ཆེས་སྤྱིར་བཏང་གི་ལྕགས་སྒམ་ཆུང་ངུ་ཞིག__སེར་ལེགས་འཕྲིན།

11718


                     


ཟག་བཅས་ཀྱི་དངོས་པོ་དག་ལས་ཆེས་སྤྱིར་བཏང་ལས་ཀྱང་སྤྱིར་བཏང་ཡིན་པ་དང་། ལྕགས་ཀྱི་མཚན་གཞིར་བདོག་པའི་སྲ་ཞིང་འཐས་པར་མ་སོང་བའི་རྒྱུ་བ་ཀུན་ནས་ཞན་པ་དང་། ཚོང་རྫས་བྱིངས་ལ་འཛོམས་དགོས་པའི་རི་མོ་དང་ཇུས་འགོད་ཀྱི་མཛེས་པ་རྨང་ནས་ཞན་པའི་ཁར། ད་ཆ་རྙིང་དྲགས་པ་དང་འགྲམ་འཆུག་དང་ཆག་སྐྱོན་མང་དུ་ཤོར་བ་སོགས་རྐྱེན་དུ་མའི་དབང་གིས་ཀྱང་ཆེས་སྤྱིར་བཏང་ལས་ཀྱང་སྤྱིར་བཏང་དུ་སྣང་བའི་ལྕགས་ཀྱི་སྒམ་ཆུང་འདི་ནི་ང་ལ་མཚོན་ན་རང་གི་བླ་ཚེ་སྲོག་གསུམ་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཆེས་སྤྱིར་བཏང་མ་ཡིན་པའི་དངོས་པོ་བྱིན་མཐུ་ཅན་ཞིག་ཡིན།

དེ་ཡང་ང་རང་ནེའུ་སྐྲ་འཇིལ་ལིའི་འོག་ན་གདོང་ལ་ཞོ་དྲེག་ཆགས་ཤིང་། ཕ་མའི་བྱམས་སྐྱོང་གི་སྟངས་འཛིན་འོག་ན་བྱ་སྤྱོད་ལ་ཆ་འཇོག་བྲལ་བའི་སྐབས་ཏེ། བྱིས་ལོ་གསུམ་པའི་དུས་ཙ་ན་ངེད་ཚང་སྡེ་བའི་རུ་ཁ་ཁྱིམ་མཚེས་འགའ་དང་ལྷན་ཅིག་དབོར་འདྲེན་རླངས་འཁོར་ཟེར་བའི་དངོས་པོ་ཆ་མེད་ཅིག་གི་ལྕགས་ཀྱི་ཟོང་སྒམ་དུ་བསྡད་དེ། སྨད་ཨ་མདོ་ཁྱོ་ཁོ་ནས་སྟོད་ཉི་མ་ལྷ་སའི་བར་དུ་ཉིན་ཞག་བཅུ་གཅིག་ཙམ་ལ་སོང་སྐད། དེ་ལྟར་ལུས་སྟེང་ན་རྩམ་དྲི་དང་ཨོང་བའི་དུད་དྲི་བར་མེད་འཐུལ་བའི་བོད་ཤར་མཐའི་ས་བཙན་རི་གཉན་གྱི་འབྲོག་པ་སྐོར་ཞིག་དགུན་ཟླ་གཉིས་པའི་སྨད་ཙམ་ལ་ལྕགས་ཀྱི་ཞོན་པ་བང་ཆེན་གྱི་འགྲོས་ལ་ཟད་པ་མེད་པ་དེའི་སྟེང་ནས་ཙག་བསེེར་བུ་ཕྱིང་བ་བརྗེ་བརྗེ། ཁངས་བུ་ཡུག་རྩམ་སྐྱ་འགམ་འགམ་གྱི་ངང་དུ་སྨད་ཀྱི་ཁྲི་ཤོར་རྒྱལ་མོ་གཡས་ནས་བསྐྱུར། བར་གྱི་གོར་མོའི་བྱེ་ཐང་ཐད་ནས་གཏུབ། སྟོད་ཀྱི་གདང་ལ་རི་བོ་ཧར་གྱིས་བརྒལ་ཉིན་ང་རང་ཨ་ཕའི་སློག་པའི་རུམ་ནས་གྲང་ངར་དང་བུ་ཡུག་མྱོང་མ་དགོས་ལ། དབུས་མཇལ་གྱི་སྐབས་སུ་ཡང་བར་སྐོར་མི་ཚོགས་ཀྱི་འཚང་ཁ་ཚ་བོ། ཕོ་བྲང་པོ་ཏ་ལའི་སྐས་ཐེམ་གཟར་བོ། དགའ་ལྡན་ཕྱི་སྐོར་གྱི་འཕྲེང་ལམ་དོག་མོ་གང་ལ་ཡང་ཨ་ཕས་ཁུར་ཁུར་ལ་སོང་བས་ཁོས་དཀའ་སྡུག་ཇི་འདྲ་ཞིག་མྱངས་ཡོད་པ་བརྗོད་ཐབས་བྲལ་ཨང་། 

