རིག་གནས་རང་རྟོན་དང་སློབ་གསོའི་རིགས་ལམ།__རྨེ་རུ་ཡུལ་ལྷ་ཐར།

12585


རིག་གནས་རང་རྟོན་དང་སློབ་གསོའི་རིགས་ལམ།

བོད་ཀྱི་དེང་རབས་སློབ་གསོའི་དཀའ་འགག་ལས་འཕྲོས་པ།
རྩོམ་པ་པོ། རྨེ་རུ་ཡུལ་ལྷ་ཐར།

ནང་དོན་གནད་བསྡུས། 

བོད་ཀྱི་དེང་རབས་སློབ་གསོ་ནི་བར་མ་དོ་རུ་གནས་པའི་ཚོད་ལྟ་རང་བཞིན་གྱི་སློབ་གསོའི་རིགས་ཤིག་ཏུ་འདུག་པ་ལ།  རང་ཅག་གིས་དེའི་གནད་དོན་གང་ན་ཡོད་པ་དང་དྲང་ལམ་དུ་འཁྲིད་པའི་ཐབས་ཤེས་གང་ཡོད་ལ་བསམ་གཞིག་བྱེད་རྒྱུ་གལ་ཆེན་པོར་ཡོད་དེ།  གཙོ་བོ་རིག་གནས་རང་རྟོན་གྱི་སྒོ་ནས་སློབ་གསོ་གཉེར་བ་དང་།  སྐད་ཡིག་རྒྱུན་འཛིན་དང་གསར་གཏོད་ཀྱི་ངོས་ནས་སློབ་གསོ་གཉེར་བའི་རྩ་དོན་ཐོག  བོད་རང་ལ་འཚམ་པའི་རང་ས་ཅན་གྱི་སློབ་གསོའི་རིགས་ལམ་ཞིག་ངེས་པར་འཚོལ་དགོས་སོ། །


བརྡ་ཆད་གཙོ་བོ། 

རིག་གནས་རང་རྟོན།  སློབ་གསོའི་རིགས་ལམ།  སློབ་གསོའི་དཀའ་འགག


གླེང་སློང་བ།

   དེང་གི་ཆར།  སློབ་གསོ་ནི་ལས་དོན་སྣ་བརྒྱ་སྒྲུབ་པའི་ལྡེ་མིག་ལྟ་བུ་དང་མི་གཞིའི་གཞུང་སྲོང་བའི་ལེགས་ཚོགས་ཀུན་གྱི་འབྱུང་ཁུངས་ཡིན་པ་ཚང་མས་ཤེས་ཤིང་།  དེ་ལ་བརྟེན་ནས།  མི་རིགས་དང་མི་རིགས་ཁག་དང་།  ཚོགས་སྡེ་དང་ཚོགས་སྡེ་ཁག  རྒྱལ་ཁབ་དང་རྒྱབ་ཁག་དབར་གང་ཡིན་ཡང་།  སློབ་གསོའི་འགྲན་རྩོད་འདི་འགྲན་རྩོད་ཡོད་ཚད་ཀྱི་ལྟེ་བ་དང་ཚད་ཤིང་ལ་བཞག་ཡོད་པ་རེད།  འདིས་རང་ཅག་ལ་གསལ་འདེབ་བྱེད་ཀྱིན་པ་ནི།  སྲིད་འབྱོར་རིག་གསུམ་གྱི་ལས་ཀའི་སྒོ་མོ་གང་ལ་ཞུགས་མཁན་ཡིན་ཡང་ཆོག་གི  སློབ་གསོ་ལ་དོ་སྣང་དང་སློབ་གསོའི་རིགས་ལམ་ལ་ངེས་ཆ་ཕྲན་ཙམ་ཡིན་ཡང་ཡོད་དགོས་པ་དེའོ། །

   འདིར་གླེང་བར་བྱ་བའི་བོད་ཀྱི་དེང་རབས་སློབ་གསོར་མཚོན་ན།  རང་རེའི་སྲོལ་རྒྱུན་སློབ་གསོ་དང་རྩ་བའི་ཁྱད་པར་མཆིས་ཤིང་།  ད་ལྟའི་གྲྭ་ས་ཁག་གི་བཅོས་སྒྱུར་ལ་འབྲེལ་བའི་སློབ་གསོ་དང་ཡང་མི་གཅིག་ལ།  སྲོལ་རྒྱུན་སློབ་གསོའི་རྒྱུན་ཙམ་མངོན་བཞིན་པའི་དེང་གི་སྒེར་གཉེར་སློབ་གྲྭ་ཁག་གི་སློབ་གསོ་དང་ཡང་མི་འདྲ།  དོན་ལ།  བོད་ཀྱི་དེང་རབས་སློབ་གསོ་ནི་རྒྱལ་ཁབ་སློབ་གསོའི་རྩ་བའི་སྒྲོམ་གཞིའི་འོག  བོད་རང་སར་སྤེལ་བའི་བོད་རྒྱ་སྐད་གཉིས་ཅན་གྱི་སློབ་གསོའི་མ་ལག་གཏོས་ཆེ་བ་ཞིག་སྟེ།  གཞུང་ངོས་ནས་རྒྱལ་ཁབ་སློབ་གསོའི་ཡན་ལག་ཅིག་དང་།  འཕྲེད་ངོས་ནས་བོད་རང་སའི་ཁྱད་ཆོས་ཡོད་པའི་དམིགས་བསལ་བའི་སློབ་གསོའི་མ་ལག་ཅིག་གོ །འདིའི་ཆ་ནས་དཔག་ཚེ།  ང་ཚོས་བོད་ཀྱི་དེང་རབས་སློབ་གསོར་དོ་སྣང་དང་ཉམས་ཞིབ་བྱེད་པ་ལ་རེ་བ་འགའ་ཡང་བཏོན་ཡོད་དེ།  ཐོག་མར་བོད་ཀྱི་དེང་རབས་སློབ་གསོའི་གནད་དོན་ལ་ཞིབ་འཇུག་དགོས་པ་དེ་ཡིན།  དེ་ལ།  གནད་དོན་ངོས་ཟིན་དང་གནད་དོན་དབྱེ་ཞིབ།  གནད་དོན་ཐག་གཅོད་གསུམ་ག་ནས་བསམ་བློ་གཏོང་དགོས་ཤིང་།  གནད་དོན་ངོས་ཟིན་པར་མཐོང་སྣེ་སྣ་འདུས་ཅན་ཞིག་དགོས་པ་སྟེ་དབང་པོ་གཅིག་གིས་གནད་དོན་ལ་བལྟ་བའི་ནད་འགོག་དགོས་པ་དང་།  གནད་དོན་དབྱེ་ཞིབ་བྱེད་སྐབས་ཐབས་ལམ་འཚོལ་ཞིབ་ཀྱི་གོ་རིམ་ལ་འབྲེལ་བའི་དབྱེ་ཞིབ་བྱེད་སྟངས་ཤིག་ཡོད་དགོས་ལ།  གནད་དོན་ཐག་གིས་གཅོད་པ་ནི་ལག་ལེན་ཚོད་ལྟ་ཅན་ཏེ།  སློབ་གསོའི་རིགས་ལམ་ཡང་དག་ཅིག་ལ་བརྟེན་པའི་སྐད་གཉིས་སློབ་གསོ་ལག་ལེན་དང་དེ་ཉིད་མུ་མཐུད་འཐུས་ཚང་དུ་བཟོ་བའི་ཚོད་ལྟ་ཅན་གྱི་གོ་རིམ་རྒྱུན་རིང་བ་ཞིག་གོ །

   བོད་ཀྱི་དེང་རབས་སློབ་གསོའི་རིགས་ལམ་འཚོལ་ཞིབ་བྱེད་པ་ལ།  ད་ལྟའི་འཛམ་གླིང་རིལ་མོའི་སྤྱི་ཚོགས་ཆབ་སྲིད་དང་རིག་གནས་སྲོལ་ལུགས་ཀྱི་གནས་བབ་ལ་ཤེས་རྟོགས་རྣལ་མ་ཞིག་དགོས་པ་ནི་སྔོན་འགྲོ་ལྟ་བུ་ཡིན།  གལ་ཏེ་འཛམ་གླིང་ཧྲིལ་བོའི་སྲིད་དོན་རིག་གནས་ལ་མཐོ་ས་ནས་ཚད་འཇལ་བའི་མིག་དབང་མེད་སོང་ཚེ།  རང་གི་རིགས་ལམ་འདིའི་ཁ་ཕྱོགས་འཛོལ་ཡོད་མེད་མི་རྟོགས་ཤིང་།  རྣམ་དཔྱོད་འཛོམས་པར་སློབ་གསོའི་རིགས་ལམ་ལ་ཐབས་ཤེས་སྟོན་མི་ནུས།  འདིའི་རིགས་རྟོགས་པ་ལ་ཐོག་མར་གོ་ལ་གཅིག་གྱུར་ཅན(Globalizaition/全球化)ཞེས་པའི་ཐ་སྙད་འདིར་གོ་བ་ཟབ་མོ་ཞིག་དགོས་པ་ཡིན་ལ།  དེ་དང་འབྲེལ་བར་ད་ལྟའི་འཛམ་གླིང་གི་འཕེལ་ཕྱོགས་སྐོར་ལ་ཡང་དོ་སྣང་བྱེད་དགོས།  དོན་ལ།  གོ་ལ་གཅིག་གྱུར་ཅན་ཞེས་པ་འདི་དཔལ་འབྱོར་ལ་དམ་དུ་འབྲེལ་བའི་ཐ་སྙད་ཅིག་སྟེ།  ཕྱི་ལོ་དུས་རབས་བཅོ་ལྔ་བའི་ནང་གི་ས་ཁམས་གསར་རྙེད་ཆེན་མོའི་རྗེས་སུ་རིམ་གྱིས་བྱུང་ཞིང་།  མི་གྲངས་གནས་སྤོ་དང་རིག་གནས་འགལ་རྩོད།  དེ་མིན་རིག་གནས་སིམ་འདྲེས་སོགས་ལ་བརྟེན་ནས་གྲུབ།  ཕྱི་ལོ1492ལོར་ཀི་ལོམ་པོས་སྐམ་ས་ཆེན་མོ་གསར་དུ་རྙེད་པ་དང་བསྟུན།  ནུབ་ཕྱོགས་པས་ཤར་ཕྱོགས་དང་དེ་ལས་རིང་བའི་འཛམ་གླིང་གི་ཕྱོགས་སོ་སོར་རྒྱུས་ལོན་བྱུང་སྟེ་གསར་སྤེལ་བྱེད་པའི་དབུ་བརྩམས་ཤིང་།  དེ་ཉིད་ཤུགས་ཆེན་པོས་འཕེལ་བ་ལས།  མི་སེར་སྤེལ་བའི་ལས་འགུལ་ཡང་རིམ་གྱིས་བྱུང་སྟེ་ཐོན་ཁུངས་འཕྲོག་རྩོད་དང་ཐོན་ལས་མཉམ་འབྲེལ།  དཔལ་འབྱོར་ཁེ་ཕན་འཚོལ་སྒྲུབ་སོགས་ཀྱི་བགྱི་བ་དོན་དུ་གཉེར་བའི་སྟོབས་ཆེའི་རྒྱལ་ཁག་དང་ཚོགས་སྡེ་དུ་མ་བྱུང་།  ལོ་ངོ་བརྒྱ་ཕྲག་རིང་གི་ལོ་རྒྱུས་བརྒྱུད།  ད་ལྟ་འཛམ་གླིང་དུ་རིམ་གྱིས་ལྟེ་བ་དང་བས་མཐའི(中心/边缘)ཁྱད་པར་བྱུང་ཞིང་།  རིག་གནས་སྣ་མང་ཅན(文化多元化)དང་རིག་གནས་རང་ས་ཅན(文化本土化)གྱི་འཕེལ་ཕྱོགས་གྲུབ་ལ།  དེའི་འབྲས་བུར།  ཉེ་བའི་དུས་འདིར་གོ་ལ་གཅིག་གྱུར་ཅན་ལ་རྒོལ་བ(Anti-globalizaition/反全球化)[①]ཞེས་པ་དང་།  གོ་ལ་གཅིག་གྱུར་ཅན་ལས་ལྡོག་པ(De-gobalization/逆全球化  ཕྱི་ལོ2016ལོ་ནས་བྱུང་།)ཞེས་པ།  རང་དབང་རིང་ལུགས་གསར་མ(Neoliberalism/新自由主义  དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་བྱུང་།)ཞེས་པ་དག་བསྟུད་མུར་བྱུང་།  གོ་ལ་གཅིག་ཏུ་ཕྱོགས་པའི་འཛམ་གླིང་རང་བཞིན་གྱི་རླབས་རྒྱུན་འདིར་གཡོལ་ནུས་མིན་སུས་ཀྱང་བཤད་དཀའ་མོད།  འདི་ལྟའི་རླབས་རྒྱུན་གྱིས་སོ་སོའི་རིག་གནས་དང་གོ་བབ་ལ་ཉམས་ཉེན་མི་བསྐྱེད་ཕྱིར།  གོ་ལ་གཅིག་གྱུར་ཅན་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་མང་པོས་ཐབས་ལམ་སྣ་ཚོགས་བཏོན་ཡོད།  དེའི་ནང་།  ཨ་རིའི་མཁས་པ་རའོ་ལན་རའོ་པེར་ཞོན(Roland Robertson) ལགས་ཀྱི་ལྟ་བ་གྲགས་ཆེ་སྟེ།  ཁོང་གིས་གོ་ལ་ས་གནས་ཅན་དུ་བསྒྱུར་བ(Glocalization/全球地方化)ཞེས་པའི་ཁྱད་པར་བའི་རིག་གཞུང་ལྟ་བ་འདི་བཏོན་ཡོད།  དེའི་ནང་དོན་ནི།  གོ་ལ་གཅིག་གྱུར་ཅན་ལ་གཡོལ་དཀའ་བའི་གནས་བབ་འོག  མི་རིགས་དང་རྒྱལ་ཁབ་དག་གིས་ཐུན་མོང་གཅིག་གྱུར་གྱི་ཁེ་ཕན་བརྩོན་ལེན་དང་དེའི་མཉམ་འབྲེལ་གོ་རིམ་ནང་གཉིས་ཕན་འབྱུང་དགོས་པར་མ་ཟད།  རང་གི་ཁྱད་ཆོས་སྲུང་འཛིན་གྱིས་དེའི་རླབས་རྒྱུན་ལ་ཞུགས་དགོས་པའི་འདོད་ཚུལ་བཟུང་།  རིག་གཞུང་ལྟ་བ་འདི་འཕེལ་རྒྱས་སོང་བའི་མཐའ་མར།  དེང་སང་གོ་ལའི་མིག་རྒྱང་ཡོད་པའི་བསམ་གཞིག་དང་རང་སའི་ཁྱད་ཆོས་ལྡན་པའི་འགུལ་སྐྱོད(全球思维,本土行动)ཅེས་པའི་གཉིས་ཕན་ཡིན་ལ་ཀུན་ལ་འཕྲོད་པའི་ལྟ་བ་ཞིག་ཆགས་ཤིང་།  དེས་མི་རིགས་དང་ཚོགས་པ་སོ་སོ་གོ་ལ་གཅིག་གྱུར་ཅན་དུ་ཕྱོགས་པར་རྩ་དོན་བསྟན་ཡོད།

