རྒྱལ་དབང་ཀརྨ་པས་གྱེར་འདོན་གྱི་བཀའ་དྲིན་བསྐྱངས་ཤིང་། ལྗང་བུ་ལགས་ཀྱིས་བརྩམས་གནང་བའི་སྙན་ངག་ཅིག

14665


དྲིས་ལན་འཚོལ་བ།


ག་རེ་བྱུང་སོང་ ?
དེ་འདྲའི་ཁ་ཁུ་སིམ་པོ།  དེ་རིང་གི་ང་ཚོ

བཤད་མ་འདོད་པ་རེད་དམ། བཤད་མ་ཤེས་པ་རེད
སྒྲ་ལམ་བཀག་ཟིན་པའི་གློག་བརྙན་ཞིག་ལ་ལྟ་བཞིན་པ་དང་འདྲ་བར

གློག་དམར་འཁྱུག་འཁྱུག་བྱེད་པ་ཙམ་ལས་འབྲུག་སྒྲ་མེད་པ་འདི
མིད་པ་བཀག་བཞག་པ་ནང་བཞིན
འོད་ཟེར་གྱི་རྗེས་ལ་མུན་པ་དེ་སྔར་ལས་གནག་པའི་རྒྱུ་མཚན་ག་རེ་ཡིན་ནམ

རྦ་རླབས་ཀྱི་ལུས་པོ་བྲག་ངོས་ལ་བརྡབ་པ་ཙམ་ལས་ཆོམ་སྒྲ་མེད་པ་འདི
ཨམ་ཅོག་བཀབ་བཞག་པ་ནང་བཞིན
ཤ་ཐོར་རུས་ཐོར་གྱི་མཛེས་སྡུག་དེ་དག་ག་ནས་བྱུང་བ་ཡིན་ནམ

སྤུན་མཆེད་དང་། གཉེན་ཉེ་ཚོའི་གཅེས་སྲོག་ཤོར་ཡང་ངུ་སྐད་མི་གོ་བ་འདི
ཚོར་བའང་ཤི་ཚར་བ་ནང་བཞིན
ག་དུས་ཡིན་ནའང་།   ཆག་སྒོ་ཆེན་པོ་ཞིག་སླེབས་པའི་རྗེས་ལ་ལྷག་པར་དུ
བསམ་བློ་གཅིག་འདྲ་ཞིག་དང་། ཚོར་བ་གཅིག་འདྲ་ཙམ་མ་གཏོགས་མེད་པའི་ང་ཚོ

ག་རེ་བྱས་སོང ?   ག་འདྲ་བྱུང་སོང?
བཤད་མ་ཕོད་པ་རེད་དམ། བཤད་རྒྱུ་གང་ཡང་མེད་པ་རེད ?
དེ་འདྲའི་ཁ་ཁུ་སིམ་པོ།  དེ་རིང་གི་འཇིག་རྟེན

དེ་འདྲའི་ཁ་ཁུ་སིམ་པོ།  ཤི་བ་ནང་བཞིན་གྱི།
ནད་ཡམས་འདི་ནང་བཞིན་གྱི། ལྡེམ་མྱུར་ཅན་གྱི།
ཤ་གསེང་ནས་བཀོག་མ་ཐུབ་པའི་ཚེར་མ་ནང་བཞིན་གྱི
དྲི་བ་ཞིག་འཚོལ་གྱིན་ཡོད་དམ

ཕྱི་ལོགས་ཀྱི་ལམ་ཀ་དེ་བཀག་ཅིང་། སྒོ་ཆེན་དེ་བརྒྱབ་པ་ཡིན་ན
ནང་ལོགས་ཀྱི་རྒྱ་ཁྱོན་དེ་དངོས་གནས་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་རེད་པས
ནམ་ཞིག་ཁྱེད་རང་ལ་དྲིས་ལན་འདྲ་པོ་ཞིག་སྟེས་དབང་གིས་རྙེད་པ་ཡིན་ན
ང་ལའང་དེ་ག་རེ་ཡིན་པ་གཅིག་གསུངས་རོགས་གནང་། སྐུ་མཁྱེན། གསུང་མཁྱེན།

ཁྱོད་དང་ང་།  ད་དུང་ཁོང་། མཉམ་དུ་ཤོག་དང་། ང་ཚོས
དྲིས་ལན་དེ་ཚོ་རེ་རེ་བཞིན་དྲས་གཏུབ་བྱས་ཤིང་།
གཡེར་ཁའི་རྒྱན་ཆ་སྤྲས་ཏེ། གསལ་འདེབས་ཀྱི་ཅོད་པན་ཞིག་བཟོས་ནས། 
འགྲོ་བ་མིའི་དབུ་ཐོད་ལ་བསྐོན་ཆོག
དངོས་གནས་དེ་འདྲ་བྱེད་ཐུབ་པ་བྱུང་ན། 
མི་རྣམས་འགུལ་བསྐྱོད་བྱས་པ་ཙམ་གྱིས་ཀྱང
སིང་སིང་སིང་སིང་ཞེས་གཡེར་སྒྲའི་ཉེན་བརྡ་སྒྲོག་ཡོང་གིན་མེད་འགྲོ

དཔལ་རྒྱལ་དབང་ཀརྨ་པས་བཀའ་དྲིན་བསྐྱངས་པའི་གྱེར་འདོན་ལ་ཉན་འདོད་ཚེ་ལ་རྩེ་དྲ་བ་རུ་ཕེབས་ཆོགhttps://latse.org/poetrymonth-hhk/?from=timeline&isappinstalled=0

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།