སྐབས་དེ་ཤེད་ཅིག་ལ་སྒམ་ཆུང་འདི་ཡང་ང་ལ་རང་འགུལ་གྱིས་ཉོས་པའམ། ངས་ང་ལ་ཉོས་ཞེས་སྐུལ་བ་གང་ཡིན་ཆ་མ་འཚལ་མོད། བར་སྐོར་ལམ་གྱི་ཚོང་ཁང་ཞིག་ནས་ནང་དུ་བྱི་རིལ་དམར་པོ་གང་ཡོད་པའི་ལྕགས་སྒམ་འདི་ཉིད་ཨ་ཕ་ལགས་ནས་ང་ལ་ཉོས་པ་ཡིན་ཟེར། སྐབས་དེ་དུས་ཀྱི་བྱི་རིལ་དམར་པོའི་བྲོ་བ་དང་། དེ་ཉིད་ཉོས་པའི་དགའ་སྤྲོའི་ཚོར་བ་སོགས་ཅི་ཡང་བརྗོད་རྒྱུ་མེད་མོད། ངས་བསམ་ཤེས་དུས་ནས་སྒམ་ཆུང་འདི་ཉིད་ཀྱིས་ངེད་ཚང་གི་ཁྱིམ་གྱི་ཅ་ག་དག་ལས་གདན་ཐོབ་གོང་མ་བཟུང་ཡོད་པ་དང་། ངེད་ཚང་གི་འཚོ་བའི་སྡིངས་ཆའི་སྟེང་གི་མེད་དུ་མི་རུང་བའི་དངོས་པོ་གཅིག་པུར་གྱུར་འདུག ག་རེ་ཞེས་ན། སྒམ་ཆུང་འདི་ཉིད་སྟོད་ཉི་མ་ལྷ་སའི་བར་སྐོར་ནས་ཉོས་པ་ནས་བཟུང་འདི་ཡི་ནང་དུ་སྨན་སྣ་རྩ་ཆེན་དང་། ན་བཟའ་བྱིན་ཆེན། བདུག་པ་འགངས་ཆེན་ཁོ་ན་ཉར་བའི་རྟེན་སྒམ་གཅིག་པུར་གྱུར་བས་སོ།།