   དེང་གི་འཕེལ་ཕྱོགས་གཞན་ཞིག་ནི།  སྒྲིལ་སྲོལ་འཐོར་ཅིང་གོ་རིམ་འཆོལ་བའི་ཕན་མེད་ཀྱི་ཁ་ཕྱོགས་དེ་སྟེ།  མཛད་སྤྱོད་རིང་ལུགས་ཀྱི་བསམ་བློ་རྒྱུན་མར་འཕེལ་བའི་འབྲས་བུར།  ཕལ་བའི་རིག་གནས་དང་རྒྱུག་ཆེའི་རིག་གནས་བྲིན་པོ་བྱུང་བའི་ཞར་ལ་མཁས་པའི་རིག་གནས་དང་སྲོལ་རྒྱུན་རིག་གནས་ལ་ཉམས་ཉེན་བསྟུད་མར་བྱུང་ཞིང་།  ཁེ་ཕན་རང་བཞིན་དང་བེད་སྤྱོད་རང་བཞིན་གྱིས་རིག་གནས་ཀྱི་རིན་ཐང་ཆུ་ཚད་གཞལ་བའི་ཚུལ་རྒྱུན་ལྡན་དུ་ཆགས།  དཔལ་འབྱོར་འཕེལ་རྒྱས་མྱུར་ཅིང་བཅོས་སྒྱུར་གོམ་སྟབས་མགྱོགས་པའི་གནས་བབ་འོག  གལ་ཏེ་སྤྱི་ཚོགས་ཀྱི་མ་ལག་ཧྲིལ་བོའི་ནང་ཁུལ་དུ་རིག་གནས་ཉམས་ཉེན་བྱུང་བ་ཡིན་ཚེ།  རིག་གནས་ཀྱིས་སྤྱི་ཚོགས་ཀྱི་ཡན་ལག་སོ་སོར་བཀོད་འདོམས་དང་བཅོས་སྒྲིག་བྱེད་པའི་ནུས་པ་དང་དེས་སྤྱི་ཚོགས་ཀྱི་ཁོངས་མི་སོ་སོའི་རིན་ཐང་ཁས་ལེན་གསོ་སྐྱོང་བྱེད་པའི་ནུས་པ་བག་ལ་ཞ་བར་འགྱུར་ངེས།  དེ་ལ་བརྟེན་ནས།  སྤྱི་ཚོགས་ཧྲིལ་བོའི་འཁོར་སྐྱོད་དེ་སྒྲིལ་སྲོལ་མེད་པའི་གོ་རིམ་ནང་འཆོལ་ངེས་ལ།  རིམ་གྱིས་སྤྱི་ཚོགས་ཐོར་ཞིག་ཏུ་འགྲོ་བའི་ཉེན་ཁའང་ཆེ།

   གོང་སྨོས་འདི་དག་ལས་དཔག་ན།  ང་ཚོས་གནད་འགག་ནི་རིག་གནས་ཞེས་པ་འདིར་ཐུག་ཡོད་པ་ཤེས་ཤིང་།  དེའང་རིག་གནས་ཀྱི་ཕྱི་གཟུགས་ལྟ་བུར་གྱུར་བའི་སློབ་གསོ་ལ་འབྲེལ་ཡོད་པ་ཤེས་སོ། །


དང་པོ།  རིག་གནས་དང་སློབ་གསོའི་འབྲེལ་བ།


         གཅིག  སློབ་གསོའི་དམིགས་ཡུལ་ནི་རིག་གནས་ཀྱི་རྒྱུན་འཕེལ་བར་བྱེད་ཅིང་གསར་གཏོད་བྱེད་པ་དེའོ།།

         ཕྱི་ལོ2017ལོར།  ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཁང་གིས《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་བསམ་འཆར》[②]ཞེས་པའི་ཡིག་ཆ་ཞིག་བཀྲམས་ཤིང་།  དེས་ཀྲུང་གོའི་མ་འོངས་པའི་འཕེལ་ཕྱོགས་སྐོར་ལ་རྩ་འཛིན་རང་བཞིན་གྱི་ནུས་པ་ལྡན་པའི་མཛུབ་སྟོན་གནང་།  དེ་ལས་དཔག་ན།  ང་ཚོས་མ་འོངས་པར་རིག་གནས་རྒྱུན་འཛིན་དང་རིག་གནས་གསར་གཏོད་ཐད་ལས་ཀ་མང་བོ་སྒྲུབ་དགོས་པ་རྟོགས་ཤིང་།  དེའི་ཁྲོད་མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱང་འདུས་ཡོད་པ་སྨོས་མ་དགོས་སོ། །

   རིག་གནས་རྒྱུན་འཛིན་དང་གསར་གཏོད་ནང་དོན་ཐད་ནས་སློབ་གསོའི་དམིགས་ཡུལ་གླེང་ན་རིགས་གཉིས་ཏེ།  གཅིག་ནི་མི་རིགས་སོ་སོའི་རིན་ཐང་མ་ལག་མངའ་བའི་ཐུན་མིན་ཤེས་རིག་གི་རྒྱུན་ཏེ་དཔེར་ན་སྐད་ཡིག་དང་ལོ་རྒྱུས་རྩོམ་རིག་ལྟ་བུ་དང་།  ཅིག་ཤོས་ནི་དེང་རབས་ཚན་རྩལ་ལ་འབྲེལ་བའི་ཐུན་མོང་བེད་སྤྱོད་ཀྱི་རིག་གནས་ཏེ་དཔེར་ན་གྲངས་རིག་དང་རྫས་འགྱུར་དངོས་ལུགས་ལྟ་བུ་ཡིན་ལ།  འདི་གཉིས་འབྲེལ་མར་སྤེལ་དགོས་པ་ནི་སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ལོ། །

         གཉིས།  སློབ་གསོ་ནི་རིག་གནས་ལས་དོན་གྱི་སྲོག་ཤིང་ངོ་། །

         རིག་གནས་ལ་དོན་མང་པོ་འདུས་པ་ལས།  ཐམས་ཅད་ཡང་དག་པར་འཁོར་སྐྱོད་བྱེད་པ་ལ་སློབ་གསོ་ཁོ་ནར་བརྟེན་དགོས་པ་སྤྱིར་བཏང་གི་རྒྱུན་ཤེས་ཞིག་ཡིན།  ཡིན་ནའང་།  དེང་གི་ཆ་ལའང་གནད་འདི་མི་རྟོགས་མཁན་དང་མི་ཤེས་མཁན་གང་མང་ཞིག་ཡོད་པར་འདུག་ལ།  ཁྱད་པར་སྲིད་འཛིན་ལས་གནས་སྟེང་གི་མི་སྣ་དག་གིས་གནད་འདི་ཤེས་པར་ཟད་ནའང་དེ་བཞིན་འདོད་ཀྱིན་མེད་པར་སྣང་ངོ་། །དོན་ལ།  རིག་གནས་ལས་དོན་ནི་སྲིད་འབྱོར་རིག་གསུམ་ལས་རྩ་བ་དེ་ཡིན་ལ།  དཔལ་འབྱོར་དང་ཆབ་སྲིད་གཉིས་ཀ་རིག་གནས་ཀྱི་གཉོམ་ཤུགས་ཀྱིས་ཕར་བཏེག་པ་ཡིན་ན།  སྤྱི་ཚོགས་ཧྲིལ་བོའི་ལས་དོན་མཐའ་དག་གེགས་མེད་བདེ་བླག་ཡིན་ངེས་པ་རེད།  དེར་བརྟེན།  ང་ཚོས་སློབ་གསོ་ནི་ལས་དོན་ཀུན་གྱི་མཆོག་དང་རབ་དང་ཕུལ་དང་རྩ་བ་ཡིན་པའི་གནས་ལུགས་ཤེས་དགོས་པར་ཙམ་མ་ཟད།  དེ་བཞིན་སྒྲུབ་པའི་བློ་དང་ཐབས་དང་ཤེས་རབ་ཀྱང་འཛོམས་དགོས་པའོ། །

         གསུམ།  རིག་གནས་ནི་སློབ་གསོར་བརྟེན་ནས་རྒྱུན་སྐྱོང་འཕེལ་རྒྱས་འབྱུང་ངོ་། །

         རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དེ་གཅིག་ན་ཁྱིམ་ཚང་དང་གཉིས་སུ་སྤྱི་ཚོགས་ཧྲིལ་བོའི་དོན་ཡིན་པ་ལ།  མདོར་དེད་ན་དེའང་སློབ་གསོས་གཟོད་སད་དུ་འཇུག་ཐུབ་ཅིང་འཕེལ་བར་བྱེད་ནུས་པ་ཡིན།  རིག་གནས་ཞེས་པ་འདི་རྒྱུན་སྐྱོང་རྒྱུ་མེད་ཚེ་དོན་སྙིང་བོར་སོང་བ་ཡིན་ཞིང་།  འཕེལ་རྒྱས་མེད་ན་རྒྱུན་སྐྱོང་བའི་དགོས་པའང་མེད།  རྒྱུ་མཚན་དེའི་དབང་གིས།  རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཙོར་བཟུང་གིས་སློབ་གསོ་གཉེར་བའི་རིགས་ལམ་འདི་ངེས་པར་རྟོགས་དགོས་པ་ཡིན།

         བཞི།  རིག་གནས་ནི་རུས་སྒྲོམ་དང་སློབ་གསོ་ནི་ཤ་གཟུགས་ལྟ་བུའོ། །

         རིག་གནས་ནི་སློབ་གསོའི་ནང་དོན་ལགས་པས།  དེ་ཉིད་མིའི་གཟུགས་ཕུང་ལས་རུས་སྒྲོམ་ལྟ་བུ་ཞིག་ཏུ་དཔག་དགོས་ཤིང་།  དེའང་ཤ་གཟུགས་མེད་ཚེ་རྣམ་པ་དོད་མི་ཐུབ་པ་བཞིན།  སློབ་གསོ་ལ་བརྟེན་ནས་རིག་གནས་ཀྱི་རུས་སྒྲོམ་འགྲེང་ཚུགས་སུ་གནས་ཐུབ་པར་བྱེད་པ་ཡིན།  རིག་གནས་དང་སློབ་གསོ་གཉིས་པོ་ཕན་ཚུན་འགལ་མེད་ཟུང་འབྲེལ་དུ་སྤེལ་རྒྱུ་འདི་སློབ་གསོའི་ལས་གནས་སྟེང་གི་མི་སྣས་ཤེས་པ་ཁོ་ནས་ག་ལ་ཆོག་སྟེ།  གཙོ་བ་སློབ་གསོ་སྲིད་འཛིན་སྡེ་ཁག་དང་།  ཁྱད་པར་དེའི་གོང་གི་སྲིད་འཛིན་དབང་ཤུགས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་རྟོགས་རྒྱུ་གལ་ཆེ་ཞིང་།  གཅིག་ལ་གཅིག་བརྟེན་ཡིན་པའི་ཚུལ་འདི་སེམས་ཀྱི་ཁོང་ནས་ཤེས་དགོས་པའོ། །

         ལྔ།  རིག་གནས་ནི་སྲོག་རྒྱུན་དང་སློབ་གསོ་ནི་ཐབས་ཚུལ་ལོ། །

         སློབ་གསོའི་དམིགས་ཡུལ་དེ་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལག་ལེན་བྱེད་རྒྱུའི་ཆེད་ཡིན་པར་བརྟེན།  ཐོག་མཐའ་བར་གསུམ་དུ་རིག་གནས་ལྟེ་བར་བྱས་ཏེ་སློབ་གསོ་གཉེར་དགོས་ཤིང་།  ཕྱི་ནང་གི་རིག་གནས་མཐའ་དག་རྒྱུད་ལ་ངེས་པར་བྱེད་པ་དང་འཚོ་ཚིས་ཐད་བེད་སྤྱོད་པ་ལ།  སློབ་གསོ་ཞེས་པའི་ཐབས་ཚུལ་འདི་ལ་བརྟེན་པ་ལས་ཐབས་གཞན་མེད་དོ། །རིག་གནས་ཞེས་པ་འདི་རྒྱུན་སྐྱོང་རང་བཞིན་གྱི་ཤེས་པ་ཞིག་ཡིན་པས་ན།  སྤྱིར་བཏང་སྲོལ་རྒྱུན་གྱི་རྣམ་པས་གནས་ཡོད་པ་ཡིན་ཞིང་།  སློབ་གསོ་ནི་ཐབས་ཤེས་ཙམ་སྟེ།  རིག་གནས་འདི་རྒྱུན་སྐྱོང་ནུས་པར་འཕེལ་རྒྱས་འགྲོ་བའི་ཁག་ཐེག་དང་ཐབས་ཚུལ་ཡིན་ནོ། །


གཉིས་པ།  རིག་གནས་རང་རྟོན་དང་སློབ་གསོའི་རིགས་ལམ་བར་གྱི་འབྲེལ་བ།


         གཅིག  རིག་གནས་རང་རྟོན་ནི་ཕ་སྐད་ལ་འབྲེལ་བ་ཞིག་ཡིན།

         རིག་གནས་ནི་མི་རིགས་ཤིག་གིས་ངེས་པར་སྲུང་བརྩི་བྱེད་འོས་ཀྱི་ཆེས་རིན་ཐང་ལྡན་པའི་གཞི་རྩའི་ཁྱད་ཆོས་དེ་ཡིན་ཞིང་།  ཀུན་གྱིས་བསླབས་མྱོང་བའིམཇུག་མཐའི་སློབ་ཐུན་གཅིགལས“རྒྱལ་ཁབ་འཇིག་ནས་མི་དམངས་བྲན་དུ་གྱུར་བ་ཞིག་ལ་མཚོན་ན།  རང་གི་སྐད་ཡིག་ཡིད་ལ་བརྣག་པར་བྱས་ཏེ་མི་བརྗེད་པར་བྱེད་པ་ནི་བཙོན་ཁང་གི་སྒོ་མོ་འབྱེད་པའི་ལྡེ་མིག་དང་མཚུངས།”ཞེས་ཐོན་པ་ལས་ཀྱང་།  རིག་གནས་དང་ཁྱད་པར་སྐད་ཡིག་རིག་གནས་ལས་ལྷག་པའི་སྲོལ་ལུགས་སློབ་གསོ་ཞིག་མེད་ཅིང་།  དེ་མི་ནུབ་པར་གནས་ཐུབ་པར་བྱས་ཚེ།  མི་རིགས་སུ་ཡིན་ཡང་རང་ཉིད་ཡར་རྒྱས་འགྲོ་བ་ལ་མ་མཐའི་ཆ་རྐྱེན་ཡོད་པར་བྱས་པ་ཞིག་ཡིན་ཚུལ་བསྟན་འདུག  དེ་བཞིན་ཏང་གི་ཚོགས་ཆེན་བཅུ་དགུ་བ་ལས་ཀྱང་།  “རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་ཡིན་ལ།  རིག་གནས་འཕེལ་བས་རྒྱལ་ཁབ་རྒྱས་ངེས་ཤིང་།  རིག་གནས་དར་བས་མི་རིགས་སྟོབས་ཆེན་དུ་འགྲོ་ངེས།  གལ་ཏེ་ཤུགས་ཆེ་བའི་རིག་གནས་རང་རྟོན་ཞིག་མེད་ཚེ།  རིག་གནས་ཀྱི་འཕེལ་རྒྱས་ཞེས་པའང་མེད་ཅིང་།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཞེས་པའང་དེ་བཞིན་ནོ།།”ཞེས་བྱུང་བ་ལ།  ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ངོས་ནས་རིག་གནས་ལ་རིན་ཐང་ག་ཚོད་བསྩལ་ཡོད་པ་གསལ་ལེར་ངེས་ཐུབ།

