ཏོག་དབྱིབས་ནད་དུག་ལ་བྲིས་པའི་བཅད་རྩོམ་རིང་མོ་ཞིག

4672


རྩོམ་པ་པོ། རག་རྡོ་རིན་པོ་ཆེ་བློ་བཟང་བསྟན་འཛིན་ལགས།



ཨོཾ་ཨ་ཧཱུབཛྲགུརུམཧཱཀྲོངྷཡ། 

རྨད་བྱུང་ཐུགས་བསྐྱེད་ཆུ་འཛིན་ཀློང་ཡངས་ལས།། 
ཕྲིན་ལས་ཉལ་འགྲོ་རྒྱུན་མི་ཆད་པ་ཡིས།།
མི་ཟད་དུས་ཀྱི་ཚ་གདུང་མ་ལུས་པ།།
བཅིལ་མཛད་མཚོ་སྐྱེས་རྡོ་རྗེའི་ཞབས་ལ་འདུད།། 
རྣམ་དཔྱོད་འདྲེན་བྱེད་སྟོང་གིས་དུས་གསུམ་གཟིགས།། 
མཐུ་སྟོབས་རྡོ་རྗེའ་འབར་བས་དགྲ་མགོ་འགེམས།། 
བྱམས་བརྩེའི་ཕྱག་གིས་སུམ་བརྩེན་བོད་ཁམས་སྐྱོང་།།
ས་ཡི་བརྒྱ་བྱིན་ཁྲི་སྲོང་ལྡེའུ་བཙན་རྒྱལ།།
བྱམས་པའི་ཕྱག་གིས་བསད་པའི་མི་རོ་བློང་།།
མཚན་གྱི་བསིལ་ཟེར་རེག་པས་ལས་ཅན་གྱི།།
སྙིང་གི་ཀུནྡ་རྒྱས་པའི་མཁར་ཆེན་བཟའ།།
རྒྱལ་ཀུན་གསང་བའི་མཛོད་འཆང་མ་ལ་འདུད།།
དུས་རབས་གཟུགས་འཁྲིག་ལོ་ཡི་མགོ།།
བྱི་བ་ས་ལ་རྒྱུ་དང་ལྷན།།
དུས་ནད་ལག་མང་ཏོག་དབྱིབས་ཞེས།།
ཆེ་རྒུའི་མགོ་ལ་ཅོད་པན་བྱས།།
རྐང་གཉིས་གཡོ་མེད་དམ་དུ་བཅིང་།།
སྟོབས་དང་འབྱོར་དང་འཕྲུལ་ཐབས་དང་།།
རྣམ་དཔྱོད་ཤེས་རབ་མཐུ་རྩལ་རྣམས།།
གཟུགས་མེད་ལག་མང་ཁོ་ནས་བཅོམ།།
གཟུགས་མེད་སྲིན་ལ་འཇིགས་སྐྲག་ནས།།
གཟུགས་ཅན་འབྲོས་དང་གབ་ས་འཚོལ།།
སྡིག་ཅན་རྒྱལ་པོས་བརྩེས་པ་ན།།
ཆོས་ལྡན་རྒྱལ་པོ་དྲན་པའི་དཔེས།།
དེང་སང་བདག་པོས་སྟོངས་པ་དང་།།
རྡུལ་གྱི་ཁྲོད་དུ་གཟིམས་པ་ཡི།།
སྔོན་རབས་འགའ་ཡི་ཟུངས་ཁྲག་ཅིག །
རེས་འགའ་སྙིང་ལ་རྒྱུ་བ་ཚོར།།

          གླེང་གཞི།།
 
སྔོན་དུས་་མཁན་སློབ་ཆོས་གསུམ་འཛོམས།།
གཙུག་ལག་ཁང་བཞེངས་དམ་ཆོས་སྒྱུར།།
དུས་བཟང་སྤྱོད་པ་གཙང་མོད་ཀྱང་།།
མ་འོངས་བོད་ཁམས་ནད་མཚོན་ལས།།
སྐྱོབས་སླད་མི་རྗེ་ཁྲི་སྲོང་དང་།།
མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་གྱིས།།
གྲུབ་ཐོབ་ཀུན་གཙོ་མཚོ་སྐྱེས་རྗེར།།
གསོལ་བཏབས་ཐུགས་རྗེས་རྗེས་བཟུང་ནས།།
དུས་ཆད་ནད་མུག་འཁྲུགས་རྩོད་ཞི་།།
རྒྱལ་བསྟན་བོད་ཡུལ་སྐྱོང་བའི་ཐབས།།
ཆོས་ནོར་སྨན་རྩིས་ཟབ་དགུའི་གནད།།
རྗེ་འབངས་དག་པའི་འཁོར་ལ་གཏད།།
རི་བྲག་གངས་མཚོར་གཏེར་དུ་སྦས།།
འདོན་པའི་དུས་སོགས་ལུང་བསྟན་མཛད།།
དུས་ངན་ནད་ངན་དར་བ་ན།།
རྒྱུད་ལས་མ་གསུངས་ནད་སྣ་མང་།།
དུས་ཀྱི་རྣམ་འགྱུར་ཅི་ཡང་སྟོན།།
དེ་བཞིན་བཅོས་ཐབས་དབྱེ་བ་མང་།།
དེ་ཕྱིར་གཏེར་མ་ཟབ་ཁྱད་འཕགས།།
དེ་ཕྱིར་བདུད་རྩི་བུམ་པ་དང་།།
བླ་མ་དགོངས་འདུས་རཏྣ་གླིང་གི །
ཕུར་པ་ཡང་གསང་ཉི་དབང་གི།
ཁྲོས་མ་གུར་དྲག་ལས་ཚོགས་སོགས།།
ལས་ཅན་རྗེ་འབང་སྤྲུལ་པ་སྟེ།།
ལུང་བརྙེས་གཏེར་སྟོན་དུ་མ་ཡི།།
ཆོས་སྐོར་རིན་ཆེན་བང་མཛོད་ལ།།
སྤྱོད་པའི་སྐལ་པ་ལྡན་གྱིས་ལ།།
སྟོར་བའི་ཕྱོགས་སུ་བཙལ་བར་གྱིས།། །
 
