སྒྲུང་ཐུང་《རིག་འཛིན》ཞེས་པ།__སེར་པོ།

33990




རྒོངས་ཀ་དེ་ནི་སྟོན་མཇུག་གི་རྒོངས་ཀ་ཞིག ལོ་མ་སེར་པོས་སྲང་ལམ་གྱི་གཡས་གཡོན་ཀུན་བཟུང་ཞིང་། རླུང་བུ་ཅུང་ཟད་རེ་གཡུག་པ་ཙམ་གྱིས་ཀྱང་ཤག་ཤག་གི་སྒྲ་དང་བཅས་ལོ་མ་ཀུན་སྡོང་རྩ་དང་། ཨི་ཁུང་། གད་སྐྱིབས། ཟམ་གྱི་ཀ་བ་སོགས་ཀྱི་རྩ་བར་འཚངས་འགྲོ། རིག་འཛིན་གྱིས་མདུན་གྱི་རྩིག་པའི་ངོས་སུ་མིག་གཡས་པ་བཙུམས་ཤིང་གཡོན་པས་བལྟས་ན། ཨ་རབ་ཀྱི་ཨང་ཀི་དགུ་བ་ཞིག་མཐོང་ཞིང་། མིག་གཡོན་པ་བཙུམས་ཤིང་གཡས་པས་བལྟས་ན་ཨ་རབ་ཀྱི་ཨང་ཀི་དྲུག་པ་ཞིག་མཐོང་འོང་། ཤིན་ཏུ་ཐང་ཆད་དྲགས་པས་མགོ་བོར་ལྕི་ཉམས་ཤར་ཞིང་། རྐང་པ་གཉིས་ཀ་རེངས་པར་གྱུར་བའི་ཚོར་བ་དེས་གཞི་ནས་འགྲེངས་ཏེ་འགྲོ་བའི་དུས་ཚོད་རྫོགས་ཟིན་པའི་འཇིགས་སྣང་སྐྱེས།

རིམ་གྱིས་ལམ་གྱི་གཡས་གཡོན་ཀུན་ཏུ་གློག་སྒྲོན་སྦར་ཅིང་། གློག་སྒྲོན་གྱི་འོད་ངོགས་སུ་འཕུར་བའི་འབུ་སྲིན་གཤོག་ཐོགས་ཆེ་ཕྲ་དག་གི་འཚུབ་ཆ་དོད། སྐབས་དེར་རིག་འཛིན་གྱིས་འཇིག་རྟེན་དང་རང་ཉིད་གཉིས་ཁ་གྱེས་པར་ཤོག་ལྷེ་གཅིག་གི་སྲབ་མཐུག་ལས་མེད་པར་འདོད་ཅིང་། གལ་ཏེ། ཞོགས་པར་རང་ཉིད་ལུས་རྟེན་འདི་དང་ཁ་བྲལ་ནས་བར་དོ་རུ་འཕྱན་པ་ཡིན་ན། ལུས་ཕུང་གི་མཐའ་བསྐོར་ནས་སྨྲེ་ངག་འདོན་པ་དང་མིག་ཆུ་བཞུར་བ། སྐྲ་ལོ་བཤུགས་ནས་གདོང་ཕྱེད་ལ་བཀབ་པ་དག་གི་ཁྲོད་ན། གནད་ཀྱི་དོན་པོ་རང་ཉིད་ཀྱི་སེམས་ཀྱི་སྙིང་པོའི་ནང་གི་སྙིང་པོ་རྟོགས་མཁན་ག་ཙམ་ཡོད་དམ་སྙམ།

  སྐབས་དེ་དུས་ཙམ་ན། དབང་ཕྱོགས་ཀྱི་ཕྲག་གོང་ན་སྐྱོ་ལྷང་ལྷང་གིས་གདོང་ཕྱེད་སྤྲིན་གྱིས་བསྒྲིབས་པའི་ཟླ་བ། མི་ཚོགས་ཀྱི་བས་མཐར་ལྟུང་བའི་བགྲེས་སོང་ཞིག་དང་འདྲ་ཡང་། འོད་ཟེར་ཕྲན་བུ་རེ་མངོན་པས་དེ་ལས་ཅུང་ཟད་འཕགས་ཙམ་དུ་སྣང་། རིག་འཛིན་གྱིས་ནམ་མཁའ་དང་ས་གཞི་གང་ལ་བལྟས་ཀྱང་གཞི་ནས་བདག་མེད་དུ་ལུས་པའི་རྣམ་པ་རྟོགས་ཤིང་། སྲང་ལམ་དེ་གར་འགྱེེད་ནས་ག་ཙམ་ཁ་སྦུབ་ཀྱིས་འཚོ་འང་འབོད་མཁན་དང་སྐྱོབ་མཁན་མེད་པའི་ཚོར་བ་དེ་ཐོག་མར་རྙེད།