   རིག་གནས་རང་རྟོན་ནི་མདོར་དེད་ན་སྐད་ཡིག་རིག་གནས་ལ་བརྟེན་ནས་འབྱུང་དགོས་པ་དང་།  སྐད་ཡིག་རིག་གནས་དེ་སློབ་གསོའི་མ་ལག་ཧྲིལ་བོ་ལས་རིམ་པར་རྒྱུན་འཛིན་བྱེད་དགོས།  དོན་དངོས་སྟེང་།  སྐད་ཡིག་རིག་གནས་ནི་སྐད་ཡིག་བསླབ་དེབ་ལས་མངོན་དགོས་པ་ཞིག་ལས།  བསླབ་ཚན་མི་འདྲ་བའི་ནང་དོན་ཁག་སྐད་ཡིག་དེས་ཁྲིད་པ་ལས་མངོན་དུ་འཇུག་པའམ་མངོན་འགྱུར་བྱེད་དགོས་པ་ཞིག་མིན།  དེ་བཞིན།  སྐད་ཡིག་རིག་གནས་ནི་སློབ་གསོའི་མ་ལག་ཧྲིལ་བོའི་ཁྲོད་ཕན་ཚུན་འགལ་མེད་དུ་སྒྲུབ་དགོས་པ་ཞིག་ལས།  སློབ་ཁང་སློབ་ཁྲིད་ཁོ་ནའི་ཆ་ནས་འགྲུབ་པར་བགྱིད་དགོས་པ་ཞིག་ཀྱང་མིན་ནོ། །

   མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ཕྱི་ལོ1997ལོའི་ཐེངས་ཉེར་བརྒྱད་པའི་ཚོགས་ཆེན་སྟེང་ལོ་རེར“འཛམ་གླིང་སྐད་ཡིག་སྙན་ཞུ”དབུལ་དགོས་པའི་གཏན་འབེབ་བྱས་ཤིང་།  དེ་ལ་བརྟེན་ནས་འཛམ་གླིང་གི་སྐད་ཡིག་གནས་བབ་རྟོགས་པར་བྱེད་རྒྱུ་གཏན་ལ་ཕབ།  གཏན་འབེབ་དེ་འདྲ་ཞིག་བྱེད་པའི་དམིགས་ཡུལ་ནི།  འཛམ་གླིང་གི་སྐད་ཡིག་སྣ་མང་དང་ཕུན་སུམ་ཚོགས་པའི་རང་བཞིན་སྲུང་སྐྱོབ་ཀྱིས།  མི་རྣམས་ལ་ཕ་སྐད་ལ་དུངས་དགོས་ཤིང་དེ་ཉིད་རྒྱུན་འཛིན་བྱེད་དགོས་པར་སྐུལ་བའི་ཆེད་དུ་རེད།  དེ་འདྲའི་གནས་བབ་འོག  ཕྱི་ལོ1999ལོའི་ཟླ་བཅུ་གཅིག་པར་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་ཚོགས་ཆེན་སྟེང་།  ཕྱི་ལོ2000ལོ་ནས་བཟུང་ལོ་རེའི་ཟླ2ཚེས21ཉིན་ནི“རྒྱལ་སྤྱིའི་ཕ་སྐད་ཉིན་མོར” (Internationnal Mother Language Day)གཏན་འཁེལ་ཞིང་།  མི་རིགས་སོ་སོའི་ཕ་སྐད་ཀྱི་བདག་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པ་དང་།  ལྷག་པར་རྒུད་ཉེའི་སྐད་རིགས་ལ་དོ་སྣང་གིས་སྐད་ཡིག་སྣ་མང་རང་བཞིན་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཁག་ཐེག་ཡོང་བ་བྱེད་རྒྱུའི་ཆོད་སེམས་བསྟན།  ཀྲུང་གོར་མཚོན་ནའང་།  ཕྱི་ལོ2006ལོ་ནས་བཟུང་བྱ་འགུལ་འདིར་ཞུགས་ཏེ་ད་ལྟའི་བར་ཡོང་བའོ། །རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ཡིས“ཕ་སྐད་སློབ་གསོ་ཁྱབ་སྤེལ་བྱས་ཏེ།  སྐད་ཡིག་རིག་གནས་ཀྱི་སྣ་མང་རང་བཞིན་ཆགས་པར་བརྩོན་དགོས།”ཞེས་པ་འདི་རྩ་དོན་དུ་བཟུང་ཡོད་ཅིང་།  ལོ་རེ་རེའི་བརྗོད་གཞི་མི་འདྲ།  དཔེར་ན།  ཕྱི་ལོ2018ལོའི་རྒྱལ་སྤྱིའི་ཕ་སྐད་ཉིན་མོའི་བརྗོད་གཞི་ནི“སྐད་ཆའི་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱེད་ཅིང་སྐད་རིགས་སྣ་མང་བེད་སྤྱོད་ཀྱིས་རྒྱུན་མཐུད་འཕེལ་རྒྱས་འབྱུང་བའི་དམིགས་འབེན་ལ་རྒྱབ་སྐྱོར་བྱེད”ཅེས་པ་དེ་ཡིན་པ་དང་།  ལོ་དེའི་ཀྲུང་གོའི་རྒྱལ་སྤྱིའི་ཕ་སྐད་ཉིན་མོའི་བརྗོད་གཞི་ནི།  “རང་ཅག་གི་སྙན་འཇེབས་ལྡན་པའི་ཕ་སྐད་དང་གནའ་ཡིག་ལ་བརྩི་མཐོང་བྱེད་དགོས”ཞེས་པ་དེའོ། །

   གོང་སྨོས་འདིའི་ཐད་ནས་བཤད་ན།  ང་ཚོས་ཕ་སྐད་ལ་སྲུང་སྐྱོབ་ཀྱིས་ཤེས་རིག་གི་རྒྱུན་ཡོད་པར་བྱེད་པ་འདི་སློབ་གསོའི་དམིགས་འབེན་གལ་ཆེ་བ་དེར་བལྟ་དགོས་ཤིང་།  དེའང་སློབ་གསོར་མ་བརྟེན་ཐུ་མེད་ཡིན་པ་རྟོགས་ཐུབ།  སྐད་ཡིག་ལ་ང་ཚོའི་རིན་ཐང་ལྟ་བ་དང་དད་མོས།  ཐོབ་ཐང་ཁས་ལེན་སོགས་བརྟེན་ཡོད་ཅིང་།  སྐད་ཡིག་ལ་བརྟེན་ནས་ང་ཚོའི་ཉམས་མྱོང་དང་སྲོལ་རྒྱུན།  ཤེས་བྱ་སོགས་བརྒྱུད་སྒྲོག་བྱེད་བཞིན་ཡོད།  སྐད་ཡིག་ལ་འདི་ལྟའི་ནུས་པ་དང་ཤུགས་རྐྱེན་བསམ་ཡུལ་ལས་འདས་པ་མང་དུ་ཡོད་པའི་རྐྱེན་གྱིས།  སློབ་གསོའི་མ་ལག་ཧྲིལ་བོའི་ཁྲོད་སྐད་ཡིག་སློབ་གསོ་ནི་སྲོག་ཤིང་དང་གཞུང་ཤིང་དངོས་དེ་ཆགས་ཡོད།  སྐད་ཡིག་སློབ་གསོ་ནི་མི་རིགས་སོ་སོར་བར་དམིགས་ནས་བཤད་ན་ཕ་སྐད་སློབ་གསོ་ལ་རག་ལས་པ་ཞིག་ཡིན་ལ།  ཕ་སྐད་སློབ་གསོ་ནི་རིག་གནས་རང་རྟོན་འབྱུང་བྱེད་ཀྱི་རྩ་བའི་རྒྱུ་དང་ཁུངས་ཡིན་པས་ན།  ཕ་སྐད་སློབ་གསོ་ལ་མ་བརྟེན་པའི་རིག་གནས་རང་རྟོན་ཞིག་དང་།  རིག་གནས་རང་རྟོན་ལ་གཞི་མ་བྱས་པའི་སློབ་གསོའི་ཐབས་ཚུལ་ཡང་དག་པ་ཞིག་མེད་དོ། །

   དོན་དངོས་སྟེང་།  ཕ་སྐད་སློབ་གསོ་ནི་མི་རིགས་ཀྱི་ཁོངས་མིར་གྱུར་བའི་མི་ཡོད་ཚད་ལ་ཐོག་མའི་སློབ་གསོ་ཐོབ་བྱེད་ཀྱི་ཐབས་ལམ་ཁོ་ན་དེའི་ཚུལ་དུ་ཡོད་ཅིང་།  དེ་ནི་འགྲོ་བ་མིའི་མ་མཐའི་བརྩི་ཐང་ལ་འབྲེལ་བའི་སློབ་གསོའི་དབང་ཆ་ཞིག་ཀྱང་ངོ་། །མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་ལས་འཛིན་ཨའོ་སྒྲི་རེ་ཨ་རྫོ་ལེ(Audrey Azoulay)ལགས་ནས་ཕྱི་ལོ2018ལོའི་རྒྱལ་སྤྱིའི་ཕ་སྐད་ཉིན་མོའི་ཚོགས་ཆེན་སྟེང་།  “ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་བྱིས་པ་སློབ་གྲྭར་ཞུགས་རྗེས་ཀྱི་ཆེས་ཐོག་མའི་ལོ་འགའི་ནང་ཕ་སྐད་བཀོལ་རྒྱུའི་འདོད་ཚུལ་འཛིན་བཞིན་ཡོད་དེ།  རྒྱུ་མཚན་བྱིས་པས་ཕ་སྐད་བསླབས་པའི་འབྲས་བུ་དེ་ཐབས་གཞན་གྱིས་ནུས་དཀའ་བ་ཞིག་ཡིན་པས་རེད།  དེ་བཞིན་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ཐུན་མོང་གི་སྟེགས་བུ་དང་ལྷག་པར་མཉམ་འབྲེལ་དྲ་རྒྱའི་སྟེང་ཕ་སྐད་སྤྱོད་པར་སྐུལ་མ་གཏོང་བཞིན་ཡོད་ལ།  སྐད་རིགས་མང་པོའི་བཀོལ་སྤྱོད་དེ་མཉམ་འབྲེལ་དྲ་རྒྱའི་སྟེང་རྒྱུན་ལྡན་ཞིག་ཏུ་འགྱུར་འོས།”[③]ཞེས་གསུངས་འདུག  དེ་རང་ཅག་གི་མ་འོངས་པའི་སྐད་ཡིག་སློབ་གསོའི་རིགས་ལམ་ལ་ངོས་བཟུང་ནའང་འཐུས།

   ཕ་སྐད་ནི་མི་རིགས་རིག་གནས་རྒྱུན་འཛིན་བྱེད་པའི་རྩ་བ་ཡིན་ཞིང་།  མི་རིགས་ཀྱི་ལར་རྒྱ་དང་གོ་ཐོབ་མཚོན་བྱེད་ཀྱང་ཡིན།  དེ་བཞིན་ཕ་སྐད་སློབ་གསོ་ནི་ཆེས་མྱུར་ལ་བདེ་བའི་ཐབས་འབའ་ཞིག་སྟེ།  མི་རིགས་ཀྱི་ལར་རྒྱ་དང་རང་རྟོན།  དམངས་གཙོ།  དཀྱེལ་ཡངས་ཀྱི་སྙིང་སྟོབས་སོགས་སྐྱེད་སྲིང་བྱེད་པ་ལ་ཐབས་མཆོག་ཏུ་གྱུར་བ་དེའོ། །ཐབས་ལམ་རིག་པའི་ངོས་ནས་བརྗོད་ན།  ཕ་སྐད་སློབ་གསོ་ནི་ངོས་གསུམ་ནས་གཉེར་དགོས་པ་སྟེ།  བེད་སྤྱོད་ཀྱི་ངོས་ནས་ལག་ལེན་རང་བཞིན་མངོན་པར་སྒྲུབ་དགོས་པ་དང་།  མཛེས་རྟོག་གི་ངོས་ནས་སྐད་ཡིག་གི་མཛེས་པའམ་སྙན་ཆ་ཡོད་པའི་སྒོ་ནས་སྒྲུབ་དགོས་ལ།  རིག་གནས་བསམ་བློའི་ངོས་ནས་ཤེས་རིག་རྒྱུན་འཛིན་ཡོད་པར་སྒྲུབ་དགོས་སོ། །

   དེ་བཞིན།  ཕ་སྐད་སློབ་གསོ་ནི་སློབ་གྲྭ་ཁོ་ནས་འགྲུབ་པ་ཞིག་ཀྱང་ག་ལ་ཡིན་ཏེ།  སློབ་གྲྭའི་རྒྱུན་མཐུད་སློབ་གསོའི་ཞོར་ལ།  ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་ལག་ལེན་གྱི་སློབ་གསོ་ལས་འགྲུབ་པར་བགྱིད་དགོས།  རྩ་བའི་སྟེང་ནས་།  ཕ་སྐད་སློབ་གསོ་དེ་དེང་རབས་ཅན་གྱི་ལམ་ཆེན་སྟེང་དེང་རབས་རང་ལ་འཕྲོད་པའི་ངོས་ནས་སྒྲུབ་དགོས་པ་སྟེ།  དཔེར་ན་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་བརྟེན་ཞིང་དྲ་རྒྱའི་བེད་སྤྱོད་ཀྱི་སྟེང་ནས་གཉེར་བ་དང་།  དེང་རབས་གཞི་གྲངས་ཆེན་མོའི་ལག་རྩལ་སོགས་ལ་གཞི་བྱས་ཏེ་གཉེར་དགོས།  དེ་མ་ཡིན་ཚེ།  ནུབ་པར་འགྱུར་བའི་ཆ་རྐྱེན་མ་བསྐྲུན་རང་བསྐྲུན་ཡིན་ནོ། །