       གཉན་གྱི་རྒྱུ།།

སློབ་དཔོན་ཆེན་པོས་དྲིས་ལན་དུ།།
ཨེ་མ་ཇོ་མོ་མཁར་ཆེན་བཟའ།།
སེམས་ཅན་མ་རིག་སྡོང་པོ་ལ།།
ཉོན་མོངས་དུག་ལྔའི་ལོ་འདབས་རྒྱས།།
མི་དགེ་སྡིག་སྤྱོད་ལོ་ཏོོག་འཁྲུངས།།
རྣམ་སྨིན་འབྲས་བུ་ནད་དུ་སྨིན།།
འཛམ་བུ་གླིང་གི་གཞི་གསུམ་འཇོམས།།
སྙིགས་མའི་དུས་ཀྱི་སེམས་ཅན་རྣམས།།
ལོག་པའི་འཁྲུལ་འཁོར་སྣ་ཚོགས་སྤྱོད།།
སྔགས་པ་རྩ་བའི་དམ་ཚིག་ཉམས།།
བཙུན་པ་རྩ་བའི་འདུལ་ཁྲིམས་ཉམས།།
སྐྱེ་བོ་ངོ་ཚ་ཁྲེལ་ལས་བུད།།
དགེ་བཤེས་འཁྲུགས་པའི་ཡོ་ལོང་བྱེད།།
སྟོན་པའི་དམ་ཆོས་ཟོང་དུ་བཙོང་།།
རྣལ་འབྱོར་ཐོ་ཅོས་ཉ་མ་སླུ།།
སྒོམ་ཆེན་རྫུན་གྱིས་བུད་མེད་གསོ།།
བླ་མ་དཀོན་མཆོག་རྒྱབ་ཏུ་བསྐྱུར།།
བདུད་དང་མུ་སྟེགས་དང་དུ་ལེན།།
འཇིག་རྟེན་ལྷ་འདྲེ་སྲོག་གིས་མཆོད།།
དེ་འང་དོན་ནི་འདི་ལྟ་སྟེ།།
མུ་སྟེགས་གདུག་པའི་རྫས་སྦྱོར་དར།།
སྐྱེ་བོ་མནའ་འཐབ་གཤན་དམར་བྱེད།།
འབྲུབ་ཆུ་རྣམས་ནི་རྫིང་དུ་བསྐྱིལ།།
མཚོ་མོ་ཐམས་ཅད་ཡུར་དུ་དྲངས།།
ནགས་ཀླུང་མྱ་ངམས་ཐང་དུ་བསྒྱུར།།
རང་བྱུང་གཏེར་གྱི་ཡུལ་ཟུངས་ཕྱུང་།།
སོལ་རླུང་བཞོབས་ཀྱི་དུད་ངན་དང་།།
རྫས་ངན་བསུར་དུད་ན་བུན་འཕྱུར།།
མཁའ་དབྱིངས་རྡོ་རྗེའི་གུར་ཁང་གཏོར།།
དྲོད་ཀྱིས་སྲིད་པའི་གངས་རྒན་དང་།།
འཛམ་གླིང་ཏོག་ཞབས་འཁྱག་རུམ་བཞུར།།
ཞིང་དང་ལོ་ཏོག་དུག་གིས་དྲན།།
ཁ་ཆར་དུག་མཚོན་རྣོན་པོ་འབབས།།
ས་འོག་ཆུ་གཏེར་དུག་ཏུ་བསྒྱུར།།
འདོད་སྲེདའབར་བའི་མེ་དཔུང་གིས།།
རང་བྱུང་ཟོངས་རྣམས་ཐལ་བར་བསྲེག །
དམྱལ་མེས་བསྲེག་པའི་མེ་དྲོད་དེ།།
ད་ལྟའི་ལྟོ་བར་འབར་བ་ཡིས།།
བྱིངས་དང་མཁའ་ལ་རྒྱུ་བ་ཡི།།
ཉེས་མེད་དུད་འགྲོ་གསོན་པོར་ཟ།།
ཕ་རོལ་གསོད་པའི་མཚོན་ཆའི་རྣོ།།
རྡུལ་ཕྲན་ཕྲ་རབ་རྡུལ་ཕྲན་མཚོན།།
འཛམ་གླིང་སྐད་ཅིག་བརླག་པའི་སྟོབས།།
ཕན་བདེའི་རྒྱུ་ལྟར་སྤེལ་ལ་འགྲན།།
འགོས་རེག་དྲི་ཡིས་ཚོར་མ་ཐག །
དོན་སྣོད་ཤ་ཁྲག་རུལ་ཅིང་མྱག །
འཛག་པའི་རྫས་ཀྱི་སྦྱོར་བ་ནི།།
ད་ནི་གདུང་སེལ་སྨན་ལས་མོད།།
མི་མངོན་ནད་ཀྱི་དམག་གི་དཔུང་།།
གསོ་བའི་བང་མཛོད་ས་བླ་དང་།།
ས་འོག་ཀུན་ལ་གཏེར་རྡོལ་བས།།
དབུགས་དང་ལྷན་ཅིག་སྲོག་རྩར་རྒྱུག །
དེ་རིང་རྒྱ་དང་ཨ་རི་བ།།
ལེ་ཁག་ཕར་ཚུར་འགེལ་ན་ཡང་།།
ལོག་པའི་སྤྱོད་ངན་སྣ་ཚོགས་ཀྱིས།།
རང་གི་སྤྱོད་པས་རང་ཉིད་ཕུང་།།
 
