འབར་བློ་དཀར་གྱི་བཅད་མ་ཁག་ལྔ།

14418

 


     མི་ལོ་ཉི་ཤུའི་རྗེས་སུ། 
 
             སྙན་ངག་འདི་ནི་རང་དང་ན་མཉམ་གྱི་གྲོགས་པོ་ཡོང་ལ་ཕུལ།
 
མི་ཚེའི་ལ་ཐུར་མང་པོར་རྒྱུགས་རྒྱུགས་ནས།།
ད་ནི་ཚེ་ཡི་ཉི་མའི་ཕྱེད་ཙམ་ཐོན།།
འཁོར་བའི་གྲུ་ཁྱེམ་མང་པོ་བསྐོར་བསྐོར་ནས།།
ད་ནི་ཕོ་ལོ་ཉི་ཤུའི་སྐས་ཐེམ་འབྱོར།།
ད་བར་ན་ཚོད་ཅིག་གིས་རྐྱེན་ཡིན་ནམ།།
གཅིག་པུར་ལྷིང་འཇགས་འཚོལ་བར་དགའ་བ་དང་།།
མཚམས་རེར་འདས་སོང་ལོ་ཟླའི་གྱང་ངོས་སུ།།
ཕྱིར་དྲན་སུག་བྲིས་མང་པོ་བགྱི་བ་ཡང་།།
སེམས་ངལ་གསོ་བའི་སྟེགས་བུ་ཇི་བཞིན་དུ།།
ཡིད་ཀྱི་གདུང་བ་སེལ་བའི་གྲོགས་དང་འདྲ།།
          
མི་རྣམས་ཕལ་ཆེར་གཞོན་དུས་ཡལ་ཙམ་ནས།།
འདས་དོན་ལ་ཤས་བརྗེད་མེད་སྙིང་ཐུབ་ཀྱི།།
གཏམ་གྱི་དྭངས་མ་ཇི་བཞིན་སེམས་ངོགས་སུ།།
ཡང་ཡང་འཆར་བའི་ངང་ཚུལ་འདི་ཀོ་ནི།།
ཆོས་ཉིད་བདེན་པའི་གཤིས་ལུགས་ཡིན་ནམ་མམ།།
 
འུ་ཅག་ལས་ཀྱིས་སྡོང་མགོར་གཅིག་ལ་མཛོམས།།
སོ་སོའི་དགའ་སྡུག་གོང་བ་བསྟན་རེས་བྱས།།
སླར་ཡང་འདི་ལས་སྡོང་འགོ་གཞན་ཞིག་འཕུར།།
སོ་སོའི་འགྲོད་ལམ་ཕྱིར་མིག་ཐེངས་གཅིག་འཕེན།།
མི་རྟག་བ་མོ་ད་ཡོད་ད་མེད་རེད།།
མི་ཚེ་ཉི་མ་དེ་དང་དེ་བཞིན་རེད།།
སྣང་བ་གཙང་ཞིང་ལོ་ཡང་ཆུང་དུས་སུ།།
སྐྱིད་ན་དེས་ཆོག་སེམས་ངལ་གཞན་ཅི་ཡོད།།
       
འོན་ཀྱང་ད་ཚོད་རྒ་བའི་གྲོང་སྣེར་ཐོན།།
ཚུལ་འདིར་སུ་མི་མགྱོད་ཀྱང་མགྱོད་དགོས་མེད།།
བློ་ཕམ་ཡིད་ཆད་ཙམ་གྱིས་ཅི་ཞིག་ནུས།།
དེ་བས་འཁོར་བའི་ནགས་ཀླུང་སྟུག་པོའི་འགྲམ།།
སྨྱུག་མའི་གླིང་བུ་འབུད་བཞིན་ངལ་ཞིག་གསོ།།
   
                      2019 11 2
 
         ང་ཡི་རྟ་ཕོ།
 
ང་ཡི་རྣམ་རྟོག་རྟ་ཕོ་མཐུར་ཡན་གྱིས།།
འཆར་ཡན་རི་དྭགས་བྱེ་བ་ཐང་ནས་བདས།།
རྨིག་བཞི་གོར་མོ་ཐྲིག་ཐྲིག་བརྡུང་བ་ཡིས།།
མེ་ཏོག་བུང་བ་དཀྲོགས་ཤིང་ཟེའུ་འབྲུ་བསྒྲུགས།།
རྔོག་ཆུང་སྤྲིན་རིས་ལང་ལིང་འཁྲིགས་པ་ལས།།
མ་ངེས་གློག་གི་ཆོ་འཕྲུལ་སྣ་ཚོགས་བསྟན།།
སྣང་བ་མཚོ་མོ་ལྡེམ་པའི་ཆུ་གཉེར་ལ།།
གཡེང་བའི་མཛེས་སྡུག་ཉི་ནུབ་བྱ་ཁྱུའི་ཚོགས།།
ལྷང་ལྷང་འཚེར་སྐད་གཅིག་གིས་གཉིད་ལས་དཀྲོགས།།
 
