས་པར་བཞེངས་གྲུབ་པ་ཡིན། དེས་ན་གློ་དགེ་དཀར་དགོན་པ་ནི་བོད་ཀྱི་བསམ་ཡས་དགོན་པ་ལས་ཀྱང་རྙིང་ཆེ་བ་དང་།  སློབ་དཔོན་ཆེན་པོས་བཞེངས་པ་ཡིན་པས་བྱིན་རླབས་ཆེ་བ་བཤད་ཅི་དགོས།  དེ་ལྟ་བུའི་བྱུང་རབས་ནི་གློའི་མི་རབས་རྒན་པའི་ངག་རྒྱུན་ན་ཡོངས་གྲགས་ཡིན་ལ།  དེང་གི་གློ་བོའི་གཞོན་སྐྱེས་ལོ་རྒྱུས་ལ་དོ་སྣང་ཅན་རྣམས་ཀྱིས་ཀྱང་པདྨ་བཀའ་ཐང་དཔྱད་གཞིར་བཟུང་ནས་དེ་ལྟ་བུའི་བྱུང་བ་གླེང་བཞིན་མཆིས། འོན་ཀྱང་།  བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བསམ་ཡས་གཙུག་ལག་ཁང་གི་ལོ་རྒྱུས་འཆད་སྐབས།  དེ་སྐོར་མི་བཤད་པ་ནི་ཅི་ཡིན་ཆ་མ་འཚལ། དགོན་པ་དེའི་ནང་རྟེན་གཙོ་བོ་ནི།  ཙནྡན་ལས་གྲུབ་པའི་གུ་རུ་ང་འདྲ་མ་དང་།མཁའ་འགྲོ་རྣམ་གཉིས་ཀྱི་སྐུ་འདྲ་དང་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་སོགས་མཇལ་རྒྱུ་ཡོད། གཞན་ཡང་གློ་སྟོད་སྨད་གཉིས་སུ་གུ་རུའི་གནས་ཆེན་སྐུ་ཚབ་གཏེར་ལྔ་དང་། གུ་རུའི་གཏེར་ཚྭ། ཅོང་ཞི་རང་བྱོན། གུ་རུ་གསང་ཕུག་སོགས་གུ་རུ་དང་འབྲེལ་བའི་གནས་རྩ་ཆེན་དང་རྟེན་རྩ་ཆེན་མང་དུ་མཇལ་རྒྱུ་ཡོད།

    གཞན་ཡང་ནང་པ་དང་ཧིནྡྷུ་གཉིས་ཀས་རྩ་ཆེན་དུ་བརྩི་བའི་གནས་ནི།  ད་མོ་དར་ཀུནྜ་(Damodhar Kund) དང་གློ་ཆུ་མིག་བརྒྱ་རྩ་གཉིས་ཡིན། ཕྱི་མ་འདི་ལ་རྒྱ་གར་སྐད་དུ་མུགྟི་ནཐཱ་དང་། བལ་པོའི་སྐད་དུ་མུ་ཁ་ཅི་ནར་ཞེས་བརྗོད། གནས་དེ་དག་ལ་རྒྱ་གར་བ་རྣམས་ཐག་རིང་ནས་དཀའ་ངལ་འཛེམ་མེད་ཀྱིས་མཆོད་མཇལ་དུ་ཡོང་བ་རྒྱུན་གཏན་ཡིན།  གནས་འདི་དག་ནི་གུ་རུ་རིན་པོ་ཆེ་དང་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུས་བྱིན་གྱིས་བརླབས་པ་ཡིན་ཞིང་། ཆུ་མིག་རྒྱ་རྩ་དང་ས་དང་ཆུ་ལ་མེ་འབར་བ་སོགས་ངོ་མཚར་བ་མང་དུ་མཇལ་རྒྱུ་ཡོད། 