          རྐྱེན།།
 
ཡ་བདུད་རྒྱལ་པོ་གཟའ་མཆོག་ཁྲོས།།
མ་བདུད་རྟིང་ཁམས་མ་མོ་འཁྲུགས།།
གདུག་པ་ཅན་གྱི་ཁ་རླང་འཕྲོས།།
ནད་ཀྱི་ཁ་རླང་སྤྲིན་དུཆགས།།
ནད་མཚོན་མུ་གེ་ཆར་ལྟར་འབབ།།
མཛེ་དང་དམུ་ཆུ་གཉན་ནད་དང་།།
རུས་ནད་ནག་པོ་མཛེ་ཡིས་འཛིན།།
ཁྲག་ནད་དམུ་ཆུ་རྫིང་དུ་འཁྱིལ།།
ཤ་གནད་དོན་སྙིང་གཉན་གྱིས་རྨུག །
 
        ངོ བོ།།

ལྔ་བརྒྱ་དུས་ཀྱི་ཐ་མ་རུ།།
དེ་འདྲའི་སྤྱོད་ངན་བྱ་ངན་གྱིས།།
རྒོད་མ་ཁ་དངགློག་མ་སྤྲིན།།
སྐར་མདའ་གདོང་གསུམ་འཁྲུགས་པ་དང།།
སྲིད་པར་དབང་བའི་མ་མོ་ཡིས།།
ཁྲོས་པའི་དལ་ཡམས་ཁ་རླང་གཡོས།
ཧ་ལ་ཅོག་འགྱེལ་ཞེས་བྱ་བ།།
ཤིན་ཏུ་མ་རུང་འཇིགས་པའི་ནད།།
ཏྲེ་ཏྲེ་ཧོ་ཞེས་བྱ་བཡི།།
པརྤ་ཏ་སྟེ་སྲིན་འབུའི་གཟུགས།།
རྩངས་པ་ཁ་ཆེ་སྦྲུལ་མཇུག་འདྲ།།
རྟ་བླ་ལྟ་བུ་ཡན་ལག་མང་།།
སྲིན་འབུའིགཟུགས་ཅན་མཁའ་ལ་འགྲིམ།།
 
         འཇུག་སྒོ།།
 
སྟོང་པའིགཟུགས་ཅན་རླུང་ལ་ཞོན།།
དྲི་མར་ཞོན་ནས་སྣ་ནས་འཇུག །
མཐོང་སྣང་འཁྲུལ་སྟངས་མིག་ནས་འཇུག །
གྲགས་པའི་སྣང་ཐབས་རྣ་བ་ནས།།
ཟས་རོར་འཁྲིལ་ནས་ལྕེ་རྩ་ནས།།
རེག་པར་འཁྲིལ་ནས་བ་སྤུར་འཇུག །
གྲིབ གདོན་ལ་བརྟེན་བུ་ག་གཞན།།
ལན་ཆགས་ལ་བརྟེན་སྲིན་མཛུབས་རྩ།།
ཁོང་པར་ཚུད་ནས་ལྡང་བས་གསོད།།
ཁ་འཛུམ་སོ་གཙེགས་ལྟག་དགྱེ་ན།།
ན་ལོངས་མེད་པར་སྲོག་ལ་རྒོལ།
ཞག་ལྔ་བདུན་ལས་མི་རིང་འགུམ།།
དེ་ནི་ཁྲག་ནད་གཉན་གྱི་རིགས།།
རླུང་གི་རྟར་ཞོན་སྲོག་རྩར་རྒྱུགས།།
ཚ་བའི་དབལ་ལྡན་དོན་སྣོད་འཇོམས།།
དོནསྣོད་ཀླད་མཁྲིས་ཉ་ལ་འབབ།།
དེ་ཕྱིར་ནག་པོ་སུམ་སྒྲིལ་ཞེས།།
སྲིན་གྱིས་སྣ་ཁྲིད་ཀུན་ཏུ་རྒྱུག །
དེ་ཕྱིར་པརྤ་ཏ་ཞེས་བྱ།།
རྒྱུ་ནི་དེ་ཉིད་ཁོ་ནར་ཡང་།།
ཉེས་གསུམ་སྡོངས་ཟླ་ཕོགས་སའི་གནས།།
བབས་སའི་ཡུལ་དང་འགོ་བའི་རྐྱེན།།
སྡོངས་སའི་གདོན་གྱིས་དཔག་མེད་འགྱུར།།
 
            འཇུག་ཚུལ།།
 
ནད་འདི་སྤང་ལ་མེ་མཆེད་འདྲ།།
འགོ་མགྱོག་འཆི་སླ་གསོ་བ་དཀའ།།
རེས་འགའ་ཐོག་བབས་རེ་ཟུང་ན།།
འགའ་རེ་གློག་འཁྱུག་ཁོལ་རྒྱུགས་བྱེད།།
འཛམ་བུ་གླིང་གི་སུམ་ཆ་འཇོམས།།
ཐོས་པ་ཙམ་གྱིས་འཇིགས་སྙིང་འདར།།
དྲན་པ་ཙམ་གྱིས་གློ་སྙིང་འཕྱོ།།
ཅི་ཤ་ཟ་ཞིང་མི་བཟོད་པ།།
དངས་སྐྲག་རྣམ་རྟོག་འཁུ་འཁྲིག་གིས།།
དྲན་པ་གང་ཉམས་དེ་ལ་འཇུག །
བསོད་ནམས་གང་ཆུང་དེ་ལ་འདེབས།།
འགྲོ་འདུག་རྐྱེན་ངན་དེ་དང་འཕྲད།།
བྱ་བྱེད་གང་མང་ཡུལ་དེར་སྡང་།།
ཏིང་འཛིན་གང་གསལ་དེ་ལས་འཛོལ།།
རྫས་སྲུང་གང་ཟབ་དེ་ལས་འབྲོས།།
 