 རིག་འཛིན་ནི་ཚེ་འདིརAརིམ་པ་ཅན་གྱི་མགྲོན་ཁང་དང་སྐུ་དྲག་དག་ལ་ཁ་ཐག་རིང་དུ་སོང་བ་མ་ཟད། Bརིམ་པའི་ཟ་མ་དང་ཆང་ཁང་། རླངས་འཁོར་དང་གྱོན་པ་སོགས་ལ་རྒྱང་དུ་གྱེས་ཡོད། རིག་འཛིན་གྱིས་རྒོངས་ཀ་འདིར་བླ་འབོད་ཐེངས་ཤིག་བྱས་པས། ལྗོན་པ་དང་དེའི་རྩེ་མོར་འཁྲིལ་བའི་རླུང་བུ། སྲང་ལམ་དང་དེའི་སྟེང་གི་ས་རྡུལ་དག་ལ་དངངས་འཚུབ་ཅིག་དང་ཞེད་སྣང་ཞིག་སྤར་བའི་ཚོར་བ་བྱིན།

ནུབ་མོ་དེར་རིག་འཛིན་དང་ཁད་མི་རིང་སའི་ཁང་མིག་ཅིག་ཏུ་གློག་སྒྲོན་མག་མོག་ཅིག་སྦར་ཅིང་། ཁང་མིག་གི་སྒེའུ་ཡོལ་སང་རས་ཁ་དོག་དམར་པོ་ཅན་དེས་ཁང་བའི་ནང་ཡང་དམར་པོར་བསྒྱུར་བར་མཐོང་ཞིང་། གཟབ་ནན་གྱིས་བལྟས་ན་ཁང་མིག་ནང་གི་རྐུབ་སྟེགས་རེ་རེ་དང་དེའི་གཡས་གཡོན་གྱི་མི་དག་ཕོ་མོ་གང་ཡིན་པའང་ཤེས་པའི་ཚོད་དུ་འདུག མི་དེ་དག་སྐྱིད་སྣང་ལ་རོལ་ཅིང་། དུས་ཚོད་དང་བསྡེབས་པའི་ཚེ་སྲོག་ལ་དབུགས་དབྱུང་སྩོལ་མོད། སྒྱུ་མའི་ཆོ་འཕྲུལ་ལྟ་བུའི་འཁོར་བའི་དབུས་སུ་ལྟུང་བའི་རིག་འཛིན་ལ་མཚོན་ན། མི་ཚོགས་ཀྱི་བས་མཐར་རྨི་ལམ་གྱིས་ཟིན་པའི་སྲང་འཁྱར་བ་ཞིག་ཡིན་པས། དེ་ལྟ་བུའི་ཁང་མིག་ཏུ་འཛུལ་ནས་མི་ཚོགས་དང་ལྷན་དུ་སྐྱིད་སྣང་ལ་རོལ་བའི་བགོ་སྐལ་ག་ལ་ལྡན།

ཁོས་ནམ་རྒྱུནAརིམ་པའི་སྐུ་དྲག་དག་གིས་རླངས་འཁོར་རྫིག་པོ་བསྐོར་ནས་འགྲོ་བ་མཐོང་དུས། སྲང་མགོ་ནས་སྲང་མཇུག་བར་མིག་འོད་ཀྱིས་བསྐྱལ་ལ། B རིམ་པའི་ཟ་ཁང་དག་གི་ཟ་མ་གཡོ་སྐོལ་གྱི་དྲི་མར་སྣོམ་བཞིན་ཆར་རླུང་དང་ཁ་བའི་ཁྲོད་དུ་འང་འདུག་གོམས་སུ་སོང་ཡོད། ད་རུང་། ཕོ་མོ་རྒན་གཞོན་ཚང་མ་མཉམ་དུ་འགྲོ་བ་དང་སྔ་གཞུག་བྱས་ཏེ་འགྲོ་བ་དག་མཐོང་དུས་རྗེས་སུ་ཅེར་ནས་ཉིན་ཕྱེད་ལྷག་འདས་འགྲོ།