   ང་ཚོས་གླེང་བཞིན་པའི་ཕ་སྐད་སློབ་གསོ་ནི་སྐད་རིགས་སྣ་མང་གི་སྒྲོམ་གཞིའི་འོག་གི་ཕ་སྐད་སློབ་གསོ་ཞིག་ཡིན་དགོས་ཏེ།  དེ་མིན་ཚེ་དེང་རབས་ཀྱི་དཔལ་འབྱོར་གཅིག་གྱུར་ཅན་དང་རིག་གནས་སྣ་མང་ཅན་གྱི་འབྲེལ་བ་ངོས་མ་ཟིན་པའི་རྟགས་ཀྱང་ཡིན།  དོན་ལ།  བར་ཁྱད་ཁས་ལེན་པ་ནི་ཕན་ཚུན་བརྩི་འཇོག་བྱེད་པའི་སྔོན་འགྲོ་ཡིན་ཞིང་།  ཕན་ཚུན་མཐུན་སྒྲིལ་མཉམ་གནས་ཡོང་བ་ལ་ཐོག་མར་ཕན་ཚུན་ལ་མཆིས་པའི་ཁྱད་ཆོས་སོ་སོ་བ་ཁས་ལེན་དགོས།  རང་གི་ཁྱད་ཆོས་ཀྱང་ཡོད་པའི་སྒོ་ནས་གཞན་གྱི་རིག་གནས་ལ་བརྩི་འཇོག་མཐོང་ཆེན་བྱས་ཚེ།  ཕན་ཚུན་འཚེ་མེད་ཞི་མཐུན་དང་རོགས་རེས་མཉམ་འཚོ་འབྱུང་ངོ་། །རྒྱུ་མཚན་དེའི་དབང་གིས།  ཀྲུང་གོའི་ནང་ལོགས་ཀྱི་མི་རིགས་སུ་ལ་མཚོན་ནང་ཆོག་སྟེ།  སོ་སོའི་ཕ་ས་གཉོར་སྐྱོང་གིས་བརྩོ་འཇོག་རམ་འདེགས་བྱེད་པ་དང་།  སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་ངོ་སོ་ཡོད་ཅིང་ལ་རྒྱ་ཡོད་པའི་སྒོ་ནས་རང་གཤིས་ཡོད་པར་གནས་སུ་འཇུག་རྒྱུ་གལ།  ངེས་དགོས་རྒྱུ་ལ།  རྒྱལ་ཁབ་ཁས་ལེན་ཞེས་པ་ནི་ཆབ་སྲིད་ཁས་ལེན་ལ་བརྗོད་པ་ལས་རིག་གནས་ཁས་ལེན་ལ་གོ་བ་ལེན་མི་རུང་།  གལ་ཏེ་དེ་བཞིན་གོ་བ་བླངས་ཚེ།  གོ་བ་ལེན་སྟངས་ནོར་བའོ། །རང་རེའི་རྒྱལ་ཁབ་ལྟ་བུར་མཚོན་ན།  ཆབ་སྲིད་དང་རིག་གནས་ཀྱི་འབྲེལ་བ་ནི་ཆབ་སྲིད་གཅིག་འདུས་འོག་གི་རིག་གནས་སྣ་མང་ཞེས་པ་འདི་ཡིན་དགོས་སོ། །

         གཉིས།  རིག་གནས་རང་རྟོན་ནི་སློབ་གསོ་སྒྲུབ་པའི་སྔོན་འགྲོ་ཡིན།

   རིག་གནས་རང་རྟོན་ནི་རང་དགར་འབྱུང་བ་ཞིག་མིན་པས་ན།  དེ་ཉིད་མི་རིགས་རིག་གནས་ཀྱི་སྟོབས་ཆེའི་ཡིད་ཆེས་ཤིག་ལས་རྙེད་དགོས་པ་ཡིན་ཞིང་།  ཡིད་ཆེས་དེ་ལའང་རྩ་བ་མེད་པའི་གློ་བུར་བའི་འབྱུང་ལུགས་མེད་པས།  དོན་ལ་ལོ་ངོ་སྟོང་ཕྲག་རིང་བརྒྱུད་ཅིང་བསགས་ནས་ཡོང་བའི་རིག་གནས་ཀྱི་ཞིང་ས་ཆེན་པོའི་དཀྱིལ་དུ་སྨིན་དགོས།  བོད་རང་ལ་མཚོན་ནས་བརྗོད་ན།  ཁོ་བོའི་བསམ་པར་བོད་ཀྱི་རིག་གནས་རང་རྟོན་ནི་བོད་བརྒྱུད་ནང་བསྟན་ལ་གཞི་བྱས་པའི་སྟོབས་ཆེའི་དད་མོས་ལ་འབྲེལ་བའི་ཡིད་ཆེས་ཤིག་ལ་བརྟེན་དགོས་པར་སྙམ་སྟེ།  དེ་ནི་རྒྱལ་སྤྱི་རྒྱལ་ནང་གི་ཁ་ཕྱོགས་དང་ལྷག་པར་བོད་ཀྱི་ནང་བསྟན་ཅན་གྱི་རིག་གནས་འདིའི་རྒྱལ་སྤྱིའི་ཁས་ལེན་ལས་རྙེད་དགོས་པར་འདོད་ཅིང་།  དེ་ལས་རྙེད་ཅིང་རིམ་གྱིས་ཆགས་པའི་རིག་གནས་རང་རྟོན་འདི་ཉིད་ནམ་ཞིག་སྒུལ་མི་ཚུགས་པའི་ཡིད་ཆེས་དང་སྤོབས་སེམས་ལ་འབྲེལ་བའི་སློབ་གསོའི་སྒུལ་ཤུགས་སུ་སྨིན་པའི་སྐབས་ན།  བོད་ཀྱི་སློབ་གསོའི་ལག་ལེན་དང་རིག་གནས་རང་རྟོན་གཉིས་ངོ་བོ་གཅིག་ཏུ་གྱུར་བའོ། །

   དོན་ལ།  རིག་གནས་རང་རྟོན་ནི་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ཀྱི་བཅུད་ལས་འཕེལ་ཏེ་གནས་དགོས་ཤིང་།  དེང་རབས་སློབ་གསོ་གཉེར་བ་ལའང་།  སྲོལ་རྒྱུན་གྱི་རོ་བཅུད་འཛོམས་པའི་རིག་གནས་རང་རྟོན་འདི་མེད་མི་རུང་བར།  སྔོན་འགྲོའི་ལམ་གྱི་རིམ་པ་ཞིག་གོ །

         གསུམ།  སློབ་གསོའི་རིགས་ལམ་འཚོལ་བར་རིག་གནས་རང་རྟོན་ནས་དབུ་རྩོམ་དགོས།

རིག་གནས་ནི་འདུ་ཤེས་ཅན་ཞིག་དང་།  རྟགས་མཚན་ནམ་བརྡ་རྟགས་ཅན་ཞིག  འཚོ་བའི་རང་བཞིན་མངའ་བ་ཅན་ཞིག་ཡིན།  དེ་བས།  རིག་གནས་འདི་འཚོ་གནས་ལ་དམ་དུ་འབྲེལ་བ་ཞིག་ཡིན་པ་ཤེས་སླ་ལ།  རིག་གནས་ལ་འཚོ་གནས་ཀྱི་ངོས་ཐད་ནས་གསར་གཏོད་བྱེད་རྒྱུ་ཡོད་པའང་ཤེས་སླ།  རིག་གནས་ལ་འཚོ་གནས་ཐད་ཀྱི་བཀོལ་སྤྱོད་དང་གསར་གཏོད་རང་བཞིན་མངའ་བའི་སྟབས་ལས།  སློབ་གསོའི་རིགས་ལམ་འཚོལ་སྐབས་གནད་འདི་ངོས་ཟིན་དགོས་ཤིང་།  དེའི་རྨང་གཞིའི་སྟེང་།  རིག་གནས་རང་རྟོན་ཡོད་པར་རིགས་ལམ་སྙེག་དགོས།  རིག་གནས་འདི་འཚོ་གནས་ལ་འབྲེལ་བའི་ཤེས་པ་ཞིག་ཡིན་ཚུལ་ངོས་ཟིན་ཚེ།  ང་ཚོས་སློབ་གསོ་ནི་རིག་གནས་ལྟེ་བར་བྱས་ཏེ་སྒྲུབ་དགོས་པ་ཞིག་ཡིན་པ་ཞར་ལ་ངེས་ཐུབ་ཅིང་།  དེ་ཉིད་རིག་གནས་རང་རྟོན་ལ་མ་བརྟེན་ན་ཤུགས་མེད་ཅིང་དུས་ཡུན་ཐུང་ངུའི་ནང་འབྲས་བུ་ལོན་དཀའ་བ་ཞིག་ཡིན་པའང་ཤེས་ནུས་སོ། །

སློབ་གསོ་གཉེར་སྐབས།  ཐོག་མར་སློབ་གསོ་སྒྲུབ་མཁན་གྱི་སློབ་གསོའི་སྲིད་འཛིན་མི་སྣར་རིག་གནས་རང་རྟོན་དགོས་པ་དང་།  དེ་ནས་དགེ་རྒན་བྱིངས་ལ་རིག་གནས་རང་རྟོན་གྱི་འདུ་ཤེས་ཤུགས་དྲག་པ་ལྷོག་ལྷོག་ཏུ་འཕྱུར་བ་དེ་དགོས་ལ།  མཇུག་མཐར་སློབ་མ་ཐེ་བའི་མི་རིགས་ཀྱི་སྤྱི་ཚོགས་ཧྲིལ་བོར་རིག་གནས་རང་རྟོན་གྱི་ཡིད་ཆེས་དང་དེ་ལས་འཕེལ་བའི་མི་རིགས་ཀྱི་བརྩི་ཐང་དང་ལར་རྒྱ་དགོས་སོ། །སྤྱིར་བཏང་བརྗོད་ན།  སློབ་གསོའི་རིགས་ལམ་ཞེས་པའང་དོན་ལ་རིག་གནས་རང་རྟོན་ལ་བརྟེན་པའི་ཁ་ཕྱོགས་དེ་ཡིན་ཞིང་།  རིག་གནས་རང་རྟོན་འབྱུང་བར་ཐོག་མར་རིག་གནས་རང་རྟོགས་བྱེད་དགོས་སོ། །

         བཞི།  རིག་གནས་རང་རྟོན་གྱི་བཀག་རྒྱ་དང་རིག་གནས་འདོར་ལེན་བྱེད་སྟངས།

   གོ་ལ་གཅིག་གྱུར་ཅན་དུ་ཕྱོགས་པའི་གནས་བབ་འོག  བོད་ཀྱི་རིག་གནས་རང་རྟོན་ལ་བཀག་རྒྱའང་མང་སྟེ།  གཅིག་ནས།  གཞན་རིགས་ཀྱི་རིན་ཐང་ལྟ་བ་ཕྱིར་སྤེལ(价值输出)ལས་འགུལ་གྱིས་བོད་ཀྱི་རིག་གནས་རང་རྟོན་ལ་བཀག་རྒྱ་བྱུང་བ་དང་།  གཉིས་ནས།  བོད་ཀྱི་རིག་གནས་དཔྱད་བརྗོད་ལ་འབྲེལ་བའི་གཞུང་ལུགས་དག་བོད་ཀྱི་གནད་དོན་དང་ཐག་རིང་པོར་འགྲོ་བཞིན་ཡོད་སྟབས།  སྨྲ་བརྗོད་བདག་དབང་གི་རྩོད་པས་བོད་ཀྱི་རིག་གནས་རང་རྟོན་ལ་བཀག་རྒྱ་འབྱུང་ལ།  གསུམ་ནས།  སྨྱན་བྱེད་མ་ལག་རྒྱ་བསྐྱེད་ཀྱིས་བོད་ཀྱི་རིག་གནས་རང་རྟོན་ལ་བཀག་རྒྱ་འབྱུང་ཞིང་།  བཞི་ནས།  དྲ་རྒྱའི་སྐད་ཡིག་མ་སྤེལ་ཚེ་དྲ་རྒྱ་བདག་བཟུང་གིས་བོད་ཀྱི་རིག་གནས་རང་རྟོན་ལ་བཀག་རྒྱ་འབྱུང་ངེས་པ་བཅས་སོ། །

   འཕེལ་རྒྱས་རིག་པའི་ཐད་ནས་བརྗོད་ན།  རིག་གནས་ལ་རང་རྟོན་མི་བྱེད་པའི་མི་རིགས་ལ་མ་འོངས་པའི་རེ་བ་མེད།  རིག་གནས་རང་རྟོན་བྱེད་པ་ལའང་།  ཐོག་མར་རང་གི་ཚུགས་མི་འདོར་བ་སྟེ་འདི་ནི་ས་བོན་ལྟ་བུ་ཡིན་ལ།  དེ་ནས་གཞན་གྱི་ལེགས་ཆ་ལེན་པ་སྟེ་ཞིང་ས་ལྟ་བུ་དང་།  མཇུག་མཐར་མ་འོངས་གདོང་གིས་བསུ་བ་སྟེ་སྒུལ་ཤུགས་དངོས་ཡིན་ནོ། །

   རིག་གནས་རང་རྟོན་གྱི་འདུ་ཤེས་ཚུགས་པར་བྱེད་པ་ལ་སྲོལ་རྒྱུན་རིག་གནས་རྒྱུན་སྐྱོང་ནུས་པར་འཕེལ་རྒྱས་གཏོང་བའི་ཐབས་ནས་བརྩོན་དགོས་ཤིང་།  དེ་ལའང་སྲོལ་རྒྱུན་རིག་གནས་ལ་ཇི་ལྟར་འདོར་ལེན་བྱེད་པ་ཉིད་གཙོ་བོར་གྱུར་ཡོད།  སྲོལ་རྒྱུན་རིག་གནས་རྒྱུན་སྐྱོང་ནུས་པར་འདོར་ལེན་དང་འཕེལ་རྒྱས་གཏོང་བ་ལ་ཐབས་གསུམ་ཙམ་ལུགས་བཞིན་གཉེར་དགོས་ཏེ།  ༡ ཡུལ་དུས་གནས་སྐབས་ལ་མི་ལྟོས་པའི་རིག་གནས་རིན་ཐང་མ་ལག་དང་།  ཀུན་སྤྱོད་ལུགས་སྲོལ།  མཛེས་རྟོག་ལྟ་སྟངས།  རིན་ཐང་འཛིན་ཕྱོགས།  ཁྱིམ་སྲིད་སྐྱོང་སྟངས་སོགས་ནི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དང་སྲོག་གི་གཞུང་རྟས་བཟུང་བ་འབའ་ཞིག་ཡིན་པས་ན།  རྒྱུན་སྐྱོང་བར་བྱའོ། །༢ ཡུལ་དུས་གནས་སྐབས་འགྱུར་བར་བརྟེན་ནས་རིག་གནས་ཀྱི་ཡན་ལག་ཁ་ཤས་ཙམ་དེང་དུས་ལ་སྨན་པར་ཟད་ན།  བསྐྱར་དུ་དུས་བསྟུན་འགྲེལ་བརྗོད་དང་དེང་རབས་ལ་མཐུན་པར་བཅོས་ཏེ།  དོན་གསར་བས་མངོན་པར་བྱའོ། །༣ ཡུལ་དུས་གནས་སྐབས་ལ་མི་མཐུན་ཞིང་གེགས་དང་སྒྲོག་ཏུ་མཆིས་པའི་རིགས་ཡིན་ན་ནི།  དགག་བཞག་དང་རྩྭ་བཞིན་དོར་དགོས་ནའང་འདོར་བར་བྱ་སྟེ།  ཕངས་སེམས་མེད་པར་བྱའོ། །

         ལྔ།  སློབ་གསོའི་རིགས་ལམ་དངོས་ནི་རིག་གནས་ཀྱི་ཁྱད་ཆོས་མི་འདོར་བ་དེ་ཡིན།

   སློབ་གསོའི་རིགས་མ་ཡང་དག་པ་ནི།  རིག་གནས་ལ་བརྟེན་ནས་མི་གཞི་སྐྱེད་སྲིང་བྱེད་པ་དང་།  ཁྱད་ཆོས་ལ་བརྟེན་ནས་སློབ་གསོ་གཉེར་དགོས་པ་དེ་ཡིན་ཞིང་།  གོ་ལ་གཅིག་གྱུར་ཅན་དུ་ཕྱོགས་པའི་གནས་བབ་འོག  རིག་གནས་རང་སྟེང་གི་རིན་ཐང་དང་དེའི་ཚེ་སྲོག་ལ་ཁས་ལེན་དང་རྒྱུན་འཛིན་གྱི་ནུས་པ་མེད་སོང་ཚེ།  རང་གི་ཁྱད་ཆོས་འཆོར་ཏེ་མཉེན་ཤུགས་ཀྱིས་མི་རིགས་འདེགས་མི་ཐུབ།  རྒྱལ་ཁམ་ཙམ་མ་ཟད།  མི་རིགས་ཤིག་འཕེལ་རྒྱས་འགྲོ་བ་ལའང“སྲ་མོའི་སྟོབས”(硬实力)དང“མཉེན་པའི་ཤུགས”(软实力)[④]གཉིས་ཀ་འཛོམས་དགོས་ཤིང་ཉིས་ཆ་ནས་འཕེལ་རྒྱས་འགྲོ་དགོས་སོ། །