       སྲུང་ཐབས།།
 
ནད་ལ་སྨན་གྱིས་བཅོས་པ་བས།།
ནད་འགོག་བྱེད་པ་བཅོས་མཆོག་ཅེས།།
མནའ་དེང་ཀུན་ལ་རླུངལྟར་ལྟར་གྲགས།།
འདི་ན་བདུད་རྩི་བུམ་པ་སོགས།།
བཀའ་གཏེར་འགར་གསུངས་སྲུང་ཐབས་ཀྱི།།
ཁོག་ཙམ་གླེང་ཀྱི་ཞིབ་པར་མིན།།
སྲུང་དབེན་བག་མེད་རིམས་བཅོས་པ།།
གཅེར་བུར་དམག་གདོང་གཡུལ་འགྱེད་འདྲ།།
དེ་བས་སྨན་པ་ནད་གཡོགས་དང་།།
ནད་མེད་བསྲུངས་ཤིང་ནད་ཅན་བཅོས།།
ཅོག་འགྱེལ་ནག་པོ་སུམ་བསྒྲིལ་ལ།།
སྲུང་ཐབས་རྣམ་པ་གསུམ་ཡོད་དེ།།
ཕྱི་ནང་གསང་བའི་སྲུང་བ་བཤད།།
ཕྱི་སྲུང་སྤྱོད་ལམ་ཆོ་གས་སྲུང་།།
ནང་སྲུང་ཟ་གུ་གྱད་ཀྱིས་བསྲུང་།།
གསང་སྲུང་ལྟ་སྒོམ་སྤྱོད་པས་སྲུང་།།
དང་པོ་ཕྱི་ཡི་སྲུང་བ་ནི།།
འཁོན་འཐབ་སྣོལ་གྲིབ་བཙོག་ལ་འཛེམས།།
དུས་ཀྱི་རིམ་གྲོ་སྲུང་མ་བཅོས།།
ཆོས་སྤྱོད་དགེ་ལ་བརྩོན་པར་བཤད།།
དཀར་ཆོས་གསུང་རབས་སྒྲག་པ་བསྔགས།།
སྡིག་སྤྱོད་ལོག་པའི་ལས་ལ་འཛེམས།།
དུས་མིན་ཆགས་སྤྱོད་ཉིན་གཉིད་དང་།།
མི་འཕྲོད་ངལ་དུབ་ཟས་ངན་སྤང་།།
ནང་དུ་ཟུ་གུ་འཛུད་པ་དང་།།
མཐའ་བཞི་གྱད་ཀྱིས་སྐོར་ལ་བསྲུང་།།
དཔའ་བོ་དགུ་ཡི་ཟུ་གུ་ནི།།
ལྟོ་སྟོང་དྲོ་ལ་ནང་དུ་གཞུག །
བྱུགས་པའི་གྱད་ཀྱིས་གསང་སྒོ་བསྲུང་།།
ཕུར་མའི་གྱད་ནི་མགུར་དུ་གདག །
སྔགས་ཀྱི་གྱད་ནི་དྲོ་ལ་བཟླ།།
འཁོར་ལོའི་གྱད་ནི་ལུས་ལ་བཅང་།།
གང་ཡང་མ་ཚང་མེད་པ་གཅེས།།
དེས་ནི་ནད་ཀྱི་འཇིགས་དང་བྲལ།།
དེ་འང་ནད་ཀྱི་མཚོན་ཆ་ལས།།
སྲུང་བ་མདངས་ཀྱི་གོ་ཁྲབ་ནི།།
རང་དང་ལྷན་ཅིག་སྐྱེས་ནས་ཡོད།།
འདི་ཉིད་སྲུང་དང་སྤེལ་ལ་འབད་།།
འདི་ཉིད་མི་ཤེས་གཞན་ལ་རེ།།
རྒྱལ་བུ་སྤྲང་ལ་འཁྱམ་པ་འདྲ།།
དེ་ཉིད་འཛད་པའི་གཙོ་བོའི་རྒྱུ།།
སེམས་ཀྱི་མྱ་ངན་སྡུག་བསྔལ་དང་།།
ཞུམས་དང་དངས་དངའཇིགས་པར་གསུངས།།
གྲོགས་མེད་ཁེར་རྐྱང་སྡོད་པདང་།།
གཞན་རྣམས་རྒྱང་རིང་སྐྲད་པ་དང་།།
ཀུན་ལ་འཁུ་དོགས་སྐྲག་དང་ཞུམས།།
དེ་འང་ནད་འགོག་སྲུང་སོ་ལོ།།
རྒྱུ་འདི་ཀུན་གྱིས་འབད་པས་སྒྲགས།།
སྡུག་བསྔལ་རྩ་བ་ངར་འཛིན་དང་།།
རང་ཉིད་གཅེས་འཛིན་སྤུན་གཉིས་པོ།།
སྣ་ཚོགས་ཐབས་ཀྱིས་རྒྱལ་སར་འདོན།།
དགྲ་བོའི་མཚོན་ལ་སྐྲག་དྲགས་ནས།།
སྲུང་བའི་གོ་ཁྲབ་བོར་བ་འདྲ།།
དེ་ཕྱིར་འབད་པ་དུ་མ་ཡིས།།
གོ་ཆ་མི་ལྷོད་བརྟན་པའི་ངང་།།
དགྲ་ལ་མཚོན་ཆ་སྣུན་པ་ནི།།
བློ་ལྡན་དཔའ་བོའི་རང་གཤིས་ཡིན།།
ཐ་ན་ད་ལྟ་ལ་སོམས་དང་།།
དམྱལ་སོགས་ཁས་མི་ལེན་ཀྱང་འཚེངས།།
ཁྱོད་ཀྱིས་གཟུགས་མཐོང་འཕྲུལ་འཁོར་དང།།
གཉེན་གཅིག་ལག་འཛིན་སྒྲ་འབྱིན་ལས།།
དངོས་སུམ་མྱོངས་བས་དབུལ་པོ་དང་།།
ཟས་གོས་གྱིས་བོར་ཉམས་ཐག་གི །
གཟུགས་ལྟོས་ཆོ་ངེ་རྣ་བས་ལ་ཉོན།།
བརྩོན་པས་ལྕོག་ན་སྦྱིན་པ་ཐོངས།།
དེ་ནི་སྦྱིན་དང་བྱམས་པའང་ཡིན།།
ཐ་ན་དེ་ཚོའི་སྡུག་བསྔལ་སོམས།།
སྡུག་སེམས་སྙིང་རྗེའི་ངོ་བོ་དང་།།
དེ་ནི་ཐེགས་ཆེན་རྒྱུ་འབྲས་གསུངས།།
འདིས་ནི་ཁྱོད་ཀྱི་མདངས་ཀྱང་འཕེལ།།
ཅི་སྟེ་བཅོས་སུ་ཡོད་ན་ནི།།
དེ་ལ་སྡུག་བསྔལ་བྱ་ཅི་དགོས།།
གལ་ཏེ་བཅོས་སུ་མེད་ན་ནི།།
དེ་ལ་སྡུག་བསྔལ་བྱས་ཅི་ཕན།
ཅི་སྟེ་སྡུག་བསྔལ་མི་འདོད་ན།།
དེ་རྒྱུ་འབད་དེ་སྤང་བར་བྱ།།
སྡུག་བསྔལ་རྒྱུ་འབྲས་གཉི་ག་ལ།།
རྒྱུགས་པའི་འགྲོ་ལ་སྙིང་རྗེ་བསྐྱེད།།
དམར་ཟས་མྱོས་གྱུར་དག་ལ་འཛེམས།།
སྤྱོད་ལམ་དབེན་སར་བྱང་བསྟན་ཉལ།།
འགྲུལ་སྲུང་ཐབ་གཞོབ་བུད་མེད་འཛེམས།།
ཟས་སྐོམ་གཉིད་ཀྱིས་ངོམས་པར་བྱ།།
རྒྱལ་བའི་བཀའ་བསྒྲགས་སྦྱིན་སྲེག་དང་།།
ཆབ་གཏོར་རྟེན་གསུམ་ཡུལ་ཁྲུས་དང་།།
བསང་གསོལ་མནོལ་དང་མི་གཙང་སྦྱངས།།
འདྲ྄ེ་རྡུང་གདོན་འདུལ་མི་བྱ་བར།།
གཟའ་མདོས་བསྐང་མདོས་གདོན་གྲོལ་དང་།།
གྲིབ་མདོས་བསུར་བསྔོ་ཡས་ཀྱི་རྫོང་།།
སྙིང་རྗེས་ཀུན་ནས་བླང་བ་ཡིས།།
འགྲོ་ལ་ཕན་བདེ་རྒྱ་ཆེན་སྒྲུབས།།
ཁས་བླང་དམ་སྡོམ་ནག་ནོག་རྣམས།།
རང་སེམས་མེ་ལོང་ངོས་ལ་ལྟོས།།
བཤགས་སྡོམ་བྱི་དོར་སྦྱོང་ལ་འབད།།
སངས་རྒྱས་མཆོད་དང་འཕངས་ལ་སྦྱིན།།
ཞིང་མཆོག་གཉིས་ཞེས་ཐུབ་པས་གསུངས།།
སངས་རྒྱས་ཆོས་འགྲུབ་འདྲ་བ་ལ།།
རྒྱལ་གུས་སེམས་ཅན་ལ་མིན་པ།།
སུ་ཡི་ལུགས་ཅེས་མཁས་རྣམས་བཤུངས།།
རྒྱལ་བའི་སྤྱོད་ལ་མོས་པ་ལ།།
རྐྱེན་ངན་བྱང་ཆུབ་ལམ་སྒྱུར་ཞེས།།
ཡུལ་དུས་གནས་སྐབས་འདི་འདྲ་དཀོན།།
ཁ་སྐྱུང་སྙིང་པོ་ལོན་པར་གྱིས།།
སྲུང་བྱ་ང་དང་སྲུང་བའི་ནད།།
ནད་རྒྱུ་སྲིན་དང་ཟུག་རྔུ་ནད།།
རྒྱུ་འབྲས་ངོ་བོ་བྱ་བྱེད་རྣམས།།
རྒྱལ་བས་རྨི་ལམ་སྒྱུ་འདྲར་གསུངས།།
 