དེ་ནས་བཟུང་ལོ་ཟླའི་འགྱུ་ལག་གི་སོག་ཐགས་རྐྱ་མ་འགྲིལ་བའི་དང་ལྷོད་འོག་ནས་ངེད་བཟའ་མི་གང་བོས་བཙན་ཐང་སྒོ་བཞིའི་གཉུག་གཤིས་སོ་ན་གནས་པའི་མཐོ་སྒང་གི་ནམ་ཟླ་ལ་ཉིང་འཚམས་སྦྱོར་བའི་གོ་རིམ་དུ་གནག་ལུག་ལ་འཚོ་སྐྱོང་བྱེད་པ། རྟ་རྒོད་ལ་ཁ་ལོ་བཏུལ་བ། དུས་བཞིའི་འགྱུར་ལྡོག་གི་ཚ་གྲང་ལུས་ཀྱིས་མྱོང་བ། ལོ་གཅིག་ལ་མཚེར་ས་དུ་མར་སྤོར་བ། སྐྱས་ལམ་རིང་མོའི་ཁ་ཆར་དང་བུ་ཡུག་གདོང་གིས་བསུ་བ་སོགས་ས་མཐོའི་སྒང་གི་འབྲོག་པ་བྱིངས་ནས་བརྒྱུད་དགོས་པའི་འཚོ་བའི་འཇམ་རྩུབ་ཀྱི་དོ་ཕོག་འོག་ནས་རྐྱེན་དང་ན་ཚ་གང་ལ་འཕྲད་སྐབས་ལྕགས་སྒམ་ཆུང་ཆུང་འདིའི་གསང་བའི་ཐུགས་རྗེ་ལ་བརྟེན་ཏེ། ལྕགས་སྒམ་ཆུང་ཆུང་འདིའི་བདེན་པའི་བྱིན་རླབས་ཀྱིས་བསྐྱབས་པ་ཡིན། ལྷག་སྒོས་ང་རང་བྱིས་པའི་དུས་སུ་ཆམ་པ་ཕོག་སྟེ་ཚ་འཁྲུལ་བརྒྱབ་ནས་མཚན་མོའི་གཉིད་ཀྱི་སྟེངས་ཀ་མ་ནོན་པར་ཅི་བྱ་གཏོལ་བྲལ་གྱི་སྐབས་མང་བོར་ཐུག་སྐབས་ཁྱིམ་གྱི་ཕུགས་ན་ལྕགས་སྒམ་གཅིག་པུ་བརྗིད་ཏིག་གེར་འདུག་ལ། དེའི་ནང་གི་སྨན་དང་རྟེན་རྫས་དག་གི་བྱིན་རླབས་ནི་སེམས་པའི་ངོགས་སུ་བརྟན་བརླིང་ངེར་གསལ།