   མི་རིགས་ཀྱི་ཚེ་སྲོག་ནི་རྒྱལ་ཁབ་ཀྱི་ཚེ་སྲོག་ལས་རིང་ཞིང་ཤུགས་ཆེ་སྟབས།  མི་རིགས་སུ་ལ་མཚོན་ནའང་རང་གི་རིག་གནས་རྒྱུན་སྐྱོང་བར་བྱེད་པ་དང་།  དེའི་ཤུགས་ཆེ་རུ་བསྐྱེད་དེ་འཕེལ་རྒྱས་ཀྱི་ལམ་དུ་འགྲེང་ཚུགས་ཡོད་པར་བྱེད་རྒྱུ་ནི།  རིག་གནས་ཀྱི་ཁྱད་ཆོས་མི་འབོར་བའི་ཐབས་དངོས་གནས་པ་དེ་ཡིན།  འཛམ་གླིང་གི་ལོ་རྒྱུས་ལས་དཔག་ན།  རིག་གནས་ནང་ཁོང་འཛུགས་སྐྲུན་གྱིས་རང་ཉིད་སྲུང་ཞིང་སྐྱོང་བ་དང་།  རིག་གནས་ཕྱིར་སྤེལ་གྱིས་རང་གི་ཚེ་སྲོག་རྒྱུན་རིང་བོར་བསྲིངས་བའི་དཔེ་མང་ལ་དེ་ལས་ལྡོག་པའང་མཆིས་ཏེ།  དཔེར་ན་གཱ་ན་དང་ཁོ་རེ་ཡ་ལྷོ་མའི་དཔེ་བཞིན་ནོ། །ན་གཱ་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀ་དུས་རབས་གོང་མའི་ནང་ཆ་རྐྱེན་འདྲ་བར་ཡོད་པའི་རྒྱལ་ཁབ་གཉིས་ཡིན་པ་ལ།  སྔ་མས་རིག་གནས་ནང་ཁོང་འཛུགས་སྐྲུན་ལ་ཡ་མ་བྱས་པར་སྣ་གཅིག་ཁོ་ན་གཉེར་བས་རྗེས་སུ་ལུས་པ་དང་།  ཕྱི་མས་དཔལ་འབྱོར་སྤེལ་བའི་ཞོར་ལ་རིག་གནས་ཀྱི་ནང་ཁོང་འཛུགས་སྐྲུན་ལ་རེམ་པས།  དེང་སང་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཏུ་ཆགས་འདུག་པ་ལྟར་རོ། །

   མི་རིགས་ཀྱི་ཁྱད་ཆོས་མི་འདོར་བར་འཕེལ་རྒྱས་འགྲོ་བའི་གནས་སྟངས་གླེང་སྐབས།  དེ་ཉིད་དེང་རབས་ཅན་ཞེས་པའི་འབྲེལ་ཡོད་གཞུང་ལུགས་ལ་ངོས་ཟིན་པའི་སྒོ་ནས་བསམ་བློ་གཏོང་དགོས་པ་སྟེ།  གནའ་དེང་ཟུང་འབྲེལ་གྱི་ངང་ལ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་དགོས།  དེ་ལ“གནའ”ཞེས་པ་ནི་རང་གི་མེས་པོའི་བློ་གྲོས་ལས་ཐོན་པའི་གཞན་དང་མཚུངས་པ་མེད་པའི་རང་གཤིས་ཅན་གྱི་ཤ་དང་ཁྲག་གི་ཤེས་རིག་གི་རྒྱུན་དེར་བསྟན་པ་ཡིན་ཞིང་།  “དེང”ཞེས་པ་དེང་རབས་ཐུན་མོང་ཤེས་རིག་གི་དངོས་པའི་རྩོལ་སྒྲུབ་ཙམ་མིན་པར།  ཤེས་པའི་རིག་གནས་ཀྱི་ཡོངས་ཁྱབ་ཤེས་རིག་ལ་བརྗོད།  གནའ་བོའི་ཤེས་རིག་ནི་འདས་ཟིན་སྤྱི་ཚོགས་ཀྱི་རིག་གནས་ལགས་པས་ཤེས་པའི་རྒྱུན་མ་འགག་པ་ཞིག་གི་སྒོ་ནས་སློབ་དགོས་ལ།  དེང་རབས་ཤེས་རིག་ནི་ད་ཡོད་སྤྱི་ཚོགས་ཀྱི་ལག་ལེན་ལ་འཕྲོད་པ་ཅན་ཡིན་པས།  ལག་ཆ་དང་འཚོ་ཚིས་ཀྱི་ངོས་ནས་ལེན་དགོས་སོ།  །དེ་ལྟ་མ་ཡིན་ཚེ།  གནའ་དེང་ཟུང་འབྲེལ་གྱི་དོན་སྙིང་དངོས་དེ་བོར་སོང་བའོ།  །


གསུམ་པ།  སློབ་གསོ་ལག་ལེན་གྱི་ཐབས་ཚུལ་དང་རིགས་ལམ།


         ད་ལྟ་སློབ་ཁྲིད་སྒྲིག་ཆས་བཟང་ལ་ཕྱིའི་ཁོར་ཡུག་ལེགས་པོར་འཁྱོངས་ཡོད་པ་དང་།  དགེ་རྒན་གྱི་ཆ་རྐྱེན་ལེགས་སུ་ཕྱིན་ཏེ་འཚོ་བར་དཀའ་ངལ་མེད་པས།  སློབ་གསོའི་གནད་དོན་ཁྲོད་དགེ་རྒན་གྱི་སློབ་ཁྲིད་ཁོ་ན་གནད་འགག་ཏུ་གྱུར་ཡོད།  དགེ་རྒན་དཔེ་ལེགས་ཅན་ནི་ཅི་ལྟ་བུ་ཞིག་ཡིན་པའི་སྐོར་ལ་མང་མང་གིས་ཞིབ་ཏུ་གླེང་ཡོད་པས་འདིར་མི་སྤྲོ་ཞིང་།  དོན་ལ།  ལྷིང་འཇགས་སྲུང་ཐུབ་པའི་དགེ་རྒན་དག་དགེ་རྒན་དཔེ་ལེགས་ཅན་དུ་གོ་བ་བླངས་ན་ཆོག་གོ །

   སློབ་གསོ་ལག་ལེན་གྱི་ཐབས་ཚུལ་དང་རིགས་ལམ་དངོས་གླེང་བ་ལ།  ཐོག་མར་ང་ཚོས་ཉེ་དུས་ཀྱི་སློབ་གསོའི་འཕེལ་ཕྱོགས་ལ་ཅིག་བལྟ་དགོས་བྱུང་།  ཕྱི་ལོ2018ལོའི་ཟླ9ཚེས10ཉིན།  རྒྱལ་ཁབ་གཞུང་གིས་རྒྱལ་ཡོངས་སློབ་གསོ་བྱ་བའི་ཚོགས་ཆེན་བསྡུས་པ་ཡིན་ཞིང་།  དེར་སློབ་གསོ་ནི་རྒྱལ་ཇུས་ཆེན་པོ་ཞིག་ཡིན་པར་མ་ཟད།  ཏང་གི་ཇུས་གཞི་ཆེས་ཆེ་བ་དེའང་ཡིན་པའི་ཚུལ་བསྟན་ཏེ།  སློབ་གསོ་འདི་ཀྲུང་གོ་གུང་ཁྲན་ཏང་གི་གནད་ཆེའི་དམིགས་འབེན་ཆེས་མཐོ་བ་ཞིག་ཡིན་པའང་ཞར་ལ་བསྒྲགས།  ལྷག་པར།  ཚོགས་འདུ་དེའི་སྟེང་སློབ་གསོའི་ལས་དོན་ནི་ལས་དོན་ཡོད་ཚད་ཀྱི་སྔོན་འགྲོར་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་དགོངས་པ་བཏོན་ཞིང་།  ཀྲུང་གོའི་ས་གནས་ལ་རྐང་ཚུགས་པའི་སློབ་གསོ་སྒྲུབ་དགོས་པ་རྒྱུན་འཁྱོངས་དང་།  སློབ་གསོ་བཅོས་སྒྱུར་དང་གསར་གཏོད་བྱེད་པ་རྒྱུན་འཁྱོངས།  སློབ་གསོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འདེག་པའི་འགན་ཁུར་དགོས་པ་རྒྱུན་འཁྱོངས།  དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ནི་རྨང་གཞི་ཡིན་པ་རྒྱུན་འཁྱོངས་སོགས།  རྒྱུན་འཁྱོངས་བྱེད་དགོས་པ་དགུ་བཏོན་འདུག  ཡང་།  ཉེ་དུས་ནང་དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་སྐྲུན་པ་ཡིན་ཞེས་པའི་ཤོད་སྲོལ་སྟེང་།  དགེ་རྒན་ནི་མིའི་རིགས་ཀྱི་ཤེས་རིག་གི་རྒྱུན་འཛིན་པ་ཡིན་ཞེས་པའི་དགོངས་པ་བཏོན་ཡོད་ཅིང་།  འདིའི་ངོས་ནས་བལྟས་ན།  དགེ་རྒན་ནི་སྲོལ་རྒྱུན་ཤེས་བྱ་ཁྲིད་མཁན་ཙམ་མ་ཟད།  སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ།  གསར་གཏོད་བཅས་བྱེད་མཁན་ཡང་ཡིན་པའི་ཚུལ་གསལ་བོར་བསྟན་པ་རེད།  ན་ནིང་ནས་བཟུང་།  རྒྱལ་ཁབ་སློབ་གསོ་པུའུ་ཡིས་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་ལ་དགོངས་འཆར་རབ་དང་རིམ་པ་འདོན་བཞིན་འདུག་ཅིང་།  དུས་ཡུན་ཐུང་ངུའི་ནང་།  དགེ་རྒན་དཔུང་སྡེ་ཆེད་ལས་ཅན་དང་སྤུས་ཀ་ཅན་དུ་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན།  དཔེར་ན།  ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཕྱོགས་ཡོངས་ནས་གཏིང་ཟབ་སྒོས་དུས་རབས་གསར་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར་བྱེད་པའི་བསམ་འཆར》[⑤]ཞེས་པའི་ཡིག་ཆ་འགྲེམ་སྤེལ་བྱས་པ་དང་།  སློབ་གསོ་པུའུ་རྒྱུགས་ལེན་ལྟེ་གནས་ཀྱི་འགོ་གཙོ་ཅང་ཀང་དང་དྲུང་ཆེ་ལིག་ཅེ་གཉིས་ཀྱིས《ཀྲུང་གོའི་སློབ་གསོའི་ཚགས་པར》སྟེང《ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་འགན་འཁྲི་ཡིད་ལ་བརྣག་པར་བྱས་ཏེ་སློབ་གསོའི་རྒྱུགས་ལེན་གྱི་བྱ་བ་ལེགས་པོར་སྒྲུབ་དགོས》[⑥]ཞེས་པའི་རྩོམ་ཡིག་སྤེལ་ཏེ་མཐོ་རྒྱུགས་ཀྱི་རྒྱུགས་གཞིའི་བཅོས་སྒྱུར་སྐོར་ལ་མཛུབ་སྟོན་རང་བཞིན་གྱི་བསམ་བློ་བསྟན།  དོན་འདི་དག་གིས་གསལ་བཤད་བྱས་པ་ནི།  ད་ལོ་ནས་མཐོ་རིམ་སློབ་གྲྭར་སློབ་མ་བསྡུ་བའི་ཁ་ཕྱོགས་ལ་འགྱུར་བ་འགྲོ་ངེས་ཀྱི་བརྡ་བཏང་བ་དེ་ཡིན་ལ།  སློབ་གསོའི་བཅོས་སྒྱུར་དེའང་།  རྨང་གཞིའི་སློབ་གསོའི་དུས་རིམ་ནས་འགོ་རྩོམ་དགོས་པའི་བརྡ་གཏོང་བཞིན་པ་དེའོ། །སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིན་ལགས་ནས་བསྟན་པའི“རྒྱུན་འཁྱོངས་བྱེད་དགོས་པ་བཞི”དང“ཞབས་ཞུ་བྱེད་དགོས་པ་བཞི”ཞེས་པའི་གསུང་བཤད་དུའང་།  སློབ་གསོའི་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་སྐུལ་ཁྲིད་བྱེད་དགོས་པའི་དགོངས་པ་བཏོན་འདུག་ཅིང་།  སློབ་གསོ་དེ་ཀྲུང་གོ་རང་གི་ཁྱད་ཆོས་ལ་འཚམ་ཞིང་རྒྱལ་སྤྱིའི་འགྲོ་སྟངས་ལ་མཐུན་པའི་སྒོ་ནས་གཉེར་དགོས་པའི་ལྟ་བ་བཏོན་འདུག་གོ །

   གོང་སྨོས་ལས་བསྟན་པ་ལྟར་ད་ལྟའི་སློབ་གསོ་འདི་སློབ་ཁྲིད་དང་རྒྱུགས་སྤྲོད་ལམ་ལུགས་ངོས་ནས་བཅོས་སྒྱུར་བྱ་དགོས་པས་ན།  ཐོག་མར་དེའི་རིན་ཐང་མཛུབ་སྟོན་ལྟ་བར་གོ་བ་ལེན་རྒྱུ་གལ་ཆེ་ཞིང་།  དེ་ལ་བརྟེན་ནས།  མ་འོངས་པའི་རྒྱུགས་ལེན་སྟངས་ལ་འགྱུར་བ་གང་འདྲ་འགྲོ་བར་ཚོད་དཔག་ཐུབ་དགོས།  ཁོ་བོ་སྒེར་གྱིས་འབྲེལ་ཡོད་ཡིག་ཆ་ཁག་ལ་བལྟ་བསྡུར་གྱིས་དཔྱད་པའི་འབྲས་བུར།  མ་འོངས་པར་མཐོ་རྒྱུགས་ཀྱི་རྒྱུགས་ལེན་སྟངས་ཀྱང་གཏན་ལ་འཁེལ་བའི་བསླབ་དེབ་ཁོ་ནའི་སྟེང་མིན་པར།  དངོས་ཡོད་གནས་ཚུལ་ལ་གཞི་བྱས་པའི་རྒྱུགས་ལེན་སྟངས་ཤིག་སྟེ།  རྒྱལ་སྤྱི་ནས་རྒྱལ་ནང་དང་།  སྤྱི་ཚོགས་ནས་མི་སྒེར།  ཕུགས་བསམ་ནས་དངོས་ཡོད་སོགས་ཕན་ཚུན་རྐྱ་འཐབ་པའི་དྲི་བ་འདོན་སྟངས་ཤིག་ཡིན་ངེས་ལ།  སློབ་མའི་ལག་ལེན་ནུས་པ་དང་གསར་གཏོད་ནུས་པར་བརྟག་ཞིབ་བྱེད་པའི་ཕྱོགས་སུ་འཕེལ་ངེས་པ་ཞིག་ཡིན་ངེས་སྙམ།  བྱེ་བྲག་ཏུ་བརྗོད་ན།  སྐད་ཡིག་རིག་ཚན་གྱིས་སློབ་མའི་སྐད་ཡིག་བེད་སྤྱོད་དང་གོ་བའི་སྟོབས་ལ་དཔག་ངེས་པ་དང་།  རྩིས་རིག་རིག་ཚན་གྱིས་སློབ་མའི་རྗེས་དཔག་ནུས་པ་དང་དཔྱད་ཞིབ་རིགས་ལམ་ལ་བརྟག་ངེས་ལ།  ཕྱི་ཡིག་རིག་ཚན་གྱིས་ཕྱི་སྐད་ཀྱི་བཀོལ་སྤྱོད་ནུས་པར་ཚད་འཇལ་བྱེད་ངེས་སོ་འདོད།  མཐར་གཏུགས་ན།  མ་འོངས་པར་གཙོ་བོ་སློབ་མའི་ཕྱོགས་བསྡུས་འབྱུང་སྤུས་དང་རིག་ཚན་ཆུ་ཚད་ཉིས་ཆ་ནས་རྒྱུགས་ལེན་ངེས་ཤིང་།  རིག་ཚན་གྱིས་སློབ་མའི་ཕྱོགས་བསྡུས་འབྱུང་སྤུས་ལ་རྒྱུས་ལོན་དང་།  རྩིས་ཚན་གྱིས་སློབ་མའི་ཚན་རིག་ཇུས་འགོད་ཀྱི་རིགས་ལམ་དང་ཚན་རིག་གསར་རྟོག་གི་ནུས་པར་རྒྱུས་ལོན་བྱེད་ངེས་པ་རེད།  དེའི་ངོས་ནས་བསམ་ན།  ང་ཚོས་རྨང་གཞིའི་སློབ་གསོ་དེའང་རིག་ཚན་མི་འདྲ་བའི་རྨང་གཞིའི་ཤེས་བྱ་དག་སློབ་མ་རང་ངོས་ནས་རང་སྟོབས་ཀྱིས་བསམ་གཞིག་བྱེད་ནུས་པའི་ཚད་དུ་སོན་དགོས་པའི་རེ་བ་འདོན་བཞིན་ཡོད་དོ། །