དེའང་བཀའ་གཏེར་རྒྱ་མཚོ་ལས།།
བྱང་ཆུབ་སྒྲུབ་པའི་མྱུར་ལམ་གཙོ།།
སྐྱེད་རྫོགས་ཟབ་མོར་ལས་ཚོགས་མང་།།
ཁྱད་པར་དུས་མཐར་ཐུགས་བསྐྱེད་ཀྱིས།།
རྟ་ཕྱག་ཁྱུང་རིགས་ལོ་གྱོན་མ།།
ཡང་སྒོས་བོད་ཀྱི་ལས་དབང་དང་།།
འབྲེལ་བ་དྲིན་ཅན་མཚོ་སྐྱེས་རྗེའི།།
སྒྲུབ་ཐབས་གཏེར་དང་དགོངས་གཏེར་ལས།།
ཉེ་བརྒྱུད་གུར་དྲག་ཁྱུང་ཞོན་དང་།།
གྲོ་ལོད་རྟ་ཁྱུང་འབར་བ་དང་།།
གུ་རུ་ཡང་ཁྲོས་འཇམ་དཔལ་ནག །
གུར་དྲག་མེ་ཡི་སྤུ་གྲི་སོགས།།
སྒྲུབ་ཐབས་སྔགས་དང་ཟ་ཡིག་དང་།།
རྫས་སྲུང་སྲུང་འཁོར་ལས་ཚོགས་མོད།།
སྣོད་རུང་ཞིང་ས་གཤིན་པོ་རུ།།
བྱང་ཆུབ་ལོ་ཏོག་སྨིན་པའི་ཞར་།།
ལས་ཚོགས་ལོ་སྡོང་གཞན་དོན་གྱིས།།
 
