གཅན་མེ་སྟག་གི་ཚིགས་བཅད་ཐུང་ངུ་གསུམ།

26734




རྩྭ་ལོའི་འདབ་མ་སེར་སྐྱར་གྱུར་བ་ཁངས་ཤུལ་རླུང་གིས་ཡང་ཡང་འདེད།།
རྩྭ་སྙིགས་གསེབ་ཀྱི་ཕོ་རོག་སྐྱོ་སྐད་རི་འདབས་བྱེ་མའི་ཐང་ནས་ཐོས།
ཁ་བ་བབ་ནས་སྤེན་མའི་རྩེ་རུ་བྱེའུ་འབབ་སའི་གདང་བྲལ་བ།།
གྲང་ངར་གཤགས་བཞིན་རྒྱང་དུ་འགྲིམས་པའི་འགྲུལ་བ་མ་གཏོགས་སུ་ཡིས་ཤེས།།

ནམ་ལངས་ཐོག་མའི་སྙན་ངག

ཐོ་རེངས་བྱ་ཕོའི་ཀི་སྒྲ་དེ་ཡིས་དབང་ཕྱོགས་མཚམས་སྤྲིན་དམར་པོར་བསྒྱུར།།
མུན་པ་རིང་དུ་སོང་བའི་ལམ་ན་ཉི་གཞོན་སྐྱིད་ལུག་གླད་སྐྱིངས་བྱེད།།
སྔས་འགྲམ་ཆུ་ཚོད་སངས་སངས་གྲགས་ཀྱང་གཉིད་པོ་དེ་ནི་འགུལ་བ་མེད།།
བྱ་དང་དྲིལ་བུས་དཀྲོགས་པར་གྱུར་བ་སྒྱུ་ལུས་ཡིན་གྱི་རྣམ་ཤེས་མིན།།

དཔྱིད་ཀའི་རྩྭ་ཐང་གི་ཞོགས་པ།

ཤར་ཕྱོགས་ནམ་མཐོངས་མེ་ལོང་ཁ་ཕྱེས་ཚེ།།
དྭངས་བསིལ་བ་མོའི་ཆུ་ཡིས་གདོང་བཀྲུས་པའི།།
རྩྭ་ཐང་བུ་མོས་བཞོ་ཟེའུ་ལག་ཐོགས་ནས།།
འབྲི་འོ་སེར་བོའི་མཆོད་པ་རི་ལ་འཕེན།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།