   ད་ལྟ།  སློབ་གསོ་བཅོས་སྒྱུར་ནི་མ་བྱས་ཐབས་མེད་ཀྱི་ཚད་ལ་སོན་ཡོད་པར་སྨྲ་ཞིང་།  དེ་བཞིན་བཅོས་སྒྱུར་འདི་སློབ་ཁང་སློབ་ཁྲིད་ལས་དབུ་རྩོམ་དགོས་པར་སློབ་གསོའི་རིམ་པ་གོང་མའི་སྡེ་ཁག་དག་མགྲིན་གཅིག་གིས་གླེང་བཞིན་མཆིས།  རྒྱལ་ཁབ་སློབ་གསོ་པུའུ་ཡི་འགོ་གཙོ་ཁྲིན་པའོ་ཧྲིན (陈宝生)ལགས་ནས་ཀྱང་།  《མི་དམངས་ཉིན་རེའི་ཚགས་པར》སྟེང་རྩོམ་ཡིག་སྤེལ་ཏེ“སློབ་ཁང་སློབ་ཁྲིད་གསར་བརྗེ”བྱ་དགོས་པའི་དགོངས་པ་བཏོན་འདུག་ལ།  རྨང་གཞི་སློབ་གསོའི་སློབ་མ་སྐྱེད་སྲིང་གི་ལྟེ་བ་དེ་སློབ་ཁང་བཅོས་སྒྱུར་ནས་མུ་སྐྱོང་དགོས་པའི་ལྟ་ཚུལ་བརྗོད་འདུག  དོན་དངོས་སྟེང་ཡང་།  སློབ་ཁང་སློབ་ཁྲིད་ཀྱི་བཅོས་སྒྱུར་ནི་སློབ་གསོ་བཅོས་སྒྱུར་གྱི་རྩ་བ་ཡིན་ཏེ།  སློབ་ཁང་སློབ་ཁྲིད་མ་འགྱུར་ན་སློབ་གསོ་ལ་འགྱུར་བ་མི་འགྲོ་ཞིང་།  སློབ་གསོ་མ་འགྱུར་ན་སློབ་མར་འགྱུར་བ་མི་འབྱུང་ངོ་། །

   ད་ལྟའི་བབ་ལ་གཞིགས་ན།  དེང་གི་སློབ་ཁང་སློབ་ཁྲིད་ལ་གནད་དོན་ཆེན་པོ་གསུམ་མཆིས་པར་སྣང་སྟེ།  གཅིག་ནི།  གྲ་སྒྲིག་ཟིན་བྲིས་ཁོ་ནར་བརྟེན་དྲགས་ཏེ་སློབ་མའི་ཁྱད་པར་བཞིན་ཁྲིད་མི་ནུས་སྟབས།  སྲོལ་རྒྱུན་སློབ་ཁང་སློབ་ཁྲིད་ཀྱིས་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དོན་ཐག་གིས་གཅོད་མི་ཐུབ་པའི་གནས་སྟངས་ཆགས་ཡོད་པ་དེ་དང་།  གཉིས་ནི།  སྲོལ་རྒྱུན་སློབ་ཁང་སློབ་ཁྲིད་ཀྱིས་དགེ་རྒན་ཡར་སྐྱེད་འགྲོ་བ་དང་དགེ་རྒན་གྱི་ལས་རིགས་བདེ་སྐྱིད་ཀྱི་ཚོར་བ་འཚོལ་མི་ནུས་པ་དེ་ཡིན་ལ།  གསུམ་ནི།  སྲོལ་རྒྱུན་སློབ་ཁང་སློབ་ཁྲིད་ཀྱིས་སློབ་མའི་འབྱུང་སྤུས་དང་རྒྱུགས་བསྟུན་ཆུ་ཚད་ཆ་མཉམ་ངང་གོང་མཐོར་སྤེལ་མི་ནུས་པ་དེའོ། །སྤྱིར་བཏང་།  ལས་རིགས་ལ་བདེ་སྐྱིད་ཀྱི་ཚོར་བ་ལྡན་ན་གཟོད་དགེ་རྒན་ལ་ཡར་སྐྱེད་འབྱུང་བའི་སྒུལ་ཤུགས་འབྱུང་ཞིང་།  དགེ་རྒན་ལ་རང་གི་ལས་རིགས་ལ་དགའ་བའི་དད་མོས་ཡོད་པའི་སྟེང་།  སློབ་ཁྲིད་ཁྲོད་སློབ་མས་བཏོན་པའི་དྲི་བ་སྣ་ཚོགས་ཐག་གིས་གཅོད་ནུས་པའི་ཆ་རྐྱེན་ཉིས་འཛོམས་ཚེ།  དགེ་རྒན་ལ་གཟོད་ཡར་སྐྱེད་འབྱུང་ངོ་། །དེ་བཞིན།  རྒྱུགས་བསྟུན་སློབ་གསོ་མ་བསྒྱུར་ན།  སློབ་མར་གསབ་ཁྲིད་དང་འཛིན་གྲྭ་ཐོ་འགོད་ཀྱིས་རྒྱུགས་སྐར་མཐོར་འདེག་གཏོང་བའི་ར་བ་ལས་ཀྱང་འབུད་མི་ནུས་སོ། །

   རྒྱུ་རྐྱེན་དེའི་ཕྱིར་ན།  མ་འོངས་པར་སློབ་ཁང་སློབ་ཁྲིད་ཀྱིས་སློབ་སྦྱོང་བྱེད་མཁན་ལྟེ་བར་འཛིན་དགོས་ཏེ།  རིམ་པ་མི་གཅིག་ཅིང་རིགས་མི་འདྲ་བའི་སློབ་གསོ་མྱོང་མཁན་དག་ལ་རང་གཤིས་ཡོད་ཅིང་ཐབས་ལམ་སྣ་ཚོགས་པ་དང་རྒྱུ་སྤུས་མཐོ་བའི་སློབ་གསོའི་ཞབས་ཞུ་སྒྲུབ་དགོས་ལ།  སློབ་སྦྱོང་བྱེད་མཁན་གྱི་རང་རྟོགས་ནུས་པ་དང་།  ཁྱད་ནུས་སྔོག་འདོན།  ཕྱོགས་ཡོངས་འཕེལ་རྒྱས་བཅས་གཙོ་བོར་འཛིན་དགོས།  གཞན།  སློབ་ཁང་སློབ་ཁྲིད་ཀྱིས་ལྟེ་བ་གཅིག་དང་གཞི་རྩ་གཉིས་སྲོག་རྩར་འཛིན་དགོས་ཏེ།  སློབ་མ་ལྟེ་བར་འཛིན་ཞིང་།  འབྱུང་སྤུས་སློབ་གསོ་སློབ་ཁང་སློབ་ཁྲིད་དུ་སྤེལ་བའི་གཞི་རྩ་དང་།  ཁྲིད་པ་ནི་སློབ་པའི་སྔོན་འགྲོར་བལྟ་བའི་གཞི་རྩ་གཉིས་ངེས་དགོས་སོ། །ཡང་དོ་སྣང་བྱེད་དགོས་པ་ཞིག་ལ།  རྒྱུགས་གཅིག་ལ་བརྟེན་ནས་མི་ཚེའི་བགྲོད་ལམ་ཐག་གཅོད་པའི་རྣམ་པ་རྩ་ནས་བསྒྱུར་དགོས་ཤིང་།  སློབ་མ་འཕེལ་རྒྱས་གཅིག་པུ་བསམ་པ་ལས་དགེ་རྒན་འཕེལ་རྒྱས་མི་བསམ་པའི་རྣམ་པ་བསྒྱུར་དགོས་ལ།  སློབ་མ་རྩེ་གྲ་གཅིག་པུ་གསོ་སྐྱོང་བྱེད་པའི་རྣམ་པའང་བསྒྱུར་ཏེ།  བྱིས་པ་རེ་རེ་ཆེས་ཕུལ་དུ་བྱུང་བའི་རང་ཉིད་ཅིག་ཡོང་བར་བྱེད་པ་ལ་འབད་པ་བྱེད་དགོས་སོ། །དེ་ལྟར་བྱས་ན།  ད་གཟོད་སློབ་མ་སློབ་ལ་སུན་ཞིང་དགེ་རྒན་ཁྲིད་ལ་སུན་པའི་རྣམ་པ་རྩ་ནས་བསྒྱུར་ཐུབ་བོ། །

   གོང་སྨོས་ལས་དཔག་སྟེ།  ང་ཚོས་ཅི་ལྟར་བྱ་དགོས་ཤེ་ན།  ཁོ་བོའི་བསམ་པར་གཤམ་གྱི་ཕྱོགས་དགུའི་ངོས་ནས་བསམ་བློ་གཏང་དགོས་སྙམ་སྟེ།  ༡ དགེ་རྒན་རང་ཉིད་ལ་ཉེན་ཚབས་འདུ་ཤེས་དགོས་པ།  ༢ བསམ་བློར་གཞི་རྩའི་འགྱུར་བ་གཏོང་བ།༼རང་གིས་ཤེས་པ་ཁོ་ན་ཁྲིད་པ་དང་།  རང་གིས་མི་ཤེས་བར་གཡོལ་བ།  རང་གིས་བཤད་རྒྱུ་ཁོ་ན་གཙོ་བོར་འཛིན་པ་ལས་སློབ་མའི་རང་རྟོགས་འདུ་ཤེས་ལ་ཡ་མི་བྱེད་པ།  སློབ་མའི་རང་གཤིས་ལ་འབུར་འཇོམས་གཏོང་བ་ལྟ་བུར་འགྱུར་བ་གཏོང་དགོས།༽  ༣ རྨང་གཞིི་སློབ་གསོའི་གནད་དོན་ཁ་ཚང་སློབ་ཁང་སློབ་ཁྲིད་དུ་མཆིས་པའི་རྣམ་པ་ངོས་ཟིན་པ།  ༤ སློང་ཁང་སློབ་ཁྲིད་ལ་རྩ་བའི་ཆ་ནས་འགྱུར་བ་གཏོང་ཕོད་དགོས།༼སློབ་མ་བཅིངས་གྲོལ་དང་སློབ་མ་འཕེལ་རྒྱས།  དགེ་རྒན་གཙོ་བོ་ནས་སློབ་མ་གཙོ་བོ།  ཁྲིད་པ་གཙོ་བོ་ནས་སློབ་པ་གཙོ་བོ།  དགེ་སློབ་མཉམ་པོར་འཕེལ་རྒྱས།  ཆེས་སྡུག་ཐུག་གི་སློབ་མ་ནས་འཛིན་པ།  དགེ་རྒན་ནི་སློབ་མར་ཞབས་ཞུ་བྱེད་མཁན་ཡིན་པ་ངོས་ཟིན་པ་སོགས་ལྟ་བུ།༽  ༥ དགེ་རྒན་གྱིས་ས་གནས་དང་རིག་གནས་མི་འདྲ་བ།  མི་རིགས་མི་འདྲ་བའི་ཁྱད་པར་ལ་གཞིགས་ཏེ་སློབ་ཁང་སློབ་ཁྲིད་ལ་ཐབས་ལམ་སྟེང་ནས་རང་ས་ཅན་གྱི་ཇུས་འགོད་བྱེད་པ།༼གླུ་བརྒྱ་གདངས་གཅིག་མིན་པ།༽  ༦ གོམ་པ་གང་རེ་གང་ཏེ་བྱས་ཏེ་ལག་ལེན་དུ་ཕྱོགས་པ།༼བསླབ་དེབ་ནི་མཛུབ་སྟོན་རང་བཞིན་གྱི་ཁྲིད་དེབ་ཁོ་ནར་བལྟ་དགོས་ཤིང་།  སློབ་ཚན་རེ་རེ་ཇི་བཞིན་ངོ་སྤྲོད་བྱེད་པ་ནས་སློབ་ཚན་ལས་འཕྲོས་པའི་བསམ་གཞིག་རང་བཞིན་གྱི་ཁྲིད་ཐབས་སྤྱོད་པ་དང་།  སློབ་ཚན་དང་འབྲེལ་བའི་ཤེས་བྱ་དང་དེབ་ལ་མུ་སྐྱོང་གིས་བལྟ་བ།  ཤེས་བྱ་གསར་བ་སློབ་ཁྲིད་ལ་ཐབས་ཀྱིས་འདྲེན་པ་སོགས་སོ། །༽  ༧ སྐད་ཡིག་སློབ་ཁྲིད་ནི་དཔེ་ཀློག་སློབ་ཁྲིད་དངོས་ཀྱི་ངོས་ནས་འགྲོ་དགོས་པ།  ༨ སློབ་ཁྲིད་ཀྱིས་མི་རྣམས་ཆེད་ལས་ཅན་གྱི་ལག་ཆར་བསྒྱུར་རྒྱུ་མ་ཡིན་པར།  མིའི་གཤིས་ཀ་ལྡན་ཞིང་རང་སྟོབས་ངང་བསམ་བློ་གཏོང་ཤེས་པའི་མི་རུ་སྐྱེད་སྲིང་བྱེད་པ་དེ་ཤེས་པ།  ༩ སློབ་ཁང་སློབ་ཁྲིད་བཅོས་སྒྱུར་འདིའི་ཁྲོད་གནད་འགག་ཅིག་ཤེས་རྒྱུ་ལ།  དགེ་རྒན་གྱི་སློབ་ཁྲིད་ནི་སློབ་མའི་སྤྲོ་བ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་པ་ལས།༼སློབ་མ་སློབ་ལ་སྤྲོ་བའི་རྣམ་པ་ཅན་དུ་བསྒྱུར་བ།༽  སློབ་མའི་སྤྲོ་བར་དམིགས་པའི་རྗེས་འདེད་དེ་མ་ཡིན་པ་རྟོགས་དགོས་སོ། །༼སྐད་ཡིག་སློབ་ཁྲིད་ལ་བརྟེན་ནས་སློབ་མའི་སྐད་ཡིག་གི་དུང་སེམས་སྐྱེད་སྲིང་བྱེད་པ།༽