དེ་ཡང་རྡོ་རྗེའི་གུར་ཁང་སོགས།།
བཀའ་གཏེར་སོ་སོའི་གཞུང་རྣམས་ལས།།
རྫས་དང་ཆོ་ག་སྒྲུབ་པོ་རྣམས།།
ཚད་ལྡན་དངོས་གཙང་འགྱོད་བྲལ་བ།།
བྱུང་དང་མ་བྱུང་ཉིད་ལ་རགས།།
གཞུང་བཞིན་བཅོས་དང་སླུ་སྲིད་ན།།
ང་ཡིས་ཤེས་ཞེས་ཁག་ཐེག་མཛད།།
འགའ་རེས་རྫས་སྔགས་འཁོར་ལོ་ཡིས།།
འགོག་ན་ཡུལ་འདིར་ནད་དང་རིམས།།
འབྱུང་བ་མི་འཐད་ཟེར་ན་ཡང་།།
བརྒྱུད་ལྡན་ཞལ་ནས་སྙན་དུ་བརྒྱུད།།
སྨིན་གྲོལ་བསྙེན་སྒྲུབ་ཚད་དུ་འཁྱོལ།།
རྫས་སྔགས་ཏིང་འཛིན་ལྡན་ན་ཐུབ།།
སྒྲུབ་དྲོད་བརྙེད་ན་སྔགས་་ཀྱིས་འཇོམས།།
མཐོང་བརྒྱུད་མ་ནོར་རྫས་ཀྱིས་འགོག །
འབྲུམ་རིམས་མི་ཕྱུགས་གག་ལྷོག་ནད།།
སྲུང་བཅོས་རྒྱུན་བཅད་རིམ་པ་ནི།།
མེས་པོ་ནས་བཟུང་ད་ལྟའི་བར།།
མངོན་སུམ་གྱུར་ལ་སུ་ཞིག་སྙོན།།
འོན་ཏེ་ཡང་དག་གནད་མེད་ན།།
མ་དག་སྔགས་་གསེར་ལྷད་ཞུགས་འདྲ།།
རྫས་ཆད་མཚོན་ཆ་ངར་མེད་འདྲ།།
ཏིང་འཛིན་མི་ལྡན་སྲུང་བ་རྣམས།།
འགོག་རློམས་གྱད་པ་སྟོབས་མེད་འདྲ།།
བཀའ་དང་ལུང་སྡུག་བསྙེན་པ་མེད།།
སྔགས་ནི་ཤོག་གུའི་གོ་ཁྲབ་འདྲ།།
སྔགས་ཀྱིས་མ་བརླབས་རྫས་ཚང་ཡང་།།
དྲི་ངན་མི་རྒན་འོག་རླུང་འདྲ།།
དེ་ཕྱིར་གནད་རྣམས་མི་ལྡན་ན།།
རླུན་རྨོངས་ལོག་ལྟ་སྐྱེ་བའི་རྒྱུ།།
དད་བརྩོན་ཤེས་ལྡན་ཡིད་ཆེས་ཤིང་།།
སྙིང་རྗེས་གཞན་དོན་ལྷུར་བླང་ནས།།
རྟེན་འབྲེལ་ཟབ་མོ་འདིར་བསྟེན་ན།།
ཕན་འབྲས་ཐོབ་པ་ལག་བླང་ཡིན།།
ཇི་ལྟར་ནོར་བུ་རང་ལག་ཏུ།།
ཐོབ་ཀྱང་འདོད་གསོལ་མ་བཏབས་ན།།
ཡོན་ཏན་ཅི་ཡོད་རྡོ་གཞན་འདྲ།།
དེ་བཞིན་སྔགས་ཀྱི་ཟབ་གནད་རྣམས།།
གཞན་གྱིས་རྟོགས་དཀའ་མི་བསླུ་བ།།
འཕགས་པའི་སྤྱོད་ཡུལ་བསམ་མི་ཁྱབ།།
ངེས་ཤེས་ཉམས་སུ་ལོངས་་དང་རྙེད།།
ཚུལ་བཞིན་སྒྲུབ་པ་ཉིན་སྐར་འདྲ།།
མན་ངག་ཁྱིར་བསྟན་དོན་མེད་ཡིན།།
ཡོན་ཏན་ཕར་བཙོང་ཆུ་མི་སྟེར།།
དེང་སང་སྙིགས་མའི་སྐྱེ་བོ་རྣམས།།
རང་གི་ནོར་བུའང་རྡོ་རུ་བརྩི།།
གཞན་གྱི་འཆིང་བུའི་ཚལ་པ་ལས།།
ཅི་འདོད་འབྱུང་རེས་ཤི་སྦར་འཐམས།།
ལས་ཀྱིས་བཅོམ་པའི་སྐྱེ་བོ་ལ།།
འབྲས་བུར་སྒུག་ལས་ཅི་བྱ་དབེན།།།
 
