མི་ཚེའི་འཇིག་རྟེན་དང་། སྐྱོ་གར་གྱི་མི་ཚེ། —རྫ་སྐྱེས་ཕུར་བས་བརྩམས།

16439




མི་ཚང་མས་ཆེས་མཛེས་པའི་རང་རང་གི་བྱིས་དུས་རེ་བརྒྱུད་མྱོང་ཡོད་ཅིང་། རྨི་ལམ་ཟད་མཐའ་མེད་པའི་མཚར་སྣང་རེ་ལ་ལོངས་སུ་སྤྱད་ཡོད་ངེས་ཡིན། རིམ་བཞིན་དར་མའི་ན་ཚོད་སྨིན་དུས། རང་རང་གི་མཛེས་པའི་ལོངས་སྤྱོད་དེ་ནི་ཕྱིར་རྟོག་གི་སྣང་བརྙན་ཞིག་དང་། དུས་ཚོད་ཀྱི་གོ་རིམ་ཞིག་ན་ལུས་འདུག་པ་དེ་རེད། འགྱོད་ཀྱང་བཅོས་སུ་མེད་པ་ནི་ཆོས་ཉིད་དེ་རེད།

པར་འདིའི་ངོས་ཀྱི་མ་སྨད་གསུམ་(1)པོ་ནི་དོལ་པོ་བྱི་གཅེར་(2)ལུང་པའི་ཡུལ་མི་ཡིན་ཞིང་། མའི་མཚན་ལ་བུ་ཁྲིད་དབང་མོ་དང་། བུ་མོ་ཆེ་བའི་མཚན་ཚེ་རིང་ཀུན་བཟང་། ཆུང་ཤོས་སླེ་བོར་བསྙལ་བ་ཟླ་བ་བུ་ཁྲིད་ལགས་རེད། མའི་ཁྱིམ་རྒྱུད་ནི་ཆོས་འཁོར་ཚང་ཡིན་པས། མོ་རང་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་གྱི་ཨ་ནེ་ཡིན་པ་དང་། རྗེས་སུ་གློག་བརྙན<<ཧི་མ་ལ་ཡ>>འི་གཙོ་འཁྲབ་པ་མེས་མེས་འཕྲིན་ལས་ཚང་གི་བུ་ཆེ་བ་ཚེ་དབང་ཆོས་རྒྱལ་གྱི་མནའ་མར་ཕེབས་པ་རེད་འདུག

མ་སྨད་གསུམ་པོའི་པར་འདི་ནི་ལོ་རབས་དགུ་བཅུའི་སྟོད་ལ་ཕ་རན་སིའི་པར་བ་གྲགས་ཅན་ཨེ་རིཀ་ཝེ་ལིས་ (Erik Valli )བླངས་ཏེ། (3)ཁོ་རང་གི་པར་རིས་བསྡུས་དེབ<<ཧི་མ་ལ་ཡའི་གཡག་པ>>ཞེས་པར་བཀོད་པ་དང་། ཁོས་སྦྲ་ཁྱིམ་ནང་གི་མ་སྨད་གསུམ་འཛོམས་ཀྱི་སྣང་བརྙན་བརྒྱུད་ནས་དང་ཐོག་སྤྲོ་སེམས་བག་ཕེབས་ཀྱི་འཚོ་བ་ཞིག་ཕྱི་ལ་མངོན་བཅུག་པ་དང་། དེ་ནས་གྲོང་ཁྱེར་གྱིས་བསྐྱལ་ཡོང་བའི་ཁེར་སྣང་དང་། དུས་རབས་ཀྱིས་བརྫད་སོང་པའི་ཁྱིམ་གཞིས་རེ་རེར་བསྡུར་ནས། འདུ་ཤེས་ཁྲོད་ཀྱི་དག་ཞིང་ནི་འདི་དང་འདི་ལྟ་བུའི་གདོད་མ་ཞིག་ཡིན་དགོས་སོང་པའི་ཆོས་ཉིད་གང་དེ་བསྟན་དོན་དུ་བཟུང་ཡོད་ཚོད། དེ་འདྲ་ཞིག་མེད་ཀྱང་སྲིད་དོ།།