     གཞན་ཡང་གློ་བོའི་དགོན་སྡེ་སྐོར་རགས་ཙམ་ཞུ་ན། དུས་རབས་བཅོ་ལྔ་པའི་ནང་།  ཆོས་རྒྱལ་ཨ་མ་དཔལ་དང་ཆོས་རྒྱལ་ཨ་མགོན་བཟང་པོ་ཡབ་སྲས་ཟུང་གིས།  བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་གློ་བོར་ལན་གསུམ་གདན་དྲངས་ནས།   མཆོད་ཡོན་ཟུང་སྦྲེལ་གྱིས་ཆོས་གྲྭ་ཆེན་པོ་ཁ་ཤས་ཕྱག་བཏབ་ཡོད་དེ།  དེ་ཡང་གློ་སྨོན་ཐང་དུ་ཆོས་སྡེ་བྲག་དཀར་ཐེག་ཆེན་དར་རྒྱས་གླིང་དང་། རྣམ་རྒྱལ་ལུང་པར་ཆོས་སྡེ་ཐུབ་སྟན་དར་རྒྱས་གླིང་། ཚོ་ཤར་དུ་ཉི་ཕུག་དགོན་རྣམ་གྲོལ་ནོར་བུ་གླིང་། རྩེ་དྲངས་སུ་ཆོས་སྡེ་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་བཅས་ཡིན། དེ་དག་ལ་སྔོན་བསླབ་གསུམ་རྒྱན་གྱིས་མཛེས་པའི་དགེ་འདུན་བརྒྱ་ཕྲག་བརྒལ་བས་འཁོར་ལོ་གསུམ་གྱི་བྱ་བ་ལ་རྟག་ཏུ་གཞོལ་བའི་ལོ་རྒྱུས་ཡོད་མོད།  འོན་ཀྱང་།  བར་སྐབས་སུ་དུས་དང་འབྱུང་བཞིའི་རྐྱེན་པས་ཉམས་ཆགས་ཚབས་ཆེན་བྱུང་ཡོད་ནའང་།  དེང་ཡར་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད།   ད་དུང་གློ་སྨོན་ཐང་དུ་དུས་རབས་བཅོ་ལྔ་པའི་སྐབས་སུ་བཞེངས་པའི་བྱིན་རླབས་ཀྱི་མཚན་ཁ་འབར་བའི་བྱམས་ཆེན་གཙུག་ལག་ཁང་དང་ཐུབ་ཆེན་གཙུག་ལག་ཁང་སོགས་ད་ལྟའང་སྐྱེ་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དུ་མཆིས། མདོར་ན་གློ་སྟོད་སྨད་གཉིས་ཀར་ལུང་པ་རེ་ལ་དགོན་པ་རེ་མེད་པ་ནི་དཀོན་པོ་ཡིན་ལ།  དགོན་པ་དེ་དག་ཀྱང་བརྒྱ་ཆ་གོ་དགུ་དཔལ་ལྡན་ས་སྐྱ་པའི་ཆོས་རྒྱུད་འཛིན་པ་ཤ་སྟག་ཡིན།

      ལྔ་པ།  གློ་བོའི་མཁས་གྲུབ་ངོ་སྤྲོད།

    ཆོས་ལྡན་གློ་བོའི་ཞིང་ཁམས་ནས་མཁས་གྲུབ་ཀྱི་སྐྱེ་བོ་མང་དུ་བྱོན་ཡོད་ནའང་།  ཡོངས་སུ་གྲགས་པ་ནི་གློ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ ( 1456-1532 ) ལེགས་པའི་འབྱུང་གནས་དང་། དབུས་གཙང་རུ་བཞིར་གྲགས་ཆེ་བའི་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་མཆོག(1487-1542 )དང་།  རྗེ་བཙུན་ཀུན་དགའ་གྲོལ་མཆོག(1507-1565) དང་།  དེ་བཞིན་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་ལོ་ཙཱ་བའང་མང་པོ་བྱོན་ཡོད་པ་རྣམས་ཀྱི་རྣམ་ཐར་རྒྱས་པ་ནི་གཞན་དུ་བལྟ་བར་བྱའོ།   །

ཚོ་ནུབ་ཀྱི་མ་ཎི་རྡོ་འབུམ། རྫ་སྐྱེས་ཕུར་བས་པར་བླངས།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།