          དབྱེ་བ།།
 
རྒྱུ་རྐྱེན་དེ་དག་གིས་སྐྱེད་པའི།།
གཉན་ virus གྱི་དབྱིབས་དང་སྡོངས་བའི་གྲོགས།། 
འབྱུང་བའི་ཁུངས་དང་མཚན་ཉིད་དང་།།
འགོ་བའི་དུས་དང་བབས་སའི་གནས།།
གནོད་བྱ་སོ་སོས་བརྒྱུར་བ་ཡིས།།
མིག་སེར་བལ་ནད་རིམས་ཚད་དང་།།
གཉན་ཚད་ཐོག་བབས་རྒྱུགས་འགྱེལ་དང་།།
ནག་པོ་སུམ་བསྒྲིལ་ཅོག་འགྱེལ་སོགས།།
མིང་གི་རྣམ་གྲངས་བརྗོད་མི་ལོངས།
ཁོ་ཡིས་སྤྲུལ་པ་ཅི་ཡང་སྟོན།།
ཞེས་གསུངས་རིགས་པ་ཚད་མ་ལགས།།
ལྷན་ཐབས་ལས་ནི་བཅོ་བརྒྱད་གསུངས།།
གཏེར་གསར་འགའ་ལས་ཁ་མེད་སོགས།།
དངོས་གསུངས་སོ་དགུ་ཤུགས་བསྟན་མང་།།
དེངས་སང་སར་དང་པི་ལེཀ་དང་།།
ཨ་བྷུ་ལ་དང་ཧན་ཏཱ་དང།།
ཀོ་རོན་ན་དང་ཨེ་ཛི་དང་།།
ཧེ་པི་ཊཱ་ཊི་ལ་སོགས་མང་།།
 
           རྟགས།།
 
འཆི་མེད་བདུད་རྩི་བུམ་པ་ན།།
བརྟག་ཐབས་རྣམ་པ་གསུམ་གསུངསཏེ།།
རིམས་སྤྱིའི་རྟགས་དང་སྒོས་གཉན་རྟགས།།
ཁྱད་པར་གནོད་བྱ་གར་བབས་རྟགས།།
དེའང་རྩ་ཆུ་ན་ལུགས་དང།།
གོམས་པའི་སྒོ་ནས་བརྟག་པ་སྟེ།།
ཁྱད་པར་གསང་བ་ཕུགས་འཚོལ་གྱི།།
བརྟག་ཐབས་རྨད་བྱུང་རིམ་པ་མང་།།
འདི་རུ་མདོ་ཡིའང་ཕྱོགས་སྟོན་ཙམ།།
ལྟ་འདོད་བློ་མིག་ཅན་ཡོད་ན།།
ནོར་བུའི་མེ་ལོང་རྡུལ་ཁྲོད་ལས།།
ཕྱུང་ནས་ཕྱིས་དང་གཟུགས་བརྙན་གསལ།།
གཟུར་གནས་བློ་ལྡན་མཆིས་སྲིད་ན།།
དེང་གི་བརྟག་ཐབསའང་འཕྱང་མོ་ཉུགས།།
 