   བྱེ་བྲག་དགེ་རྒན་བཟང་བོ་ཞིག་ཅི་ལྟར་བྱེད་དགོས་ཞེས་པའང་།  ཁོ་བོའི་བསམ་པར་མ་མཐའི་ཆ་རྐྱེན་འདི་བདུན་ཚང་བའི་སྒོ་ནས་འགྲུབ་དགོས་པར་འདོད་དེ།  ༡ ལས་རིགས་ལ་དགའ་བའི་དགེ་རྒན་ཞིག་བྱེད་པ།  ༢ དཔེ་ཀློག་ལ་སྤྲོ་བས་འཇུག་པའི་ཤེས་ཡོན་པ་ཞིག་བྱེད་པ།  ༣ སྤྱི་ཚོགས་ལ་དོ་ཁུར་བྱེད་པའི་དགེ་རྒན་ཞིག་བྱེད་པ།  ༤ སློབ་གསོའི་ཆོས་ཉིད་དང་སློབ་གསོའི་ལས་དོན་ལ་ཁ་ཡོད་ལག་ཡོད་དང་བསམ་གཞིག་གཏོང་མཁན་དགེ་རྒན་ཞིག་བྱེད་པ།  ༥ ཆེད་ལས་བྱང་ཚད་མཐོ་བའི་དགེ་རྒན་དུ་འབད་བརྩོན་བྱེད་པ།  ༦ ཤེས་བྱ་གསར་གཏོད་བྱེད་ནུས་ཤིང་རང་ཚུགས་ཀྱིས་བསམ་གཞིག་བྱེད་ཤེས་ལ་དེ་ཁྲིད་ཀྱང་མཁས་པའི་དགེ་རྒན་ཞིག་བྱེད་པ།  ༧ ཕྱི་གསལ་ནང་གསལ་གྱི་དགེ་རྒན་ཞིག་བྱེད་པ་བཅས་སོ། །

         གང་ཞིག་རིག་ཚན་མི་འདྲ་བའི་ཤེས་བྱ་དེ་ཉིད་ལ་འཇུག་པ་ནི་གང་དེར་ཁ་ལོ་སྒྱུར་རྒྱུའི་ཆེད་ཡིན་པ་ལས།  དེ་ཉིད་རང་ལ་ཚུར་ཁ་ལོ་སྒྱུར་བྱེད་དུ་གྱུར་ཚེ།  རང་གི་འདོད་པར་སྦྱངས་པའི་དོན་སྒོ་ཆུང་བའི་སྟེང་།  རང་ཚུགས་ཀྱིས་གནད་དོན་ལ་བསམ་བློ་གཏོང་བའི་ཤེས་རབ་ཀྱང་རྙེད་དཀའ་སྙམ།  རང་ཚུགས་ཀྱིས་གནད་དོན་ལ་དབྱེ་ཞིབ་བྱེད་མ་ཤེས་ཚེ།  དོན་ལ་ཤེས་བྱ་རྒྱུན་འཛིན་ཙམ་ཁོ་ནས་བཀོལ་སྤྱོད་བྱེད་མཁན་ཞིག་ལས།  ཤེས་བྱར་གསར་གཏོད་ནུས་པ་འཛོམས་པར་བྱས་ཏེ་འཕེལ་རྒྱས་རང་བཞིན་གྱིས་བཀོལ་སྤྱོད་བྱེད་མཁན་ཞིག་ཏུ་ག་ལ་འགྱུར།  རྒྱུ་མཚན་དེའི་ཕྱིར་ན།  ཤེས་བྱར་འཇུག་དུས་དད་སྟོབས་ཁོ་ནས་འཇུག་པ་ལ་ཅུང་ཟད་བསམ་བློ་གཏོང་དགོས་པར་སྙམ་ཞིང་།  ཐོག་མར་དེ་ལ་ཞིབ་ཀྱིས་ཐོས་བསམ་བྱས།  དེའང་དོགས་སློང་གི་སྙིང་སྟོབས་ཡོད་པའི་སྒོ་ནས་འཇུག་པར་བྱས།  དེ་ནས་འབྲེལ་ཡོད་རིག་ཚན་གཞན་གྱི་ཤེས་བྱར་རྒྱུས་ལོན་བྱས།  མཐར་རིག་པའི་གཞུང་ལུགས་ཀྱི་ཐབས་ཤེས་བཀོལ་ཏེ་སྦྱངས་ཟིན་ཤེས་བྱ་དེ་ལ་དབྱེ་ཞིབ་འདོར་ལེན་དང་ཉམས་ཞིབ་རྟོག་དཔྱོད།  ཁ་གསབ་གསར་འབྱེད་བྱེད་ཤེས་དགོས་སོ། །

         ཤེས་བྱ་ནི་གཅིག་ན་ལག་ཆ་དང་གཉིས་ན་རིན་ཐང་བསམ་བློ་དང་གསུམ་ན་འཚོལ་ཞིབ་དོགས་དཔྱོད་བྱེད་སྤྱད་ཅིག་ཡིན་པས།  འདིའི་སྐོར་ལ་བསམ་གཞིག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་དུ་འདོད་ཅིང་།  ཤེས་བྱ་སྦྱངས་པ་དེ་རང་ཉིད་ཤེས་རབ་ཅན་དུ་གཏོང་རྒྱུའི་ཆེད་ཡིན་པ་ངེས་པར་ཡིད་ལ་བརྣག་པར་བྱ་དགོས་སོ། །གནད་འདི་མ་རྟོགས་ན།  ཤེས་བྱ་ཅི་འདྲ་སྦྱངས་ཡང་རང་ཉིད“སྣོད་ཆེན་པོའི”མཛོད་དུ་གྱུར་བ་ཁོ་ན་ལས།  གཞན་ལ་བློ་སྒོ་འབྱེད་པའི་ཐབས་སྩོལ་མི་ནུས་ཤིང་།  ཤེས་བྱ་གང་དེ“གསོན་པོར”འགྲེང་ཚུགས་སུ་སྤེལ་བའི་ལས་ཀྱང་བགྱི་དཀའ་འོ། །ཤེས་བྱ་སྦྱངས་ཏེ་ཤེས་རབ་ཅན་དུ་གྱུར་བའི་མངོན་རྟགས་ནི།  རང་ཉིད་ཤེས་བྱ་དེ་ཉིད་ཀྱི“བྲན”དུ་ཚུད་པ་ལས་བརྒལ་ཏེ་གང་དེར་ཁ་ལོ་བསྒྱུར་བའི་མཁན་པོ་ཡིན་པའི་སྟེང་།  དེའི་འཕེལ་རྒྱས་ལ“དད་པའི་སྒོ་ནས”བསམ་བློ་གཏོང་མཁན་གྱི་ར་བ་ལས་བུད་དེ།  ནམ་ཡང་དེའི་གསོན་ཤུགས་ལ་སེམས་འཚབ་ཀྱིས་བཅོས་སྒྱུར་འཚོལ་རྟོག་བྱ་ནུས་པ་དང་།  དཔྱོད་ཤེས་ཀྱིས་བསམ་གཞིག་གཏོང་ནུས་ལ་ཀླད་པ“བདེ་ལྕག་འཁྱུག་པ”ཞིག་ཡིན་ཞིང་།  ཨ་གསར་མ་ཡིན་ལ་མཁྲེགས་འཛིན་ཡང་མ་ཡིན་པ་ཞིག་གོ །

         དེ་བས།  ཤེས་བྱར་ཁ་ལོ་མི་ནུས་པ་དེ་ཚོ་ཤེས་རབ་ཅན་དུ་འདོད་དཀའ་ཞིང་།  ཤེས་བྱའི“མཛོད་ཆེན”ཁོ་ནར་གྱུར་བ་དེ་ཚོའང་ཤེས་རབ་ཅན་དུ་རྟོགས་དཀའ་བར་འདུག  ཤེས་རབ་ཅན་ཞེས་པ་དེ།  ནམ་ཡང་ཤེས་བྱའི་ཞིང་ས་འཚོལ་བར་བྲེལ་ཞིང་།  གོ་རིམ་དེའི་ཁྲོད་གསར་རྙེད་རྒྱུན་མཐུད་དུ་འབྱུང་ངེས་ཤིང་།  དཔྱོད་ཤེས་དང་བློ་དོགས་ཀྱི་གདེངས་དང་ལྡན་ལ་ཧ་ཅང་བག་ཡངས་གུས་ལྷོད་ཀྱིས་རང་གཞན་མཉམ་པོར་བལྟ་ཤེས་པ་དེ་རིགས་ཡིན་སྙམ་མོད།  གཞན་དག་ནི་ཅི་ཆ།  ཤེས་བྱ་གཅིག་པུའི་ངོས་ནས་བློ་སྣོད་ལྡན་དུ་གྱུར་བའི་རིགས་ནི་ཤེས་བྱ་ཅན་ནམ་ཡོན་ཏན་ཅན་དང་།  ཤེས་བྱ་ལམ་འཁྱེར་བྱེད་ཤེས་ཤིང་དེ་ཉིད་འདུ་ཤེས་གསར་བའི་རིགས་པ་དང་ཐབས་ཤེས་ལ་བརྒྱུས་མཁས་པ་དེ་ཚོ་ནི།  གཟོད་ཤེས་རབ་ཅན་དུ་རྟོགས་དགོས་སོ། །


བཞི་བ།  བོད་ཀྱི་ཕ་སྐད་སློབ་གསོ་སྒྲུབ་སྟབས་ལས་འཕྲོས་པའི་བསམ་གཞིག


   འདིར་བོད་ཀྱི་ཕ་སྐད་སློབ་གསོའི་སྐོར་ལ་དཔྱད་ཞིབ་བྱེད་པར་དེང་གི་སློབ་གསོའི་གནས་བབ་ལ་ངོས་ཟིན་ཟབ་མོ་དགོས་ཏེ།  བོད་ཀྱི་དེང་རབས་སློབ་གསོ་ནི་བར་མ་དོ་རུ་གནས་འདུག་པའི་ཚུལ་འདི་ཐོག་མར་རྟོགས་དགོས་སོ་སྙམ།  དོན་ལ།  བོད་ཀྱི་སློབ་གསོའི་གནད་དོན་ནི་སྤྱི་ཚོགས་གནད་དོན་ཆེན་པོ་ཞིག་ཡིན་ལ།  དམངས་ཚིས་ཀྱི་གནད་དོན་ཆེན་པོ་ཞིག་ཀྱང་ངོ་། །

   དེང་སང་སྐད་གཉིས་སློབ་གསོ་དང་མི་རིགས་སློབ་གསོའི་སྐོར་ལ་ཆེད་རྩོམ་མང་ནའང་།  བལྟས་ཡོང་དུས་ཧ་ལམ་གླུ་བརྒྱ་གདངས་གཅིག་ཏུ་སོང་འདུག་ཅིང་།  འདྲེན་ཤུགས་ཆེ་བའི་དཔྱད་རྩོམ་ཞིག་ལ་ད་སྔ་མ་འཕྲད།  བོད་ཀྱི་སློབ་གསོར་རྟོག་ཞིབ་བྱ་ན།  གནས་ཚུལ་རྟོག་དཔྱོད་དང་གནད་དོན་བསྔོག་འདོན།  གཞུང་ལུགས་དབྱེ་ཞིབ།  ཐབས་ལམ་ཁྲིད་སྟོན་སོགས་ཆ་ཚང་གིས་དཔྱོད་དགོས།  སློབ་གསོར་རྒྱུས་མངའ་ཡོད་ཅིང་ཡུན་རིང་གི་རྟོག་ཞིབ་ཡོད་ཅིང་གཞུང་ལུགས་ཤེས་བྱའི་བསྡུར་ཆོད་ཆེ་བའི་སྒོ་ནས་དཔྱོད་དགོས་པ་ལས།  རང་གི་བསམ་ཚུལ་ཙམ་གྱི་སྒོ་ནས་འཆད་པ་ནི་མི་འོས།  བོད་ཀྱི་སློབ་གསོར་ཉམས་ཞིབ་བྱ་ན།  རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་འགྱུར་ལྡོག  ཤེས་རིག་གི་རྩ་བའི་ཆོས་ཉིད།  རིག་གནས་འཕེལ་འགྱུར་གྱི་གཞི་རྩའི་རྣམ་གཞག  བོད་ཀྱི་ཐུན་མིན་རིག་གནས་སྐྱེ་ཁམས་སོགས་ཕྱོགས་སོ་སོ་ནས་སྔོན་འགྲོའི་གྲ་སྒྲིག་ཡོད་པའི་འོག་བགྱིས་ན་ཡག་པོ་ཞིག་འཁྱོངས་པ་ལས།  སྒེའུ་ཁུང་གཅིག་ལས་གནམ་གཤིས་ལ་བརྟག་ན་གནད་ལ་འཁེལ་མིན་གཉི་ག་འབྱུང་ངོ་། །

   གཅིག  བོད་ཀྱི་དེང་རབས་སློབ་གསོའི་གནས་སྟངས།

   བོད་ཀྱི་དེང་རབས་སློབ་གསོ་ནི་གོང་སྨོས་བཞིན་བར་མ་དོ་རུ་གནས་པ་ཞིག་ཡིན་པའི་སྣང་ཚུལ་དེ་གཤམ་གྱི་གནས་སྟངས་འདི་དག་ལས་གསལ་ལེར་ངེས་ཐུབ་སྟེ།

   ༡ མ་ལག་ཆ་མི་ཚང་བ།

   བོད་ཀྱི་དེང་རབས་སློབ་གསོ་ནི་མ་ལག་ཆ་མི་ཚང་བའི་ནད་པ་ཞིག་དང་འདྲ་བས།  འདི་ཡོད་ན་དེ་མེད་པའི་ཚུལ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད།  སློབ་གྲྭ་ཆུང་འབྲིང་ཁོ་ནར་ཡང་སློབ་གསོའི་མ་ལག་ཆ་ཚང་ལུགས་མཐུན་ཅན་ཞིག་ཆགས་ཐུབ་མེད་ཅིང་།  སྔོན་འགྲོའི་སློབ་གསོ་དང་སློབ་ཆེན་སློབ་གསོ་ནི་ཧ་ཅང་རྗེས་ལུས་མགོ་སུག་མི་ཚང་བར་ཡོད།  འདིའི་ཐད་རྒྱ་ནང་གི་ཁོ་རེ་ཡའི་མི་རིགས་དང་སོག་པོའི་ས་ཁུལ་ཁག་ཅིག་ལ་དཔེ་བལྟས་ན་བཟང་ངོ་སྙམ།