ལན་རེར་འཁོར་བའི་ཐང་ཆེན་བརྒལ་བརྒལ་ནས།།
ངལ་བའི་དངུལ་ཆུ་གྲངས་མེད་ས་ལ་གཏོར།།
སྐབས་རེར་སྲིད་པའི་རི་སྒང་འགྲིམས་འགྲིམས་ནས།།
སྡུག་བསྔལ་རྔ་ཚུབ་ལན་མང་བྱེད་པ་ཡོད།།
འཚམས་རེར་ཉིན་སྲིབ་ལ་རྒྱབ་ཚུན་ཆོད་ལ།།
འདྲོགས་ནས་བདེ་སྐྱིད་སྣ་སྦྲིད་ཡང་ཡང་གཏོང་།།
 
བདག་གིས་རྟ་འདི་ལོན་ནས་ཡུན་རིང་འགོར།།
རང་ཚོད་ཤིང་སྒ་བཏད་ནས་ཡུན་རིང་འགོར།།
འོས་འཚམས་ལྕགས་སྲབ་བཀོན་ནས་ཡུན་རིང་འགོར།།
ད་ནི་མི་རྒས་རྟ་ཡང་སྔོན་ཆད་བཞིན།།
རྣམ་རིག་དྭངས་བའི་ཚོད་ན་མེད་པ་འདྲ།།
 
                             2019   5    24
 
          ཁྱོད་དང་ང་ཡི་བར་ཐག
 
འུ་གཉིས་བར་ཐག་མཚོ་དང་ཉ་མོ་ཡིན།།
མཚོ་ཁར་ཆུ་གཉེར་ལྡེམ་པ་མཛེས་པ་ལ།།
མཚོ་གཏིང་ཉ་མོ་འཁྱུགས་པ་ཡག་པ་ལ།།
དེ་གཉིས་གཏན་དུ་མི་འབྲལ་དགའ་བ་ལ།།
 
འུ་གཉིས་བར་ཐག་རི་དང་ལྗོན་པ་ཡིན།།
རི་མགོར་སྤྲིན་པ་འཁྲིགས་འདི་མཛེས་པ་ལ།།
རི་སྐེད་ལྗོན་པའི་དར་འཕྱང་ཡག་པ་ལ།།
དེ་གཉིས་གཏན་དུ་མི་འབྲལ་དགའ་བ་ལ།།
 
འུ་གཉིས་བར་ཐག་སྤྲིན་དང་ནམ་མཁའ་ཡིན།།
ནམ་མཁའ་སྔོ་མེར་ཡུག་གེར་མཛེས་པ་ལ།།
སྤྲིན་པ་ཐ་ཐོར་སྤུངས་འདི་ཡག་པ་ལ།།
དེ་གཉིས་འབྲལ་བ་མེད་པར་དགའ་བ་ལ།།
 
འུ་གཉིས་བར་ཐག་ཁྱིམ་དང་དུ་བ་ཡིན།།
གཡང་ཁྱིམ་བདེ་སྐྱིད་ལྷང་ངེར་མཛེས་པ་ལ།།
སྒོ་ཐད་དུ་བ་ལིང་མེར་ཡག་པ་ལ།།
དེ་གཉིས་འབྲལ་བ་མེད་པར་དགའ་བ་ལ།།
 
དེ་ལྟར་ང་ཡི་བརྩེ་བའི་སྙིང་ཐུབ་སྟེ།།
ཡིད་འོང་ལང་ཚོ་མཛེས་པའི་གར་མཁན་མ།།
ལུས་ཀྱི་བསྡུས་གཟུགས་རྒྱང་དུ་ཡོད་ན་ཡང་།།
སེམས་ཀྱི་བྱེའུ་ཆུང་མི་སྡོད་ཁྱེད་ཕྱོགས་འཕུར།།
 
                     2019    1  20
 
         ངག་རིགས་པདྨའི་སྐྱེད་ཚལ།
 
ཁྱོས་ཐང་ཆེན་མེ་ལོང་བཤམས་འདྲ་རུ།།
འདང་བརྩེ་བའི་མེ་ཏོག་རྐང་གཅིག་བཏབ།།
ངའི་ལང་ཚོའི་སྦྲང་ཆུང་གཞོན་ནུ་ཡིས།།
ཞེ་སྣང་བས་ལྡིང་སྐོར་ལན་གསུམ་བྱས།།
ཆ་ཡོད་མེད་མ་འདྲི་ཨེ་ཆོག་གམ།།
གཏམ་ཚིག་གསུམ་གསུང་དང་ཆ་ཡོད་ཡིན།།
 
ཁྱོས་རང་སེམས་དག་པའི་ལྷ་ཁང་ནང་།།
བློ་འགྱུར་མེད་བརྟན་པའི་གྲོགས་ཤིག་སྒུག།
ངའི་རྨི་ལམ་ཟ་ཟིའི་ཉམས་སྣང་ཁྲོད།།
ཁྱེད་མཛེས་པའི་ཞལ་ལུ་ཡང་ཡང་འཁོར།།
ཆ་ཡོད་མེད་མ་འདྲི་ཨེ་ཆོག་གམ།།
གཏམ་ཚིག་གསུམ་གསུང་དང་ཆ་ཡོད་ཡིན།།
 
