བྱ་གླག་གིས་བྲིས་པའི་སྙན་ངག་ཚན་པ་བཞི།

4558




             ཁྱེད་ལ་ཕུལ་བ།

ཉི་འོད་འདི་ཁྱེད་ལ་ཕུལ་ཆོག
དེ་ཡིས་ཁྱེད་ལ་དྲོད་ཁོལ་ཕྲན་བུ་ཞིག་སྟེར་སྲིད

རླུང་བུ་འདི་ཁྱེད་ལ་ཕུལ་ཆོག
དེ་ཡིས་ཁྱེད་ལ་བསིལ་འཇམ་ཕྲན་བུ་ཞིག་སྦྱིན་སྲིད

སྒོ་ཐེམ་འདི་ཁྱེད་ལ་ཕྱེ་ཆོག
དེ་ཡིས་ཁྱེད་ལ་འབྱམས་ཀླས་པའི་ལམ་བུ་ཞིག་སྟོན་སྲིད

དེ་བཞིན་ལག་ཟུང་འདིའང་ཁྱེད་ལ་བསྲིང་ཆོག
དེ་ཡིས་ཁྱེད་རང་གཙང་བོ་འདིའི་ཕ་རོལ་ལ་འཁྲིད་ཆོག

ཡིན་ནའང
མིག་ཆུ་འདི་ཁྱེད་ལ་འབུལ་མི་སྲིད
དེ་ཡིས་ཁྱེད་ཀྱི་ནང་སེམས་རློན་འགྲོ་བར་དོགས

བྲེལ་འཚུབ་འདིའང་ཁྱེད་ལ་སྟོན་མི་སྲིད
དེ་ཡིས་ཁྱེད་ཀྱི་ཞི་འཇགས་དང་བག་ཕེབས་ཁྱེར་འགྲོ་བར་ཞེད

ནམ་ཞིག
ངས་ཀྱང་ཁྱེད་ཀྱི་འཛུམ་མདངས་ཁྲོད་ནས
རང་ཉིད་ལ་དབང་བའི་ས་མིག་ཆུང་ཆུང་ཞིག་རྙེད་པར་སྨོན

                           20.4.23


          ཆིག་ལབ། 

ང་ནི་ཁྱོད་ཀྱི་སྐྲ་ལོའི་གསེབ་ཀྱི་ལན་བུ་དང
ཨམ་ཕྲག་ནང་གི་ཉི་ཟླ་མིན
མཚམས་མཚམས་སུ་ཁྱོད་ཀྱི་མེ་ལོང་དུ་ལྡང་བའི་རླུང་བུ་ཡན་པོ་དེ་ཡིན

ང་ནི་ཁྱོད་ཀྱི་ལག་པའི་ནང་གི་མེ་ཏོག་དང
མིག་ཟུང་ཁྲོད་ཀྱི་རེ་སྒུག་མིན
མཚམས་མཚམས་སུ་ཁྱོད་ཀྱི་རྨི་ལམ་དུ་བཞུར་བའི་ཆུ་ཕྲན་ཆུང་ཆུང་དེ་ཡིན
                                       2018.10.1


             བར་ཐག

ཁྱོད་ཀྱིས་ཆང་འཐུང་ནས་གཞས་གྱེར
ངས་སྙན་ངག་བྲིས་ཏེ་སྟོང་འདང་སྒོམ

ཉི་ནུབ་འཚོལ་བ་ནས
འཆི་བ་ནི་ཁྱོད་ཀྱིས་ང་ལ་བསྐྱུར་བའི་རྒྱང་རིང་གི་གྲོང་ཚོ་ཞིག་རེད
 མཚན་མོར་ང་ཁྱོད་ཀྱི་རྨི་ལམ་ནང་གི་གླིང་ཕྲན་དུ་ཉུལ

                     2012.12.28


              ཞེན་ཆགས། 

ས་སྲོད་ནི་གྱེས་བྲལ་ཞིག་ཡིན་ན
དེ་རུ་ཁྱོད་ཀྱིས་རེ་སྒུག་དང་དྲན་གདུང་མཐོང་སྲིད

མིག་ཆུ་ནི་དྲན་གདུང་ཞིག་ཡིན་ན
དེ་རུ་ཁྱོད་ཀྱིས་བརྩེ་འདང་དང་གྱེས་བྲལ་ཉར་ཡོད

ཐ་སྙད་འདི་དག་མཐོང་རྗེས
ཁྱོད་ཀྱིས་རང་ཉིད་རྒས་ཟིན་པ་རྟོགས་སྲིད

 ཡིན་ནའང  ཁྱོད་རང་མེ་ལོང་ལ་ཅེར་ནས
ཡང་བསྐྱར་རང་གི་འཛུམ་མདངས་ལ་བལྟ་རོགས

                     2017.3.3

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།