ནང་བསྟན་གྱི་གཞུང་ནས་བྱུང་པའི་རྡུལ་ཕྲན་དེ་ཉིད་ཀྱི་ཆ་ཙམ་གླེང་བ།
རྡུལ་ཕྲན་ནི་ང་ཚོའི་ཉེ་འཁོར་གྱི་དངོས་རྫས་ཐམས་ཅད་ཀྱི་བཞི་རྩའི་གྲུབ་ཆ་ཡིན་པར་ཆོས་ཚན་གཉིས་ལ་མཐུན་སྣང་དུ་གྲུབ་ལ། ཚན་རིག་པ་ལྟར་བེམ་གཟུགས་ཐམས་ཅད་ཀྱི་ནང་ནས་གྲུབ་ཆ་ཆུང་ཤོས་སུ་མི་འདོད་པར་རྡུལ་ཕྲ་རབ་བདུན་འདུས་པའི་གོང་བུ་ཞིག་ལ་རྡུལ་ཕྲན་ཞེས་ཟེར། དེ་ཡང་མངོན་པ་མཛོད་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི།། རྡུལ་ཕྲན་དང་ནི་དེ་བཞིན་དུ།། ལྕགས་ཆུ་རི་བོང་ལུག་དང་གླང་།། ཉི་ཟེར་རྡུལ་དང་སྲོ་མ་དང་།།དེ་ལས་བྱུང་དང་དེ་བཞིན་དུ །། སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར།། ཞེས་གསུངས་པ་ལྟར་སྔ་མ་སྔ་མ་ནི་ཕྱི་མ་ཕྱི་མའི་བདུན་འགྱུར་ཡིན་པ་དང་རྡུལ་ཕྲ་རབ་ནི་རྡུལ་ཕྲན་གྱི་བྱེ་བྲག་ལྟ་བུ་ཡིན་པས་རྡུལ་ཕྲན་ལས་ཁྱབ་ཆུང་ཞིང་ངོ་བོ་ཕྲ་བ་ལྟ་བུ་ཞིག་ཡིན་པར་སྣང་།
གོང་གི་སློབ་དཔོན་དབྱིག་གཉེན་གྱི་མཛོད་གཞུང་དེས་ད་དུང་རྡུལ་ཕྲན་རྩོམ་གཞི་བྱས་ནས་གཟུགས་ཅན་རགས་པ་རྩོམ་ཚུལ་འགྲུབ་ལ། དེ་ལྟར་འདོད་པ་ཡང་རང་སྡེ་དང་གཞན་སྡེ་ཕྱི་རོལ་པ་གཉིས་ཀྱིས་ཁས་ལེན་པར་འདྲ་སྟེ། གྲུབ་མཐའ་རྩ་བ་ལས། སྣོད་བཅུད་ཕྲ་རབ་རྡུལ་དང་དབང་ཕྱུག་གིས་ཞེས་གསུངས་སོ།། འོན་ཀྱང་རང་སྡེ་ཐམས་ཅད་ཀྱིས་དེ་ལྟར་འདོད་དམ་ཟེར་ན། དེར་དཔྱད་པར་བྱ་སྟེ། སེམས་ཙམ་པས་བག་ཆགས་དེ་ཉིད་གཟུགས་ཅན་རགས་པའི་ངོ་བོར་ཕར་འཕོས་པ་ཡིན་ལ་ཕྱིའི་ཁོར་ཡུག་དང་ནང་གི་གཟུགས་ཕུང་སོགས་ནི་སེམས་དང་སེམས་བྱུང་གི་བག་ཆགས་ཀྱིས་ཉེར་ལེན་བྱས་པ་ལས་གྲུབ་པར་འདོད་པ་དང་། རྡུལ་ཕྲན་གྱིས་རྩོམ་གཞི་བྱས་ནས་གཟུགས་ཅན་གྲུབ་ཚུལ་སོགས་མི་འདོད་པས་རྡུལ་དུ་གྲུབ་པ་བེམ་པོའི་མཚན་ཉིད་དུ་མི་བཞེད་ལ་རྡུལ་ཕྲན་འདོད་ཀྱང་རྡུལ་དུ་གྲུབ་པ་མི་འདོད་པ་ནི་གྲུབ་མཐའ་འདི་ཉིད་ཀྱི་ལུགས་རྨ་མེད་པ་དེ་ཡིན་ནོ།།