ཁྱོས་གོས་ཆེན་འབྲུག་མའི་ཕུ་དུང་ནང་།།
གཡུ་ཕྲ་འཛེར་ཅན་གྱི་གདུབ་ཅིག་ཉར།།
ངའི་མིག་ཟུང་ཕྲ་མོའི་གཤོག་འགྱུར་ལས།།
ནང་མཛའ་བ་མཐུན་པའི་གཞས་ཤིག་བླངས།།
ཆ་ཡོད་མེད་མ་འདྲི་ཨེ་ཆོག་གམ།།
གཏམ་ཚིག་གསུམ་གསུང་དང་ཆ་ཡོད་ཡིན།།
 
ཁྱོས་སྨྱུག་ཕྲན་ལུས་ཀྱི་འཇོ་སྒེགས་ལས།།
སྐྲའི་ལན་བུ་སོར་མོས་བྱིལ་ཙམ་བྱེད།།
ངའི་སྙིང་ཆུང་བུམ་པའི་ཁ་རྒྱན་ལས།།
མཛེས་རྨ་བྱས་སྒྲོ་གུར་ཡང་ཡང་ཕུབ།།
ཆ་ཡོད་མེད་མ་འདྲི་ཨེ་ཆོག་གམ།།
གཏམ་ཚིག་གསུམ་གསུང་དང་ཆ་ཡོད་ཡིན།།
 
ཁྱོས་རྐང་ཆུང་གོམ་པས་བྲོ་གར་རྩེན།།
ཤེའུ་སྨུག་ཆུང་ཐང་ནས་འདྲོགས་འདྲ་རེད།།
ངའི་སེམས་ཀྱི་མདའ་མོ་རྐང་གཅིག་གིས།།
ལས་ཚེ་སྲོག་བདག་པོ་ཨེ་ཡོང་བསམ།།
ཆ་ཡོད་མེད་མ་འདྲི་ཨེ་ཆོག་གམ།།
གཏམ་ཚིག་གསུམ་གསུང་དང་ཆ་ཡོད་ཡིན།།
 
                        2019  4  29
 
            གཡུ་ཆུང་དྲུག་དཀར།
 
ཁ་སང་ལམ་ནས་བླ་གཡུ་རྡོག་གཅིག་རྙེད།།
དེ་ཉིད་ནང་སེམས་སྐུད་པ་ཕྲ་བོར་བརྒྱུས།།
ཕྱི་རོལ་ཁྲོམ་ལ་ངོམ་པའི་དཔའ་མེད་ཀྱང་།།
སྙིང་གི་རྫང་ཆེན་ནང་དུ་གཏེར་བཞིན་སྦས།།
བདག་པོ་མེད་པའི་གཡུ་འདི་ནམ་ཞིག་ལ།།
སུས་ཡིས་བོར་སྟོར་ཤོར་བ་མ་ངེས་སོ།།
 
ཡང་ན་བླ་གཡུ་འདི་དང་བདག་གཉིས་པོ།།
ཚེ་སྔོན་བགས་ཆགས་རི་མོའི་སྐྱ་རིས་ཀྱིས།།
ལམ་ཐུག་མིན་པར་ལས་སུ་བགོས་ཡོད་སྲིད།།
གང་ལྟར་རང་ལ་མཚོན་ན་བླ་གཡུ་འདི།།
བརྩེ་དུང་ལྷག་མ་ཞིག་གིས་གཉོར་དགོས་བྱུང་།།
 
འོན་ཀྱང་བདག་གི་བླ་གཡུ་སྔོན་པོ་དེ།།
ཡང་ན་ཤིན་ཏུ་གཅེས་པའི་ནོར་བུ་དེ།།
སྙིང་གི་རྫང་ཆེན་གཏོར་ནས་སུ་ཡིས་ཁྱེར།།
བདག་གིས་མི་ཚེའི་རྙེད་པ་མཐར་ཐུག་ཉིད།།
དེ་ལྟར་ཁྱེད་ཀྱིས་བརྐུ་བ་ཕོད་དམ་མམ།།
 
སྐབས་འདིར་སྡུག་བསྔལ་སྤྲིན་ཆེན་རབ་བརྒལ་བའི།།
གདུང་བའི་གླུ་བ་ཁྱེད་ཀྱང་ཅི་ཡིས་ཉེས།།
གློ་བུར་ངག་གི་སྒོ་མོ་ཅི་ལ་བསྡམས།།
མཉེན་པའི་རྒྱུད་སྐུད་ཆད་དམ་ཅི་ཞིག་ལགས།།
ང་ཡི་བརྩེ་བའི་བྲང་ཁོག་ཡངས་པོ་ནས།།
དྲན་པའི་ཡུ་མོ་ཁ་སྐྱ་གཞན་གྱིས་བསད།།
ཚུལ་འདིར་ཁྱེད་རང་ཐུགས་སེམས་མི་སྐྱོ་འམ།།
སྐྱོ་བའི་གཞས་ཆུང་རྒྱང་ནས་མི་འཐེན་ནམ།།
 
                       2019  12  4
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།