         བཅོས་ཐབས།།
 
ནད་ལ་བཅོས་ཐབས་དཔག་མེད་ཀྱང་།།
བཅོས་ཚུལ་མི་ལྡན་སྨན་པ་དེ།།
མུན་པའི་ཁྲོད་ན་མདའ་འཕེན་དང་།།
དམུས་ལོང་ལྟད་མོ་ལྟ་བ་འདྲ།།
འདི་ལ་སྒོས་ཀྱི་གཉེན་པོ་དང་།།
བཅོས་ཚུལ་མེད་ན་མཁས་པ་ཡང་།།
ཤ་འབུ་ཚིལ་ལ་ཐུག་པ་འདྲ།།
དེ་ཕྱིར་བདུད་རྩི་བུམ་པ་ལས།།
གསོ་ཚུལ་གདམས་ངག་འདི་ལྟར་སྩལ།།
དེ་ལ་བཅོས་ཐབས་རྣམ་པ་གསུམ།།
གཉན་དང་ཚ་བ་རླུང་དུ་བཅོས།།
དང་པོ་གཉན་གྱི་རི་བོ་བསྙིལ།།
བར་དུ་ཚ་བའི་མེ་དབལ་བསད།།
ཐ་མ་རླུང་བཅོས་ལུས་པོ་གསོ།།
གཉན་གྱི་རི་བོ་བསྙེལ་་བ་ལ།།
བཅོས་ཐབས་རྣམ་པ་གསུམ་ཡོད་དེ།།
རྒྱལ་པོ་གདན་ནས་ཕབས་པ་དང་།།
སྒྱུ་ལུས་དུམ་བུར་གཏུབ་པ་དང་།།
གྱེན་པོ་ཐུན་ཏུ་བཏུ་བ་སོགས།།
སྨན་དང་སྔགས་དང་བྱུགས་གདུགས་སོགས།།
སྒེར་གྱི་གཉེན་པོ་བཅོས་ཐབས་རྣམས།།
རྒྱལ་ཁབ་ཆེན་པོའི་བང་མཛོད་འདྲ།།
སྤྱོད་མཁན་ཡོད་ན་འཛད་པ་མེད།།
འདི་ནི་མཛུབས་མོ་རི་སྟོན་ཡིན།།
དེང་སང་རུས་དྲུད་རང་རིགས་འགས།།
ནད་གསར་སྨན་རྙིང་ཟེར་ནས་དམོད།།
རིག་གསར་ཐབས་རྙིང་ཟེར་ནས་འཕྱ།།
དེས་ན་ཁྱོད་ལ་སྔར་ཟ་བའི།།
རྩམ་པ་བཟས་ནས་རྒྱག་པ་འཚར།།
སྔར་གྱི་དྲི་མ་སྟོར་ཁུང་ནས།།
ཀླད་གསར་དྲི་མ་ཁ་ནས་ལོ།།
མནའ་རབས་སྐོམ་པའི་གཉེན་པོ་ཆུ།།
དེ་རིང་ཟངས་ཞུན་འཐུང་བར་མཛོད།།
མནའ་ནས་ཡོད་པའི་ས་སྒོང་འདིའི།།
རང་བྱུང་ཟོངས་འདི་ཁོ་ན་ལས།།
འཇིག་རྟེན་གཞན་གྱི་རྡུལ་ཙམ་ལའང་།།
ངད་ཅག་ཚེ་འདིར་སྤྱོད་སྐལ་དབེན།།
གལ་ཏེ་གསར་པ་ཁོ་ན་ལ།།
སྤྱོད་པར་དགྱེས་ན་ལམ་ལྔར་གཤེགས།།
ཁྱོད་ཉིད་མཉེས་པ་གསར་རྙེད་སྲིད།།
ལྟོས་དང་ཡངས་པའི་རྒྱལ་ཁམས་ཀྱི།།
གཟུར་གནས་མཁས་པའི་སྤྱོད་ཚུལ་ལ།།
སོམས་དང་མནའ་རབས་གངས་ཅན་པའི།།
རང་བྱུང་སྨན་གྱི་ནུས་པ་ལ།།
དེང་སང་དུས་ནད་འདི་ཡི་ངང་ཚུལདང་།།
འགོག་བཅོས་ཤེས་དང་མི་ཤེས་ཁྱད་མེད་པར།།
ཆོ་ངེ་ཀུ་ཅོས་ས་དང་བར་སྣང་གང་།།
བླང་དོར་གང་ལ་བྱེད་པར་མགོ་བོ་འཁོར།།
ནད་དེའི་དྲི་ཕོགས་མ་ཕོགས་དབྱེར་མེད་པ།།
གབ་སའི་ལྕིབ་ཞིག་རྨི་ལམ་དུ་འང་རྨི།།
ས་སྒང་འདི་ཡི་དབུལ་ཕྱུགས་མ་ལུས་དང་།།
མཁས་བླུན་སྟོབས་ཆེ་ཟད་པ་ཀུན་སྙོམས་པར།། 
དངོས་མེད་སྤྱན་སྔར་པུས་མོ་སར་བཙུགས་ནས།། 
མགོ་ལ་ཅོད་པན་བཅིང་ནས་བཀའ་ལུང་ནོད།།
བརྒྱ་ལྷག་འཚོ་འགའ་ལྷག་པར་འཚོ་རུ་འཇུག །
བྱིས་དར་ལང་ཚོ་ཅན་ཡང་ལྔ་ལམ་བརྫོང་།།
རྫས་མཐུས་དྲེགས་རྣམས་ནུས་མེད་ཐལ་སྐྱར་བསྒྱུར།།
སྲོག་གི་ཆད་མཐུད་འཚོ་རླུང་རྐྱལ་པ་ཡང་།།
སྤྲང་པོའི་ཕྱེ་རྐྱལ་ལ་ནི་འགྲན་པ་བཟོད།།
ནད་བརྒྱ་གསོ་བའི་རྨད་བྱུང་ལྷ་རྗེ་ཡང་།།
དེ་རིང་ནད་འདིས་ཆད་པ་མྱོང་བ་པོ།།
ནད་པར་བྱམས་པས་སྐྱོང་བའི་སྨན་་ཞབས་མ།། 
འདི་ཡིས་གདུག་རྩུབ་མི་བཟོད་མནར་བའི་ཞིང་།། 
གནོད་སྦྱིན་བང་མཛོད་འགྲན་བཟོད་ཕྱུགས་པོ་རྣམས།། 
དེ་རིང་མཛོད་དང་ལྷན་དུ་སྙིང་ཡང་སྟོང་།།
ཉིན་རེར་ཞོ་ཤས་འཚོ་བའི་འཁོས་ཆུང་རྣམས།། 
ཟས་དང་ལྷན་ཅིག་ཆུང་མའི་འཛུམ་དཀར་ནུབ།།
ས་ལ་རྒྱུ་བའི་དོན་མེད་འབུ་སྲིན་མགོར།།
མི་བཟད་རེག་པའི་དུག་གི་ཆར་པ་འབེབས།།
ཀྱེ་མ་ཀྱེ་མ་ལས་ཀྱི་འབྲས་བུ་ལ།།
བདག་གིར་བྱེད་པ་ཉིད་ལས་ཅི་ཞིག་བྱ།།
དེ་འདྲའི་ཡུལ་དུས་གནས་སྐབས་ཀྱི།།
ཁྲོད་དུ་འཚོ་བ་གངས་ཅན་པའི།།
ཁྲག་གི་རྒྱུ་བ་མ་ཆད་པ།།
རག་གན་གསེར་རྡོ་ལས་བྱུང་བ།།
བརྟགས་པས་དྲང་སྲོང་ལྷུང་བ་ཞེས།།
ཐུབ་པས་ཐོག་མར་ཆོས་གསུངསཤིང་།།
བདེན་པ་དང་པོ་མཐོང་བའི་གནས།།
བོད་ཀྱི་གཙུག་ལག་ཁང་དེར་བྲིས།། །།
 
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།