མ་དེ་ད་ལྟ་གཤེགས་ཟིན་པ་དང་། བྱིས་པ་གཉིས་ཀྱང་འཚར་ནས་ཚེ་རིང་ཀུན་བཟང་བལ་ཡུལ་དང་། ཟླ་བ་བུ་ཁྲིད་ཨ་རིར་བཞུགས་ཡོད། མ་སྨད་གསུམ་དེའི་ལྷན་འཛོམས་ནི་ད་ལྟ་ཕྱིར་རྟོག་གི་ཀློང་དུ་ནུབ་ཟིན་པ་དང་། གཏམ་རྒྱུད་གཅིག་པུའི་ཁྲོད་ན་འདུ་འཛོམས་དང་གྱེས་བྲལ་གྱི་བསྡུས་གཟུགས་ཤིག་ལུས་ཡོད་པ་རེད།

མཐོང་སྣེ་འདི་ནས་ང་ཚོས་འཇིག་རྟེན་གྱི་སྤྲོ་གར་རེ་རེའི་མཐའ་མཇུག སྐྱོ་གར་རེ་ཡིས་བསྡུས་འགྲོ་བའི་ཆོས་ཉིད་དེ་མཐོང་ཐུབ་པ་དང་། མི་ཡི་ཚེ་དང་ཚེ་ཡི་འགྲོས་ལ། ང་ཚོས་སྡུག་བསྔལ་རང་བཞིན་གྱི་འཁོར་ལོ་ཞིག རྒྱུན་ཆད་མེད་པ་དང་། བར་མཚམས་མེད་པར་འཁོར་བཞིན་པའི་དཔེ་ཚུལ་དང་སྦྱར་ནས་ལྟ་དགོས་སོང་པ་རེད། ལྟ་སྟངས་དེ་ནི་བདེན་ལུགས་ཤིག་ཡིན་པ་རེད། དཔལ་ལྡན་ཟླ་བས”ཟོ་ཆུན་འཕྱན་ལྟར་རང་དབང་མེད”པར་གཟིགས་པ་རེད།

ཁ་ཧྥུ་ཁའི<<གཟུགས་འགྱུར་བའི་ཟིན་ཐོ>>ནི་རིག་གཞུང་གཞན་གྱི་ཁྱབ་ཁོངས་ནས་བརྩམས་ཡོད་སྟབས། དེས་སྐྱོ་གར་གྱི་དམིགས་ཚད་ཅི་ལྟ་བུ་ཞིག་རྩལ་འདོན་བྱས་ཡོད་མེད་དང་། སྐྱོ་གར་ནི་ཐར་བ་མེད་པ་དང་། མཐའ་མེད་མྱ་ངན་ཅན་དུ་གོ་བ་བླངས་ཡོད་མེད་ངས་མི་ཤེས་མོད། མི་ཚེ་ནི་སྡུག་བསྔལ་གྱི་གྲུ་རྫིངས་དེད་ནས་བགྲོད་དགོས་པའི་དཔེ་དོན་ནི་མངོན་སུམ་དུ་བསྟན་ཡོད་པ་འདྲ།

རྗེ་མི་ལ་ཡང་མི་ཚེའི་གྱེས་བྲལ་གྱི་སྐྱོ་ཡུས་ལ་ཐུགས་འཁོར་དུས། སྤྱན་ཆབ་ཡང་སེ་བསིལ་མྱོང་ཡོད་དེ། (3)”ཡུལ་སྐྱ་རྔ་རྩ་ཡི་ཀོ་རོན་ན། །ནོར་ལུས་པའི་དངོས་པོ་མ་མཆིས་མོད། །མ་རྒན་ལུས་ཀྱི་སྒྲོམ་བུ་དེ། །དྲན་ནས་བཟོད་གླགས་མི་བདའ་བའོ།།”ཞེས་དང་།