སྤྱིར་གྲུབ་མཐའ་སྨྲ་བ་བཞིས་རྡུལ་ཕྲན་འདོད་པར་འདྲ་ཡང་རྡུལ་ཕྲན་གྱི་ངོ་བོ་དང་ཕྱོགས་ཀྱི་ཆ་ཡོད་མེད་འདོད་པར་མི་མཐུན་པས། བྱེ་མདོ་གཉིས་ཀྱིས་རྡུལ་ཕྲན་ལ་ཕྱོགས་ཀྱི་ཆ་མེད་འདོད་པ་མཐུན་པར་གྲུབ་མཐའ་རིན་ཕྲེང་ལས། གཞན་ཡང་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་ཁས་ལེན་པ་སོགས་བྱེ་བྲག་སྨྲ་བ་དང་མཐུན་ཀྱང་ཞེས་སོ།། ཡིན་ཡང་སློབ་དཔོན་ཕྱོགས་གླང་གི་དམིགས་བརྟགས་ལས། མདོ་སྡེ་བ་དང་སེམས་ཙམ་པ་བརྩད་པའི་ཚེ་མདོ་སྡེ་བས་ཆ་དང་བཅས་པའི་རྡུལ་ཕྲ་རབ་ཚོགས་ཚེ་རེ་རེར་རང་འདྲའི་རྣམ་པ་གཏོད་པར་ཁས་བླངས་པའི་ཕྱིར་ཞེས་གསུངས་པར་བརྟག་ན་མདོ་སྡེ་བའི་ཁྲོད་དུ་རྡུལ་ཕྲན་ཕྱོགས་ཀྱི་ཆ་ཡོད་འདོད་མཁན་ཞིག་ཡོད་པར་མངོན་ཏེ་འདི་ལ་ཡང་དཔྱད་པར་བྱའོ།།
ཐལ་རང་གཉིས་ཀྱིས་རྡུལ་ཕྲན་ཕྱོགས་ཀྱི་ཆ་ཡོད་འདོད་པ་སོགས་མདོར་ན་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་རྡུལ་ཕྲན་ཆ་མེད་དང་ཆ་བཅས་སྐོར་དཔྱད་པ་མང་ཙམ་གནང་ཡོད་པའི་དགོས་དམིགས་ནི ་”ཆོས་ཐམས་ཅད་ལྟོས་ནས་གྲུབ་པའམ་ཆ་ཤས་ལ་བརྟེན་ནས་གྲུབ་པ། མིང་གིས་ཕར་བཏགས་ཙམ་གྱི་སྒོ་ནས་གྲུབ་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་བ་རྟེན་འབྱུང་གཏན་ལ་འབེབས་པའི་ཆེད་དུ་”(1)ཡིན་ནོ།
ཚན་རིག་པས་འདོད་པའི་རྡུལ་ཕྲན་གྱི་རྣམ་གཞག