རིག་འཛིན། ལས་བསམ་སར་མི་འགྲོ་གསེག་སར་འགྲོ་བ་བཞིན། རྒོངས་ཀ་དེར་ཡང་སྙིང་ཅི་ཞིག་གིས་བསླུས་ནས་སྲང་ལམ་དེར་ལྷགས་པ་ཡིན་ནམ། ཁྱི་སྨྱོན་ལྟ་བུའི་ལོ་ཟླ་དེ་དག་གི་རིང་ལ། ཁོ་རང་རི་ལ་སྒོམ་དུ་སོང་ཡང་སྒོམ་གྱི་སྙིང་པོ་ལ་ཐ་སྙད་ཀྱི་གསེབ་ཏུ་མི་ཤོང་བའི་ཚོར་བ་བན་བུན་ཞིག་གིས་མྱོས། ཁོ་རང་འབྱོར་བའི་སླད་ཚོང་ལ་སོང་ཡང་ཁེ་ཡི་འབྲས་བུར་སེམས་ལ་མི་འཁོར་བའི་རྨི་ལམ་འབའ་ཞིག་ལས་གང་ཡང་མ་ཐོབ།

 རིག་འཛིན་གྱིས་འཕག་འཚག་ཅུང་ཟད་བརྒྱབ་རྗེས་ཡར་ལངས་པར་སེམས་ཀྱང་། ལུས་པོ་ཡོངས་སྦྲིད་འདུག་པས་ལངས་མ་ཐུབ། དེ་མུར་ཁང་མིག་དེ་རུ་བལྟས་ཤིང་། རྐུབ་སྟེགས་རེ་རེའི་སྟེང་གི་མི་རྣམས་ལ་ཞིབ་ཏུ་བལྟས། རྐུབ་སྟེགས་སུ་བསྡད་པའི་མི་དེ་རྣམས་བགྲེས་སོང་དང་། དར་མ། ན་གཞོན་གྱི་ཚོགས་ཤིག་ཏུ་ངེས་པས། ལོ་ཚོད་རིགས་མཐུན་པའི་ཚོགས་ཤིག་མ་ལགས་ཀྱང་། ཁོ་ཚོའི་བྱ་སྤྱོད་ནི་གཅིག་འདྲར་སྣང་སྟེ། ཕན་ཚུན་ལ་ལག་པ་འཐབ་ནས་སྨྱོས་པ་ལྟར་ཞབས་བྲོ་ལྟ་བུ་ཞིག་འཁྲབ་ཀྱིན་འདུག ཀུན་ཀྱིས་ལག་ཏུ་བསྐྱོར་བའི་ཤེལ་ཕོར་གྱི་ཁ་དོག་དམར་བར་སྣང་ཞིང་། དེའི་མདངས་ཀྱིས་མི་དེ་དག་གི་གདོང་ཡང་དམར་བར་བསྒྱུར་འདུག

རིག་འཛིན་གྱི་མཐོང་ལམ་དུAརིམ་པའི་འབྱོར་ལྡན་པ་ཞིག་གིས་ཁ་དོག་དམར་པོ་ཅན་གྱི་ཁང་བར་ཞབས་བྲོ་འཁྲབ་ཅིང་། Bརིམ་པའི་ཟ་ཁང་སྦྱིན་བདག་ཞིག་གིས་ཀྱང་ཁ་དོག་དམར་པོ་ཅན་གྱི་ཁང་བར་ཐལ་མོ་རྡེབ་པར་བྱེད། རིག་འཛིན་གྱིས་ནན་ཏུར་གྱིས་བལྟས་པ་ན་མི་དེ་དག་གི་འགབ་ཀྱི་ཞི་ལ་དང་ཁྱི་གུ་དེ་ཚོས་དགའ་བའི་རྣམ་འགྱུར་གྱིས་མིག་ཟུང་ཀེམ་ཀེམ་བྱེད་པའི་ཁར། མཆུ་ཏོ་གཡུག་གཡུག་དང་། རྔ་མ་ཀེར་ཀེར་བྱེད་བཞིན་གདའ། རིག་འཛིན་རང་ཉིད་ཀྱིས་མིག་ཟུང་ལ་ཡིད་མི་ཆེ་བའི་ངང་དུ་སླར་ཡང་བལྟས་པ་ན། དེར་འཁོད་ཀྱི་སེམས་ཅན་ཆེ་ཕྲ་དག་གིས་སྨྱོ་བ་ལྟར་ཞབས་བྲོ་འཁྲབ་པའི་ཐོག འགྱུར་ཁུགས་ཡོད་མེད་ཅི་རིགས་སྒོས་གླུ་འང་ལེན་བཞིན་འདུག