སྔོན་མ་ང་ཚོ་འབྲོག་པ་དག་གི་སྐྱས་སྤོའི་གནས་སྡོད་དང་། འཚོ་གནས་ཀྱི་རྨི་ལམ་དྭངས་མོ་རང་བྱུང་ཁམས་ཆེན་མོའི་འཆར་ཡན་གྱི་འགྱུར་ཁུགས་ལ་འདྲེས་ནས་ཡོད་སྐབས། ངེད་ཚང་ཡང་གནམ་ས་ཁོད་ཡངས་པའི་འབྲོག་ཐང་ཆེན་མོ་དེ་ནས་ནམ་རྒྱུན་ཁེར་ཁྱིམ་དུ་སྡོད་མཁན་ཞིག་ཡིན་ཏེ། དེ་དུས་རུ་ནང་སྡེ་ནང་དང་སྒར་དགོན་པ་སོགས་ལ་ཁ་ཐག་ཤིན་ཏུ་རིང་བའི་གནས་སུ་ང་ཚོ་འཚོ་བ་དང་རང་བྱུང་གི་ཆག་ཆེ་ཉམ་ངའི་གཉུག་གཤིས་ལ་ཐིམས་ཏེ་སྡོད་པའི་སྐབས་སུ། ནམ་རྒྱུན་ང་ཚོར་ཕོ་བ་ན་བ་དང་མགོ་གཟེར་བ་སོགས་གང་ཡིན་རུང་སྟེ་ཐ་ན་ཧབ་སྤྲིད་ཙམ་བརྒྱབ་པ་ཚུད་ཆད་ཀྱི་སྣང་ཚུལ་ཕྲ་རགས་ལ་ཨ་ཕས་ལྕགས་སྒམ་གྱི་ཁ་ཕྱེས་སྟེ་ང་ཚོའི་ཐོད་པར་རེག་ཙམ་དང་མིག་མདངས་ལ་ལྟ་ཙམ་གྱི་ངང་དུ། འོ། ཁྱོད་ལ་རྟ་ཟི་བླུད་པས་ཆོག ཁྱོད་ལ་དགའ་ལྡན་ཁམས་པ་གདུས་ཏེ་བླུད་དགོས་འདུག་སོགས་ཟེར་བཞིན་ཁོས་ཉམས་མྱོང་དང་ཡིད་ཆེས་ཀྱི་ངང་ནས་ང་ཚོར་རིལ་བུ་རེ་བྱིན་པ་དང་སྨན་ཐུན་རེ་བླུད་པ། བདུག་པ་གདུག་པ་སོགས་ཀྱིས་ཡོད་ཚད་ཐག་གཅོད་བྱེད་པ་ཡིན་ལ། ལྕགས་སྒམ་འདིས་སེལ་མ་ཐུབ་པ་ཞིག་དང་། ལྕགས་སྒམ་འདིས་བཟློག་མ་ནུས་པ་ཞིག་ཀྱང་ཡོད་མ་མྱོང་། མདོར་ན་ང་ཚོ་མིང་སྲིང་བཅུ་བོའི་ཚེ་སྲོག་གི་གཞུང་རྟ་དང་ལང་ཚོའི་གང་བུ་ལ་ནི་ལྕགས་སྒམ་འདིའི་ལྷན་ཅིག་བྱེད་རྐྱེན་འོག་ནས་རིམ་གྱིས་རིམ་གྱིས་ཐེའུ་འབུས། འདབ་མ་གྲོལ། གེ་སར་སྨིན། བཀྲག་མདངས་འཚེར་ནས་ཡོང་བ་ཡིན། ང་ཚོ་མིང་སྲིང་བཅུ་བོའི་མི་ཚེའི་འཚར་ལོངས་དང་ཁ་འབྲལ་ཐབས་ཡེ་ནས་མེད་པའི་ལྕགས་སྒམ་འདི་ཉིད་ད་ལོའི་ཟླ་བཞི་བར་ང་རང་ཕ་ཡུལ་དུ་འབྱོར་སྐབས་ཡུལ་གྱི་སྲིང་མོ་དང་མག་པ་གཉིས་ཀྱིས་སྒོ་འགྲམ་གྱི་བེད་མེད་དུ་གྱུར་བའི་གད་སྙིགས་སུ་དོར་ནས་ཡོད་པ་མཐོང་མ་ཐག་བཟློག་མི་ཐུབ་པའི་བག་ཆགས་ཤིག་གམ། སྨྲ་མི་ཤེས་ཚོར་བ་ཞིག་གིས་འཕྲལ་དུ་བླངས་ཏེ་རྡུལ་ཕྱི་ཙམ་བརྒྱབ་རྗེས་རང་གི་རླངས་འཁོར་དུ་བཞག་པ་ཡིན།

ངས་ནི་ལྕགས་སྒམ་འདི་མཐོང་མ་ཐག་ད་ལྟ་ད་དུང་སྣ་ལམ་དུ་དགའ་ལྡན་ཁམས་པའི་དྲི་བསུང་ཐུལ་ཐུལ་དུ་ལྡིང་གི་འདུག་ལ། ལྕེ་ཐོག་ཏུ་ཏིག་ཏ་བརྒྱད་པའི་རོ་བྲོ་སྐྱུར་སྐྱུར་དུ་འཁྱིལ་ཡོང་གི་འདུག ད་ལྟ་ད་དུང་ཡང་ལྕགས་སྒམ་འདིའི་ཕྱོགས་སུ་ལག་པ་ཕར་བསྲིངས་པ་ཙམ་གྱིས་ན་བཟའ་བྱིན་ཅན་གདུང་ཚ་འགངས་ཅན་དག་ལ་འཇམ་ཡུག་ཡུག་གིས་རེག་ཐུབ་པ་མ་ཟད། བཟའ་མགོ་ལུས་འཛོམས་པའི་ཁྱིམ་ཚང་ཞིག་གི་གོ་ར་ཚ་ལྟེམ་ལྟེམ་དེ་རྙེད་ཐུབ་ལ། བྱམས་པ་དང་གཅེས་པའི་མདངས་མ་ཉམས་པའི་དྲིན་ཕ་མའི་ཞལ་སྒོ་དྲོད་ཁོལ་ཁོལ་དེར་མཇལ་ཐུབ། དེ་ཡི་མོད་ལ་ཤ་དང་རུས་པའི་གསེང་ནས་སྙིང་གི་མཚམས་སུ་ཙག་འགྱུ་སྟེར་བའི་སྐྱུར་ཤད་ཅིག་བརྒྱབ་སྟེ་དེ་ཉིད་སྣ་བུག་ཏུ་ལྷག་གེར་ཕྲུམ་པའི་མཚམས་སུ་སྐམ་རེག་རེག་གི་ངོ་གདོང་འདི་ཡིས་བླ་དང་ཡིད་དང་གཏིང་ནས་འཁྲིགས་པའི་མཆི་མའི་བྱབས་ཁྲུས་མྱང་རྒྱུ་བྱུང་།