“ཁང་པ་ཀ་བཞི་གདོང་བརྒྱད་དེ། །དུས་ད་ལྟ་འགྱེལ་ལམ་མ་འགྱེལ་ལྟ། །བཤོས་ཞིང་འོར་མ་གྲུ་གསུམ་དེ། །ད་ལྟ་འཇག་སྐྱས་ཨེ་འཕྱུར་ལྟ། །མ་རྒན་ལུས་ཀྱི་སྒྲོམ་བུ་དེ། །ད་ལྟ་སྐུ་ཁམས་ཨེ་བཟང་ལྟ། ། སྲིང་མོ་པེ་ཏ་མགོན་སྐྱིད་དེས། ། ཁྱོ་གནས་གཅིག་རྙེད་དམ་མ་རྙེད་ལྟ། ། ལས་ཀྱིས་བསྐོས་པའི་མཛེས་སེ་དེ། །ད་ལྟ་ཁྱིམ་སོ་ཨེ་ཟིན་ལྟ། །”ཞེས་དང་།

“དེའི་དུས་ན་མ་དེ་ཡང་ཤི་ཟེར་བ་ཐོས་པས། ཐོས་པ་དགའ་ངུས་པས། གཉག་དང་བོན་པོ་གཉིས་ཀྱིས་སེམས་གསོ་སྡུག་ཟན་གནང་ནས་ཞལ་ཏ་མཛད་ཟེར། དུས་ཕྱིས་ཀྱང་མི་ལའི་ཞལ་ནས། སློབ་དཔོན་གཉིས་པོ་དེའི་བཀའ་དྲིན་བསམ་ན་ད་རུང་ཡིད་ལ་ཅག་གོ་ཡོད་གསུངས་ནས། སྐབས་སུ་སྤྱན་ཆབ་བྱོན་སྐད་དོ།།”(5)

ཡུལ་གདུང་འདུ་ཤེས་དང་། མི་ཚེའི་གྱེས་བྲལ་དེ་དག་ནི་སྐུ་ཚེའི་གཏམ་རྒྱུད་ཀྱིས་གྲུབ་པའི་རྣམ་ཐར་རེ་རེ་དང་། མགུར་མ་མང་པོའི་ཕྲ་ལ་བཏབ་ཅིང་དེ་ནི་ཕྲ་རྒྱན་ཉིད་དུ་གྱུར་ཡོད་པ་འདྲ།

སྐྱེས་དུས་སེམས་ལ་གོམས་པའི་རང་ཁྱིམ་དེ། འཚར་དུས་ལུས་ལ་འདྲིས་པའི་ཞིང་གྲོང་དེ། གཞོན་དུས་ལས་ཀྱིས་སྤྲད་པའི་མཛའ་མོ་ཁོང་། རྒས་དུས་དྲན་པར་སླ་བའི་སྲིང་ཆུང་མ། ནམ་ཡང་རྒྱབ་དཔུང་ཡིན་པའི་མ་ལོ་དེ། འདི་དག་ནི་རྗེ་མི་ལས་ཀྱང་ཐུགས་ལ་བདོག་པའི་སྣང་ཡུལ་གཏོས་ཆེ་བ་ཞིག་ཡིན་ཚོད། དབེན་ས་སྙན་ཡུལ་ནས་ཀྱང་ཐུགས་ལ་འཁོར་འཁོར་རང་ཞིག་བྱུང་ཚོད།

སུ་ཡ་སྦྱར་ཀྱང་དེ་དག་ནི་མི་ཚེའི་འཁོར་ལམ་སྟེང་གི་སྡུག་པའི་མེ་ཏོག་ཅིག་ཡིན་ཚོད། སྣང་ཡུལ་གཉིས་སུ་གྲུབ་པའི་ཨུག་ཆོས་དམར་པོ་ཞིག་ཡིན་ཚོད། རྟག་བརྟན་གདོད་མ་རུ་སྣང་ཡང་། སྐད་ཅིག་ཉིད་ལ་ཡལ་འགྲོ་བའི་སྐྱོ་གར་ཞིག་ཡིན་ཚོད།

མི་ཚེ་ནི་སྐྱོ་གར་དེ་ཉིད་མཚོན་བྱེད་ཀྱི་མེ་ཏོག་ཅིག་ཡིན་ནམ། མི་ཚེ་ནི་གྱེས་བྲལ་གྱི་གོ་རིམ་ནས་གྲུབ་པའི་རྡུལ་ཕུང་ཞིག་ཡིན་ནམ། ངས་བཤད་འདོད་པ་ནི། གཏམ་རྒྱུད་ཀྱི་བྱུང་བ་ཙམ་མིན་པར། གཏམ་རྒྱུད་ཀྱིས་བཤད་པའི་མི་ཚེ་ཡི་སྐྱོ་ཡུས་དེ་ཡིན།