ཚན་རིག་པ་ཚོས་རྡུལ་ཕྲན་ནི་གཟུགས་ཅན་རགས་པ་རྣམས་ཀྱི་རྩ་བའི་གྲུབ་ཆ་ཡིན་པར་བཤད་ལ། དེ་ཡང་ཐོག་མའི་རྡུལ་ཕྲན་ནི་སྤྱི་ལོ་སྔོན་གྱི་ངོ་ལོ་༦༠༠ ཡས་མས་སུ་རྒྱ་གར་གྱི་ལྟ་གྲུབ་སྨྲ་བ་དྲང་སྲོང་གཟེགས་ཟན་ཀཎཱད་(Kanada)ཡིས་རྡུལ་ཕྲན་གྱི་རྣམ་བཞག་གཏན་ལ་ཕབ། ཁོང་གིས་རྡུལ་ཕྲན་ལ་ས་ཆུ་མེ་རླུང་སོགས་རྫས་དགུ་ཡོད་པར་ངོས་འཛིན་བྱས་པས་གནའ་བོའི་རྒྱ་གར་གྱི་ནང་པ་དང་གཅེར་བུ་པ་གཉིས་ཀྱི་ལྟ་གྲུབ་ནང་དུ་ཡང་གོ་གནས་གལ་ཆེན་བཟུང་།
དེ་ནས་རིམ་བཞིན་གནའ་བོའི་གྷི་རི་སིའི་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་རིག་པས་དཔྱད་སྟོབས་ལ་བརྟེན་ནས་བེམ་གཟུགས་ཐམས་ཅད་འབྱུང་བ་བཞི་རེ་རེ་ནས་གྲུབ་པར་བཞད་པས། ཁོ་ཚོའི་འདོད་པའི་རྡུལ་ཕྲན་གྱི་རྣམ་གཞག་དེ་ནི་དུས་རབས་བཅུ་དགུ་བར་ཏེ་མི་ལོ་༢༠༠༠བར་གནས་ཡོད། དེ་ནས་དབྱིན་ཡུལ་གྱི་སློབ་དགེ་ཌོལ་ཊོན་(John Dolton ) གྱིས་རྡུལ་ཕྲན་གྱི་དབྱིབས་བཀོད་གཏན་འབེབས་བྱས་ཤིང་། རྡུལ་ཕྲན་ཆ་བསགས་ཀྱི་བེམ་གཟུགས་སུ་གྲུབ་པར་འདོད་ཚུལ་དེ་ནི་དེང་སྐབས་ཀྱི་ཚན་རིག་པ་ཚོས་འདོད་པའི་རྡུལ་ཕྲན་གྱི་རྣམ་གཞག་གི་རྨང་གཞི་ལྟ་བུར་གྱུར་ཡོད། ཁོས་དངོས་རྫས་ཐམས་ཅད་ཆ་ཕྲ་མོ་ཕྲ་མོར་བྱས་ནས་མཐར་ཆ་ཕྱེ་མི་ཐུབ་པའི་དུས་སྐབས་དེར་རྡུན་ཕྲན་ཞེས་འབོད་པ་དང་། རྡུལ་ཕྲན་ནི་ཆེས་ཆུང་བས་མཐོང་མི་ཐུབ་ལ། ངོ་བོ་ཕྲ་བས་གཏོར་བཅོམ་དང་གཞན་དུ་སྒྱུར་ཡང་མི་ཐུབ། དཔེར་ན་ཁབ་ཀྱི་རྩེ་མོ་ཞིག་གི་སྟེང་དུ་ཡང་རྡུལ་ཕྲན་གྲངས་ལས་འདས་པ་ཡོད་པས། བློ་ངོར་འཆར་དཀའ་བ་ཞིག་ཡིན་པར་འདོད།