ད་ལྟ་ཁྲ་ཁྲ་རིག་རིག་གི་སྒྱུ་མའི་ཚོང་ཟོག་མཚར་བོས་གནམ་ས་འགེངས་པར་བྱེད་པའི་དུས་འདི་འདྲར། ལྕགས་སྒམ་འདི་ལས་བརྒྱ་འགྱུར་གྱིས་བཟང་བ། འདི་ཡི་སྟོང་འགྱུར་གྱིས་ལེགས་པ། བཀོལ་ན་སྟབས་བདེ་ལ་རེག་ན་སྤུས་གཙང་བ་ཇི་ཙམ་དགོས་ཀྱང་རྙེད་དུ་ཡོད་མོད། ངས་ནི་སྒམ་ཆུང་འདི་ཉིད་ཉར་ཏེ་འདི་ཡི་ནང་དུ་ཡང་སྨན་དང་བདུག་པའི་བྱིན་རླབས་ཉར་འདང་ཡིན། མ་ཟད་འདི་ཡི་ནང་དུ་དུས་ཚོད་ཀྱི་ཤྭ་འོད་དྲག་པོས་ཁྱེར་སོང་བའི་ལོ་ཟླའི་ཕྱི་མོ་ཉར་དགོས། ལམ་ཤེད་ཅིག་ནས་བོར་སོང་བའི་བྱིས་དུས་ཀྱི་བླ་གཡུ་དྲུག་དཀར་ཉར་དགོས། ཕ་ས་ཕ་ཡུལ་གྱི་ས་རྡོ་རི་བྲག་གི་གཟུངས་སུ་བཞུགས་པའི། ཐང་གཤོང་ནགས་མའི་ལྷུམས་སུ་བསྐྱིལ་བའི་རྒྱུ་འབྲས་ཀྱི་རྣམ་བཞག་ཉར་དགོས།  སྣང་བ་མཐའ་ཡས་པའི་ཁམས་སུ་བརྒྱངས་པའི། རྟོགས་པ་འབྱམས་ཀླས་པའི་ཀློང་དུ་འདལ་བའི་ཡུལ་སྣང་བརྡ་རུ་ཤར་བའི་རྟེན་འབྲེལ་གྱི་ཆོས་ཉིད་ཉར་དགོས། སྣོད་བཅུད་ཡ་མ་བྲལ་བའི་སྐྱེས་རབས་ཀྱི་གཟིགས་མོ་དག་སྣང་ཤ་ལེར་ཉར་དགོས། བསྐལ་བ་སྟོང་ལ་མི་ནུབ་པའི་ཡབ་ཆེན་གྱི་དཔུང་བ་ཉར་དགོས། སྲིད་པ་གསུམ་ལ་མི་བསྙེངས་པའི་ཡུམ་ཆེན་གྱི་ཤེས་རབ་ཉར་དགོས། ད་ལྟའི་བདག་གི་ཕོ་བཞི་བཅུའི་ཁྲག་རྩའི་འཕར་འཇགས་ཀྱི་ཀླུང་དུ་འཇུན་མི་ཐུབ་པའི་དམ་ཚིག་གི་མེ་རི་ཉར་དགོས།

                                           ༢༢/༥/༢༠༢༠

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།