 གློ་བུར་དུ་རིག་འཛིན་གྱི་སེམས་སུ་རང་ཉིད་ཀྱང་སྤྲེའུ་ལྟ་བུའི་ལྡེམ་མྱུར་ཅན་ཞིག་གམ། ཞི་ལ་ལྟ་བུའི་ཕྱི་ཚུལ་ལ་གཉོམ་གཤིས་ལྡན་པའམ། ནེ་ཙོའི་ལྟ་བུའི་རྗེས་བརྗོད་ལ་མཁས་པ་ཞིག་གི་ངོ་བོར་བསྒྱུར་དུ་བཏུབ་ན་ཅི་མ་རུང་སྙམ་ཞོར། ཁོག་སྟོད་ཅུང་ཟད་བཏེགས་ནས་ལུས་ཀྱི་འཕག་འཚག་བརྒྱབ། ཡིན་ནའང་། རིག་འཛིན་ནི་ཁང་མིག་དེའི་ཕྱི་རོལ་ན་གནས་པའི་བས་མཐའ་བ་ཞིག་ལགས་པས། Aརིམ་པ་དང་། Bརིམ་པའི་ཞབས་གྲས་པ་ཞིག་ལྟ་ག་ལ། དེ་དག་གི་འགབ་ཀྱི་ཞི་ལ་དང་ཁྱི་གུ་ཆུང་ཆུང་དག་གི་གྲས་སུ་ཡང་ཐོན་མི་འདུག

རིག་འཛིན་གྱིས་བསྐྱར་དུ་མདུན་གྱི་རྩིག་ངོས་ཀྱི་ཨ་རབ་ཀྱི་ཨང་ཀི་དེར་མིག་གཡས་པ་བཙུམས་ཤིང་གཡོན་པས་བལྟས་པ་ན། ཨང་ཀི་དགུ་བ་རང་དུ་མཐོང་ཞིང་། མིག་གཡོན་པ་བཙུམས་ཤིང་གཡས་པས་བལྟས་པ་ན། ཨང་ཀི་དྲུག་པ་རང་དུ་མཐོང་། རྒྱ་ལ་རིག་འཛིན་གྱི་མིག་ཟུང་གཉིས་ཀས་ཅིག་ཅར་དུ་བལྟས་ཚེ་ཅི་ཞིག་ལ་འགྱུར་མིན་གྱི་ཆ་དེ་ལྐོག་གྱུར་ཅིག་ཡིན། 