ཁོས་རྡུལ་ཕྲན་གྱི་རྣམ་གཞག་གཏན་ལ་ཕབ་ནས་བགྲང་བྱ་བརྒྱ་ཕྲག་ལྷག་གི་རྗེས་སུ་ཚན་རིག་པ་ཇེ་ཇེ་ཐོམ་སོན་(J.J Thom Som) གྱིས་རྡུལ་ཕྲན་ནི་བེམ་གཟུགས་ཟླུམ་པོ་ཞིག་དང་དེའི་སྟེང་དུ་ཁོ་རང་ཉིད་ལས་ཆུང་བའི་མོ་རྡུལ་རྣམས་བཀྲམས་ཡོད་པ་རྒྱུ་མཚན་དང་བཅས་ར་སྤྲོད་བྱས། དེའི་རྗེས་སུ་ཚན་རིག་པ་རུ་ཐེར་ཕོར་ཌི་(Earnest Ratherford)ཡིས་གསེར་ཤོག་གི་སྟེང་དུ་ཨལ་ཧྥ་རྡུལ་བཏང་ནས་དེར་ཞིབ་འཇུག་བྱས་པ་ལས་ཕོ་རྡུལ་གསར་རྙེད་བྱུང་ལ། དེ་ཡང་གཟའ་ཡིས་ཉི་མར་བསྐོར་བ་བཞིན་མོ་རྡུལ་རྣམས་ཀྱིས་ཕོ་རྡུལ་ལ་བསྐོར་བ་བྱས་པའི་རྣམ་གཞག་གཏན་འབེབས་བྱས། རྗེས་སོར་ཚན་རིག་པ་ནིལ་ལས་བྷོར་(Neils Bohr) གྱིས་རུ་ཐེར་ཕོར་ཌི་ཡི་བཤད་ཚུལ་ལ་ཁ་སྣོན་དང་ལེགས་བཅོས་བཏང་ནས་དེ་ཡང་མོ་རྡུལ་རྣམས་ལྟེ་རྡུལ་གྱི་འཁོར་ལམ་ན་ནུས་པའི་རིམ་པ་ལྟར་འཁོར་བཞིན་ཡོད་ཚུལ་བཤད་ནས་རྡུལ་ཕྲན་གྱི་བེམ་གཟུགས་གསར་བ་ཞིག་རྙེད་པ་དེར་ཡོངས་གྲགས་སུ་བྷོར་གྱི་རྡུལ་ཕྲན་དཔེ་གཟུགས་ཟེར་ཞིང་ཁོར་་༡༩༢༢ལོའི་ནོར་བྷེ་དངོས་ཁམས་གཟེངས་རྟགས་ཀྱང་ཐོབ།
དེའི་རྗེས་སུ་ཚན་རིག་པ་ཇིམས་ཅིཊ་ཝིཀ་(James Chadwick)ཡིས་རྡུལ་ཕྲན་གྱི་སྟེང་ནས་གློག་འཁུར་མེད་པའི་ཕྲ་རྡུལ་ཞིག་གསར་རྙེད་བྱུང་ལ། དེའི་མིང་ལ་བར་རྡུལ་ལམ་མ་ནིང་རྡུལ་ཞེས་འབོད་པ་སོགས་རིམ་པ་དུ་མ་ཞིག་བརྒྱུད་ནས་ད་ལྟའི་རྡུལ་ཕྲན་གྱི་རྣམ་གཞག་འདི་གཏན་ལ་ཕབ་ཀྱང་ད་ལྟ་ད་དུང་ཡང་ཞིབ་འཇུག་བྱེད་བཞིན་ཡོད། དེ་ལྟར་རྡུལ་ཕྲན་རྣམས་ཕྲ་རྡུལ་གསུམ་ལས་གྲུབ་ཡོད་ལ། ཕོ་རྡུལ་དང་བར་རྡུལ་གཉིས་དབུས་སུ་གནས་པ་ལ་དེར་ལྟེ་རྡུལ་དང་། མོ་རྡུལ་ལམ་གློག་རྡུལ་གྱིས་བསྐོར་བ་བྱེད་བཞིན་པའི་སྒྲོམ་གཞི་ཆ་ཚང་བ་ཞིག་ལ་ད་གཟོད་རྡུལ་ཕྲན་ཟེར། འོན་ཀྱང་རྡུལ་ཕྲན་ཡིན་ན་དེ་གསུམ་ངེས་པར་ཚང་མི་དགོས་སྟེ། རྡུལ་ཕྲན་རྣམས་ཀྱི་ནང་ནས་གྲུབ་ཆ་ཆུང་ཤོས་ཡང་རླུང་ལ་ཕོ་རྡུལ་གཅིག་དང་དེར་གློག་རྡུལ་གཅིག་གིས་བསྐོར་བ་བྱེད་པ་ལས་ལྟེ་བར་མ་ནིང་རྡུལ་མེད། ལྟེ་རྡུལ་དང་གློག་རྡུལ་གྱི་གྲངས་མང་ཉུང་མི་འདྲ་བ་ལ་བརྟེན་ནས་རྡུལ་ཕྲན་གྱི་རིགས་ཀྱང་མི་འདྲ་བ་གྲུབ་ལ། ཞིབ་འཇུག་པ་ཚོའི་ད་ལྟའི་བར་གྱི་གྲུབ་དོན་ནི་རྡུལ་ཕྲན་རིགས་མི་འདྲ་བ་༡༡༨ཡིན་ལ། དེ་དག་གི་རྩ་རྫས་ཀྱང་༡༡༨ཡིན།
གྲུབ་ལུགས་ཀྱང་མི་འདྲ་བས་རྫས་ཀྱི་གཤིས་ལུགས་མི་འདྲ་བར་འགྱུར་བཞིན་ཡོད། དཔེར་ན་ཡང་རླུང་དང་འཚོ་རླུང་། བུམ་རྫས་ལྟ་བུའོ།། མཚོ་རླུང་གི་ལྟེ་རྡུལ་ནང་དུ་ཕོ་རྡུལ་དང་བར་རྡུལ་གྲངས་བརྒྱད་རེ་ཡོད་ལ། དེར་བསྐོར་བ་བྱེད་མཁན་གྱི་གློག་རྡུལ་གྱི་གྲངས་ཀྱང་བརྒྱད་ཡོད། གློག་རྡུལ་གྱི་གྲངས་ཅི་ཙམ་མང་ན་དེའི་འཁོར་ལམ་གྱི་རིམ་ཡང་དེ་ཙམ་མང་བ་ཡོད། གློག་རྡུལ་གྲངས་མང་ཅན་ཡིན་ན་འཁོར་ལམ་དང་པོའི་ནང་དུ་གྲངས་གཉིས་དང་དེའི་ཕྱི་མའི་ནང་དུ་བརྒྱད་ལས་མང་པོའི་གློག་རྡུལ་གནས་ཀྱི་མེད། འཁོར་ལམ་རེ་རེའི་ནང་གི་གློག་རྡུལ་རྣམས་ལ་ནུས་ཤུགས་མི་འདྲ་བ་རེ་ཡོད་ལ་དྲོད་དང་འོད་ཕོག་ཚེ་གློག་རྡུལ་རྣམས་ཀྱི་ནུས་པ་ཡང་ཆེར་གྱུར་འགྲོ། གློག་རྡུལ་ཀྱི་གདོས་ཚད་ནི་ཕོ་རྡུལ་ལས་ལྡབ་ཉིས་སྟོང་ཙམ་གྱི་ཆུང་ལ། ཕོ་རྡུལ་དང་མ་ནིང་རྡུལ་གཉིས་ནི་གྲངས་དང་གདུས་ཚད་ཕལ་ཆེར་མཚུངས་པ་སོགས་འདིར་ཆོས་ཚན་ལས་བྱུང་བའི་རྡུལ་ཕྲན་གྱི་རྣམ་གཞག་རགས་ཙམ་ངོ་སྤྲོད་བྱས་པ་འདི་ནི་ཚན་རིག་རྒྱུགས་སྤྲོད་ཀྱི་བཤད་རྒྱུགས་སུ་བྲིས་པ་ཡིན་པས་ནོར་འཁྲུལ་གྱི་ཆ་གང་ཡོད་ལ་བཟོད་གསོལ་དང་བཅས་སྤྱན་མིང་པས།