མཆན།


1མ་སྨད། མ་བུ་གཉིས་ཀྱི་དོན།
2 དོལ་པོ། གནའ་བོའི་ཞང་ཞུང་གི་ཡུལ་གྲུ་ཞིག སྲོང་བཙན་དུས་ཀྱི་བཙན་པོའི་ཆབ་འབངས་ཤིག སིལ་བུའི་དུས་ཀྱི་མངའ་རིས་གུང་ཐང་སྨད་མ། ཡུལ་ཚན་གཞན་དུ་གཏོགས་པའང་མང་། དུས་རབས་ཕྱེད་ལྷག་ཚུན་ནས་བལ་ཡུལ་གྱིས་ཁྱབ་ཁོངས་སུ་ཤོར་བའི་བོད་ཡུལ་ཞིག
ད་ལྟ་ནི་ཆོས་དང་རིག་གནས་བོད་ཁོངས་དང་། སྲིད་འཛིན་ས་ཁུལ་གཞན་ཁོངས་ཡིན་པ་རེད།
མངའ་རིས་དོལ་པོ། མངའ་རིས་དོལ། དོལ་ཕྱོགས་གྲུ་བཞི། དོལ་གྲུ་གསུམ་སོགས་མིང་སྣ་ཚོགས་ཡོད།
བོད་ཀྱི་རྒྱལ་རབས་བསྡུས་མ་དང་། རྣམ་ཐར། ཆོས་འབྱུང་སོགས་ཡིག་ཚང་བདུན་ཅུ་ལྷག་གི་ཁྲོད་དུ་དོལ་པོའི་ལོ་རྒྱུས་གསལ་ཞིང་། སིལ་བུའི་དུས་ཀྱི་ཡིག་ཚང་མང་པོས་མངའ་རིས་གུང་ཐང་སྨད་ཀྱི་ཡུལ་དུ་བརྩོན་མེད་ཡོངས་གྲགས་ཐོག་ངོས་འཛིན་གནང་ཡོད།
བོད་ཀྱི་ནང་བསྟན་རིག་གཞུང་ཁྲོད་ཀྱི་རྣམ་དག་ཀ་བ་ཞིག་སྟེ། ཀུན་མཁྱེན་དོལ་པོ་སངས་རྒྱས་ལགས་དོལ་པོ་བན་ཚང་དུ་འཁྲུངས་ནས། སྐབས་ཤིག་གི་བོད་ཀྱི་ལྟ་བའི་ལམ་ཕྱོགས་དེ་གཞན་སྟོང་དབུ་མའི་ཕྱོགས་ལ་ཁྲིད་ཡོད།
3 ཕ་རན་སིའི་གློག་བརྙན་འཁྲབ་ཁྲིད་པ་དང། ཡུལ་སྐོར་ལས་གཉེར་པ། ཆེད་ལས་པར་བ་བཅས་ཡིན་ཞིང་། གནའ་བོའི་ཧི་མ་ལ་ཡའི་ཚ་ཚོང་གི་བྱུང་བ་བརྗོད་པའི་གློག་བརྙན་གྲགས་ཅན་<<ཧི་མ་ལ་ཡ>>འི་འཁྲབ་ཁྲིད་པ་དང་། གཙོ་འགན་པ་བཅས་རེད།
4དབུས་ཀྱི་ཡུལ་སྐད་ཅིག ཡང་ཡང་ཞེས་པའི་དོན།
5 དང་པོ་ནི་རུས་པའི་རྒྱན་ཅན་གྱི་རྣམ་མགུར་ནང་གི་ཚིག་རིས་ཇི་བཞིན་དང་། གཉིས་པ་ནི་དེ་དང་ཞི་བྱེད་རི་ཁྲོད་པའི་རྣམ་ཐར་གཉིས་ཀྱི་ཚིག་སྣ་བསྲེས་པ་དང་། གསུམ་པ་ནི་ཞི་བྱེད་རི་ཁྲོད་པའི་རྣམ་ཐར་གྱི་ཚིག་སོར་བཞག་ཡིན།
0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།