ཏོག་དབྱིབས་ནད་དུག་ལ་བྲིས་པའི་སྙན་ངག་གཉིས།

5384


རྩོམ་པ་པོ། རས་པ།

  
            ཀོ་རོ་ནར་ཕུལ་བའི་སྙན་ཞུ།


ཀོ་རོ་ན།
མི་རྣམས་བཙོན་མར་གྱུར་རྗེས།
ཁྱོད་ཀྱི་མཆེ་བར་འགོས་པའི།
སྡུག་བསྔལ་གྱི་ཟུག་རྔུས།
ཁྲག་དམར་ཤམ་པའི་མིག་ཆུར་ཅི་ཞིག་བཤད་འདོད།

ལམ་ཁའི་རྡོག་སྒྲར་འགོས་པའི།
ངལ་དུབ་ཀྱི་ཐང་ཆེན་དུ།
གདུག་རྩུབ་དང་དཔུང་ཤེད་ཆེ་བའི་མི་རྣམས།
རང་གི་ཁུང་བུར་འཛུལ་བའི་ཨ་བྲ་ལྟར་གནས་ཡོད།
ཀོ་རོ་ན་ཡ། ཀོ་རོ་ན།
དཔྱིད་དཔལ་འདི་ཁྱོད་གཅིག་པུས་གྱོན་དོན་ཅི་ཡིན།

སྐར་འོད་ལམ་ལམ་གྱི་མཚན་མོ་འདི་ཡང་།
ཁྱི་སྐད་ཁེར་ཧྲང་གིས་སྐྱོང་ཞིང་།
རྒྱུན་ཆད་མེད་པའི་དགོད་སྒྲའི་མཉམ་འཛོམས་དེ་ཡང་།
གནའ་སྔ་མོའི་གཏམ་རྒྱུད་ཅིག་ཏུ་གྱུར།

ཀོ་རོ་ན། རྒྱ་ཆེ་བའི་འཛམ་བུ་གླིང་འདི།
ཁྱོད་གཅིག་པུར་དབང་འདོད་དམ།

                ༢༠༢༠།༣།༢༨དགོང་མོ།


           ཀོ་རོ་ནའི་སྙན་ངག


གསར་འགྱུར་ཀོ་རོ་ན་དང་འདྲ
རྩོད་གླེང་ཡང་ཀོ་རོ་ན་དང་འདྲ།
ལམ་ཁའི་གོམ་བགྲོད་ཀྱང་ཀོ་རོ་ན་དང་འདྲ།
ཚེ་སྲོག་གི་ཁྲག་རྒྱུན་ཡང་ཀོ་རོ་ན་དང་འདྲ།
རེ་ལྟོས་ཀྱི་མིག་ཟུང་།
ཀོ་རོ་ནའི་རྗེས་སུ་སྙེག་པའི་སྐར་མདའ་ཞིག་དང་འདྲ།
ཡོད་ཚད་དང་འདྲ་བའི་ཀོ་རོ་ན།

དཔྱིན་ཟླའི་རླུང་བུ་གཡུགས་མཚམས་བཞག་རྗེས།
ངས་ཁང་ཆུང་ཞིག་ཏུ་དུས་ཚོད་ཀྱི་ཐག་སྒྲར་ཉན་ཡོད།
མེ་ཏོག་བཞད་ཡོད་དམ།

གལ་སྲིད། འཇིག་རྟེན་གྱི་རེ་ལྟོས་ཡོངས་སུ་ཉམས་ཚེ།
བསྟོད་ཚིག་གི་གླུ་སྒྲ་གང་ནས་གྲགས་དགོས་སམ།
ངུ་སྐད་ཀྱང་དྲན་ཡུལ་ནས་ཡལ་ངེས།
ཟླ་བ་འདི་ཡི་ས་སྲོད་ཅིག་ལ།
སྒེའུ་ཁུང་མདུན་གྱི་ལྗོན་རྩེ་རུ།
ཁྭ་ཏ་ཞིག་དང་སྤྲེའུ་ཞིག་ཡང་ཡང་མཐོང་།

ཟླ་འོད་ཧ་ཅང་གསལ་བའི་མཚན་མོ་འདིར།
ས་ཆེན་གྱི་སྟོང་གླུས་བསེར་བུའི་རྒྱུད་སྐུད་རྡུང་ཞིང་།
བདག་མེད་ཁྱུ་ཚོགས་ཀྱིས་ན་ཟུག་གི་ཟུག་རྔུ་འབྱིན།
སུ་ལའང་བློ་དོགས་མེད་པར།
རི་ཕྲན་འདིའི་སྲང་ལམ་གྱ་གྱུ་རུ།
རང་གི་གོམ་སྒྲ་ལ་ཚོད་བགམས་ཐེངས་གཅིག་བྱས།
འཇིག་རྟེན་དུ་གཅིག་པུར་ལུས་པའི།
གདུང་ཚོར་གྱི་དངན་པ་ཀོ་རོ་ནས་ཐོས་སམ།
ཡོད་ཚད་ཁུ་སིམ་སིམ།

གཉིད་ལས་སད་རྗེས།
ཉི་ཟེར་གྱི་རྨུ་ཐག་སྣེ་རུ།
འགྲོ་བ་མི་རྣམས་ལ།
རི་མོར་བྲིས་པའི་ཚེ་སྲོག་ཅིག་གི་སྨོན་པ་བྱས།
ཀོ་རོ་ནའི་རླུང་འཚུབ་རྗེས་སུ།
རྡུལ་གྱིས་མནན་པའི་འཛམ་གླིང་རིལ་མོ།
འཛུམ་གྱིས་གཡོ་སྐྱོམ་བྱེད་པའི་གཞོན་ནུ་མ་དང་འདྲའམ།
ངས་སུན་སྣང་མེད་པར་ཉིན་གྱིས་མཚན་ལ་མཐུད།

                      ༢༠༢༠།༤།༡༠ ཉིན།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།