“ ཝེ། རིག་འཛིན་ཁྱེད་ཀྱིས་རང་གི་པཱ་ལགས་ལ་ཞབས་འདྲེན་ཞུས་སོང་། ”རིག་འཛིན་གྱིས་མགོ་བོ་དགྱེས་པ་ན། ཇོ་ཇོ་སྲི་གཅོད་འགབ་ཏུ་ལངས་འདུག  “ཇོ་ཇོ་ལགས་ལ་དགོངས་དག་ཞུ། མི་སོ་སོར་སྡུག་བསྔལ་རེ་དང་། འཚོ་བ་རེ་ཡོད་པས་གང་ཟག་ཕ་རོལ་བ་ཞིག་གིས་ཚོར་དུ་མི་བཏུབ་པ་ཞིག་རེད། མི་བཏུབ་པ་ཞིག་རེད།”རིག་འཛིན་གྱིས་མིག་ཟུང་རབ་རིབ་ངང་དེ་ལྟར་བཤད་རྗེས། སྲང་ལམ་འགྲམ་གྱི་སྡོང་པོ་ཞིག་གི་གྲིབ་མའི་ནང་བསྡད། ཇོ་ཇོ་སྲི་གཅོད་ཀྱིས་ཕྱི་མིག་དང་བཅས་མདུན་དུ་སོང་རྗེས། རིག་འཛིན་གྱིས་བཟི་གཏམ་གྱི་ཟོལ་དུ་ཆིག་ལབ་བརྒྱབ། ཇོ་ཇོ་མགོ་ལེབ། ངས་པཱ་ལགས་ལ་ཞབས་འདྲེན་ག་རེ་ཞུས་ཡོད་པ་རེད། པཱ་ལགས་ཀྱི་སྐུ་ཚེ་སྟོད་ལ་བོང་བུ་དེད་ནས་གཞིས་བདག་ཚོའི་བདལ་གླར་རྒྱུགས་པ་དང་། སྲིད་འགྱུར་རྗེས་སུ་རྐང་སྒ་རིལ་ཞོན་ནས་ཉིན་རྒྱུན་གཞན་གྱི་ཨར་ལས་ཀྱི་ཞབས་གཡོག་ཏུ་བརྒྱུགས་ནས་སྐུ་ཚེ་རྫོགས་པ་རེད། ཁོང་ལ་ངེད་མ་སྨད་གཉིས་གསོ་རྒྱུའི་འགན་ཡོད་པ་ཙམ་ལས། མི་ཚེའི་ལྟ་བ་དང་ཕུགས་སེམས་གང་ཡང་ཡོད་པ་མ་རེད། ཐ་ན་ཕུ་གྲོང་ཚོའི་སྐྱིད་སྡུག་ཙམ་ཡང་ཞེ་ལ་ཐོགས་མྱོང་མེད།  ང་ལ་མཚོན་ན། རང་གི་འདོད་པ་ཡོད། ལྟ་བ་ཡོད། ཕུགས་བསམ་ཡོད། མ་འོངས་པ་ན། རང་དང་རང་གི་ཁོར་ཡུག་དང་བཅས་པར་མི་ཞིག་གི་རིན་ཐང་བསྐྲུན་འདོད་ཡོད་པས།  ཇོ་ཇོ་མགོ་ལེབ་ཁྱེད་ཀྱིས་ལྟོས་ཨ། ཟེར་ཞོར་གོམ་འགྲོས་འཁྱོར་བཞིན་ཡར་ལངས་ཤིང་། གནས་ལ་ངེས་པ་མེད་ཅིང་། གར་འགྲོ་ལ་གཏད་སོ་མེད་པར་ལམ་དུ་ཆས། 

རྒན་མིག་དམར་ལགས་ཀྱི་གསུང་ལྟར་ན། རིག་འཛིན་ཕུ་གྲོང་ཚོའི་སློབ་གྲྭར་ཡོད་སྐབས་ཤེས་པ་ཐང་ཐང་མིན་པའི་ཁར། རྫི་གསང་མི་དོད་ཅིང་། མི་གཞན་ལ་འགྲོགས་འདྲིས་ཀྱང་བྱེད་མི་ཤེས་པའི་བྱིས་པ་ཁྱད་མཚར་ཞིག་ཡིན་སྐད་འདུག དཔེར་ན། རྒན་མིག་དམར་གྱིས་སློབ་བུ་ཚོར་སོ་སོའི་ཕུགས་སེམས་དྲིས་པའི་སྐབས་ཤིག་ལ། སློབ་མ་ལ་ལས་མ་འོངས་པ་ན་དཔོན་པོ་ཞིག་འཁྱོངས་པར་འདོད་ཟེར། སློབ་མ་ལ་ལས་ཚོང་པ་ཞིག་འཁྱོངས་པར་འདོད་ཟེར། སློབ་མ་ལ་ལས་སྨན་པ་ཞིག་འཁྱོངས་པར་འདོད་ཟེར། སློབ་མ་ལ་ལས་དམག་ཅིག་འཁྱོངས་པར་འདོད་ཟེར། སློབ་མ་ལ་ལས་དགེ་རྒན་ཞིག་འཁྱོངས་པར་འདོད་ཟེར། སློབ་མ་ལ་ལས་མཁས་པ་ཞིག་འཁྱོངས་པར་འདོད་ཟེར།  སློབ་མ་ལ་ལས་གྲྭ་བ་ཞིག་འཁྱོངས་པར་འདོད་ཟེར་བ་སོགས་སྐད་སྣ་ཚོགས་རྒྱག་དུས། རིག་འཛིན་གྱིས་ཅི་ཡང་མི་སྨྲ་བར་གདོང་མདུན་ཅོག་སྟེང་ལ་ཕབ་ནས་བསྡད་པ་ན།

རྒན་མིག་དམར་གྱིས“ཝེ། རིག་འཛིན་རང་མི་ག་འདྲ་ཞིག་འཁྱོངས་པར་འདོད་དམ།”“རྒན་ལགས། ང་མི་ཞིག་འཁྱོངས་པར་འདོད།”དེ་སྐད་སྨྲས་པ་ན།  སློབ་ཁང་ནང་གི་དགེ་སློབ་གཉིས་ཀར་གད་མོ་ཤོར། རྒན་མིག་དམར་གད་མོ་དགོད་ཞོར།“ཡ། སློབ་གྲོགས་རིག་འཛིན། མ་འོངས་པ་ན་ཁྱེད་ཅི་ཞིག་འཁྱོངས་ན་འདོད། ངེད་དགེ་སློབ་ཚོར་བསྐྱར་དུ་ཤོད་དང་།”“རྒན་ལགས། ང་མ་འོངས་པ་ན་མི་ཞིག་འཁྱོངས་པར།”གོང་གི་དྲིས་ལན་དེ་བསྐྱར་དུ་བཟླས་པ་ན། དེར་འཁོད་ཀྱི་སློབ་བུ་ཚོར་བསྐྱར་དུ་དགོད་ཁ་ཤོར་མོད། ཐེངས་འདིར་རྒན་མིག་དམར་གྱི་གདོང་ཅུང་ཟད་འགྱུར་ནས།“རིག་འཛིན། གཟབ་ནན་གྱིས་ལན་ཐོབས་ཨ། འདིར་བཞུགས་ཀྱི་དགེ་སློབ་དག་ལ་གུས་བཀུར་ཡོད་པ་གྱིས། རང་སྐད་ཆ་ཆོབ་ཚ་བོ་གང་བྱུང་མང་བྱུང་བཤད་ན་འགྲིག་གི་མ་རེད་ད།”“རྒན་ལགས། ང་མ་འོངས་པ་ན་མི་ཞིག་འཁྱོངས་པར་འདོད།”ཅེས་བསྐྱར་དུ་བཤད་པ་ན། དེར་འདུས་ཀྱི་སློབ་གྲོགས་དག་གིས་ཕན་ཚུན་གྱི་གདོང་ལ་ལྟ་ཙམ་བྱས་ཏེ་རྒན་མིག་དམར་ལ་བལྟས་པ་ན། རྒན་མིག་དམར་གྱིས་མགོ་བོ་སྤྲུག་སྤྲུག་གནང་བཞིན་སློབ་ཐུན་གྲོལ་བའི་བརྡ་བཏང་།

དུས་དེ་ནས་བཟུང་ཕུ་གྲོང་ཚོའི་མི་དག་གི་སེམས་ངོར་རིག་འཛིན་ནི་ཤེས་པ་ཐང་ཐང་མ་ཡིན་པའི་གླེན་པ་ཞིག་ཏུ་སྣང་ཞིང་། མི་ཀུན་གྱིས་འཕྱ་བའི་ཚུལ་གྱིས་རིག་འཛིན་གྱི་མིང་ལ་མ་འོངས་པའི་མི་ཞེས་འབོད། ཉི་མ་དེ་ནས་བཟུང་རིག་འཛིན་གྱི་པཱ་ལགས་ཀྱིས་ཀྱང་རང་གི་བུ་གཅིག་པོ་གླེན་པ་ཞིག་ཏུ་མཐོང་ཞིང་སེམས་ཞུམ་པར་གྱུར། ཁོང་འདས་ཁར་ཡང་ཇོ་ཇོ་སྲི་གཅོད་ལ་རང་གི་བུ་ཐུགས་ལ་འདོགས་དགོས་པའི་ཞལ་ཆེམས་བཞག་མྱོང་།

པཱ་ལགས་འདས་པའི་རྗེས་སུ་རིག་འཛིན་སློབ་གྲྭ་ལས་བུད་ཀྱང་། དཔེ་ཆར་ལྟ་བའི་དུས་ཚོད་བར་མ་ཆད་མོད། འཚོ་བ་སྐྱ་ཟད་སྔོ་རྡུགས་སུ་སོང་བ་དང་བསྟུན། ཕུ་གྲོང་ཚོའི་མི་དག་གི་མིག་གི་ལམ་ནས་སྔར་ལས་ཀྱང་དམན་པའི་སར་ལྷུང་བ་དང་བསྟུན། རིག་འཛིན་གྱིས་ཉིན་མཚན་མེད་པར་ཨ་རག་འཐུང་ནས་ལོག་པའི་ལམ་ལ་ཞུགས།
           

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།