   ༢ ཚོད་ལྟའི་ལག་ཆར་སྤྱོད་པའི་སློབ་གསོ།

   བོད་ཀྱི་དེང་རབས་སློབ་གསོ་ལ་འགྱུར་ལྡོག་བཅོས་སྒྲིག་མང་ཞིང་།  ཡུལ་གཞན་གྱི་མ་དཔེ་ཇི་བཞིན་ནང་འདྲེན་བྱས་ཏེ་བཀའ་ཡིག་གཅིག་གིས་ཡོངས་ཁྱབ་ལག་ལེན་དུ་སྤྱོད་པ་ཚབས་ཆེ།  དོན་ལ།  ཚོད་ལྟ་ཞེས་པ་ནི་གནས་ཧ་ཅང་ཆུང་ངུ་ཞིག་ནས་སྤྱོད་དགོས་པ་ཞིག་དང་།  སློབ་གྲྭ་གཅིག་གམ་གཉིས་ནས་སྤྱོད་དགོས་པ་ཞིག  ལོ་དུ་མར་རྒྱུན་མཐུད་དུ་ཚོད་ལྟ་བྱེད་དགོས་པ་ཞིག་བཅས་ཡིན་མོད།  ད་ལྟའི་བྱེད་ཕྱོགས་ནི་དེ་འདྲ་མ་ཡིན།  འདི་ལ་རང་ཅག་གིས་མཚོ་ལྷོའི་འབྲས་ལེགས་སློབ་ཁྲིད་ལྟ་བུའི་ལོ་ངོ་འགའི་ཚོད་ལྟ་དེར་བལྟས་པས་ཀྱང་རགས་ཙམ་ངེས་ཐུབ་ལ།  དེ་སྔ་མཚོ་ལྷོར་བྱུང་བའི་སློབ་གྲྭ་ཁུ་བསྡུ་ཆེན་མོ་ལྟ་བུ་དང་།  གནས་གཞན་དང་གཞན་དུ་དེ་བཞིན་གྱི་སྦྱོར་བ་ལག་ཏུ་བསྟར་བ་ལྟ་བུའི་རིགས་ཀྱང་ངོ་། །དེ་སྔ།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཕྱི་ལོ2014ལོར་བསྒྲགས་པའི《འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དམིགས་འབེན་འགན་འཁྲིའི་ཡི་གེ》ཞེས་པའི་ཡིག་ཆའི་ནང་།  “ཕྱི་ལོ2013ལོའི་ནང་།  བོད་རིགས་འདུས་སྡོད་ཀྱི་ཁུལ་དྲུག་ཏུ་སློབ་གྲྭ་ཆུང་འབྲིང་དེ2009ལོའི868ནས644ལ་འགྱུར་བ་གཏོང་དགོས་པ་སྟེ།  སློབ་གྲྭ224ཇེ་ཉུང་དུ་གཏང་དགོས”ཞེས་བཀོད་དེ།  ལོ་གཅིག་ནང་རྔམ་སྟབས་ཆེན་པོས་སློབ་གྲྭ་དེ་འདྲ་མང་པོ་ཞིག་ཉུང་ངུར་གཏོང་རྒྱུའི་འཆར་གཞི་བཟོས་པ་རེད།  འདི་ཡང་སྲིད་འཛིན་མི་སྣའི་སྟབས་བདེའི་བསམ་བློའི་འོག་གང་འདོད་ལ་ཚོད་ལྟ་བྱས་པ་ཞིག་རེད་བསམ་བཞིན་ཡོད་ལ།  མཚོ་ལྷོར་མཚོན་ན།  2008ལོ་ནས་དེ་སྔའི་སློབ་གྲྭ372སློབ་གྲྭ66ལ་ཉུང་ངུར་བྱས་པའི་དོན་དངོས་བྱུང་ཞིང་།  ཕྱིས་ཡང་སློབ་གྲྭ་བཞི་གསར་དུ་བསྐྲུན་པ་དང་གསུམ་སླར་གསོ་བྱས་ལ།  ལྔ་རྒྱ་བསྐྱེད་པ་ལྟ་བུ་སྟེ།  ཡར་འཁོར་མར་འཁོར་བཅོ་བརྒྱད་བྱས་པ་རེད།

   ༣ བསླབ་གཞིའི་གནད་དོན།

   བསླབ་གཞི་ལ་འགྱུར་ལྡོག་མང་བ་འདི་ཡང་བོད་ཀྱི་དེང་རབས་སློབ་གསོའི་གནད་དོན་ཞིག་སྟེ།  བསླབ་གཞིའི་ནང་དོན་གང་འོས་ཐད་ལ་ལྟ་ཚུལ་མང་ཞིང་།  བསླབ་གཞིའི་སྒྲིག་སྒྱུར་ལ་ཚོད་ལྟའི་གོ་རིམ་ཆེན་པོ་མེད་ལ།  བསླབ་གཞིར་ལག་ལེན་རང་བཞིན་མེད་པ་དང་།  བསླབ་གཞིར་སྤྲོ་སྣང་རང་བཞིན་དང་འདྲེན་ཤུགས་ཀྱང་དེ་འདྲ་ཆེན་པོ་མེད་དོ། །

   ༤ མི་རིགས་སློབ་གསོའི་སྐོར་གྱི་སྲོལ་ཡིག་དང་སྲིད་ཇུས་མིང་ཡོད་དོན་མེད་དུ་གནས་པ།

   དོན་དངོས་སྟེང་།  མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱི་རྨང་གཞིའི་འོག་མི་རིགས་ས་ཁུལ་ལམ་བོད་ཁུལ་གྱི་སློབ་གསོའི་ཐད་ཀྱི་སྲོལ་ཡིག་དང་སྲིད་ཇུས་གཏན་འབེབ་བྱེད་དགོས་པ་དང་།  དེ་ཉིད་ཁྲིམས་བཞིན་ལག་བསྟར་བྱ་རྒྱུ་གལ།  ཡིན་ནའང་དེང་སང་གནས་སྟངས་ཉེན་ཁ་ཆེ་བ་ཞིག་ལྷགས་པ་ནི།  མི་རིགས་གནད་དོན་དང་མི་རིགས་མཐུན་སྒྲིལ།  མི་རིགས་འདྲ་མཉམ་སོགས་གླེང་མཁན་མང་ནའང་།  དེ་ཉིད་སོ་སོ་སྒེར་གྱི་གོ་བའི་ངོས་ནས་གླེང་བ་ལས་མི་རིགས་རང་སྐྱོང་བཅའ་ཁྲིམས་རྨང་གཞི་བྱས་ཏེ་གླེང་མཁན་མེད་ཅིང་།  དེ་ལ་བརྟེན་ནས།  མི་རིགས་ཀྱི་དོན་དག་ཡོད་ཚད་ལ་གཞི་འཛིན་མེད་པ་ཆགས་ཏེ་དཔོན་པོ་སྒེར་བའི་འདོད་མོས་བཞིན་འགྲོ་རྒྱུགས་བྱེད་དགོས་པར་ཐུག་པ་རེད།  དེ་ནི་དོན་ལ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་རྩ་དོན་ལའང་མི་མཐུན།  ཁོ་བོར་ནམ་ཡང་དྲི་བ་ཞིག་འཁོར་བ་ནི།  མི་རེ་གཉིས་ཀྱི་འདོད་མོས༼ཁྱིམ་བདག་འདུ༽གཙོ་བོ་རེད་དམ་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དང་འབྲེལ་ཡོད་སྲོལ་ཡིག་གཙོ་བོ་རེད་ཅེས་པ་དེ་ཡིན་ལ།  བཅའ་ཁྲིམས་དང་སྲོལ་ཡིག་ལ་མ་བསྟུན་པས།  དཔོན་སྣ་རེ་རེའི་སྐབས་ལ་སློབ་གསོའི་བྱེད་ཐབས་དང་སྒྲིག་སྲོལ་རེ་རེ་འགྱུར་ལྡོག་བྱུང་བ་རེད།  དེ་སྔ་མཚོ་ལྷོ་ནས་སློབ་གྲྭ་ཁུ་བསྡུ་དང་འབྲེལ་ཡོད་སྲོལ་ཡིག་ཅིག་བཅས་ཡོད་པ་ལ།  ན་ནིང་ད་ལོ་སྲོལ་ཡིག་ལ་ཁ་ཡ་མེད་པར་ཡང་བསྐྱར་བཟོ་བཅོས་བྱེད་བཞིན་པ་ལྟར་རེད།

   སྐད་གཉིས་སློབ་གསོའི་སྲིད་ཇུས་གཏན་འབེབ་བྱ་དུས་མིའི་ཚེ་སྲོག་རང་བཞིན་སྒེར་བའི་ངོས་ནས་བསམ་ན་འགྲིག་སྟེ།  མི་རིགས་དང་མི་རིགས་ཕྱེ་སྟེ་བསམ་བློ་བཏང་ན།  ང་ཚོས་གནད་དོན་ཛ་དྲག་ཏུ་བཏང་བ་ཡིན་ཞིང་།  མི་སྒེར་བ་ཚེ་སྲོག་ཅན་ཞིག་གི་ངོས་ནས་གཞིག་ན།  མཐའ་མའི་ཚེ་སྲོག་དབུགས་རྒྱུན་ཆད་པའི་དུས་ལ་མི་ཡོད་ཚད་འདྲ་མཉམ་ཡིན་པའི་གོ་རྟོགས་སྐྱེས་ནུས་ལ་མི་ནི་ཉམས་ཆུང་ནུས་མེད་ཡིན་པའི་ཚུལ་ལའང་ངེས་ཤེས་སྐྱེས་ཏེ།  འདྲ་མཉམ་དཀྱེལ་ཡངས་དང་རོགས་རེས་མཐུན་སྡེབ་ཀྱི་བློ་སྐྱེད་འབྱུང་ཐུབ།  སོག་རིགས་མཁས་པ་ནཱ་རི་པི་ལི་ཀི་ལགས་ཀྱི་དགོངས་པ་ལྟར་ན།  ད་ལྟ་མི་རིགས་སྐད་གཉིས་སློབ་གསོའི་སྲིད་ཇུས་གཏན་འབེབ་བྱ་བར་གནད་དོན་གཉིས་ལྷགས་འདུག་སྟེ།  གཅིག་ནི་གཏན་འབེབ་གོ་རིམ་ནང་བྱེད་པོའི་མི་རིགས་ཀྱི་བསམ་ཚོར་ལ་ཁ་ཡ་མ་བྱས་པ་དང་།  གཉིས་ནི་ཞིབ་འཇུག་རྟོག་ཞིབ་བྱེད་མཁན་ལ་བརྐྱང་སྐུམ་རང་བཞིན་མེད་པ་དེ་རེད་ཅེས་གསུངས་འདུག[⑦]  བྱེད་པོའི་མི་རིགས་ཀྱི་བསམ་ཚོར་ཞེས་པ་དེའང་།  གཙོ་བོ་བྱེད་པོའི་མི་རིགས་ཐུན་མོང་གི་བསམ་ཚོར་ཏེ།  དོན་ལ།  བྱེད་པོའི་མི་རིགས་ཀྱི་ཤེས་ལྡན་པའི་བསམ་ཚོར་དེ་རེད།  ཤེས་ལྡན་པའི་བསམ་ཚོར་ལ་ཁ་ཡ་མ་བྱས་ན།  སློབ་གསོ་སྒྲུབ་པར་ཡང་དགོས་པ་གཅིག་ཀྱང་མ་བྱུང་བ་རེད།

   ༥ སྐད་གཉིས་སློབ་གསོ་དང་ཕ་སྐད་སློབ་གསོའི་གོ་ནོར།

   སྐད་གཉིས་སློབ་གསོ་དང་ཕ་སྐད་སློབ་གསོ་ནི་ནང་དོན་མི་འདྲ་བ་གཉིས་ཡིན་ཏེ།  སྐད་གཉིས་སློབ་གསོ་ཞེས་པ་འདི་གོ་བ་མག་མོག་ཅིག་དང་དེར་འགྲེལ་སྟངས་མི་འདྲ་བ་མཆིས་པའི་དབང་གིས།  བཀོལ་མ་ཤེས་སྤྱོད་མི་མཁས་ན་ལོག་ལམ་དུ་འཕྱན་རྒྱུ་མང་ཞིང་།  ལག་ཆའི་རང་བཞིན་དུ་འགྱུར་བའི་ཉེན་ཁ་ཆེ།  དེ་བས།  ཕྲན་གྱི་བསམ་པར་སྤྱིར་བཏང་ཕ་སྐད་སློབ་གསོ་དང་བོད་སྐད་སློབ་གསོ་ཞེས་པ་བཀོལ་ན་བདེ་ཞིང་དོན་ལ་འབྱོར་བ་དང་གོ་བ་ཡང་ལེགས་པར་ལེན་སླའོ་སྙམ།  ཞིབ་ཏུ་དབྱེ་ན།  སྐད་གཉིས་སློབ་གསོ་དང་སྐད་གཉིས་སློབ་ཁྲིད་ཅེས་པར་ཡང་ཁྱད་པར་ཆེ་ཞིང་།  དེ་དག་ལ་གོ་བ་ཡང་དག་ཅིག་ལེན་རྒྱུ་སློབ་གསོའི་ལས་རིགས་སྟེང་གི་མི་ཀུན་པོར་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་ཏུ་གྱུར་ཡོད།  དོན་ལ།  རིག་གནས་གདམ་གསེས་དང་སྐད་གཉིས་སློབ་གསོ།  རིག་གནས་གདམ་གསེས་ཀྱི་དཀའ་ངལ་དང་སློབ་མའི་བགྲོད་ལམ་གྱི་དཀའ་ངལ།  རིག་གནས་རྒྱུད་འཛིན་གྱི་དཀའ་ངལ་བཅས་སྐད་གཉིས་སློབ་གསོ་དང་འབྲེལ་བར་བྱུང་བས།  སྐད་གཉིས་སློབ་གསོ་འདི་རྙོག་འཛིང་ཆེ་རུ་ཕྱིན་པ་རེད།

   སྐད་གཉིས་སློབ་གསོ་དེ་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་བྱེད་པ་ཁོ་ནའི་ངོས་ནས་བསམ་བློ་གཏོང་བ་འདི་གོལ་ལམ་ཞིག་རེད།  ཐབས་ལམ་རིག་པའི་ངོས་ནས་གླེང་ན།  སྐད་གཉིས་སློབ་གསོ་དང་རིག་གནས་རྒྱུན་འཛིན་གཉིས་ལ་འབྲེལ་བ་ཡོད་མོད་གཙོ་བོ་དེ་མ་ཡིན།  སྐད་གཉིས་སློབ་གསོ་ནི་ཐབས་ཤེས་རེད་མ་གཏོགས་དམིགས་ཡུལ་མིན་པ་ཀུན་གྱིས་ཤེས་དགོས་པ་ཞིག་གོ །

   སྐད་གཉིས་སློབ་གསོ་གླེང་སྐབས་མི་སྒེར་བའི་སྐད་གཉིས་དང་སྤྱི་ཚོགས་སྐད་གཉིས་[⑧]གྱི་འབྲེལ་བ་དང་ཁྱད་པར་རྟོགས་དགོས་ལ།  སྐད་གཉིས་ལ་རིགས་མང་པོ་ཡོད་པའི་ཁྲོད་ཀྱི་རང་བྱུང་སྐད་གཉིས་(Ascribed Bilingualism)དང་རྗེས་ཐོབ་སྐད་གཉིས།(Achieved Bilingualism)  འདྲེས་སྦྱོར་སྐད་གཉིས།(Compound Bilingualism)ལྟ་བུར་ཡང་ངེས་ཤེས་འདྲོངས་དགོས།  ང་ཚོས་རྒྱུན་པར་བརྗོད་པའི་སྐད་གཉིས་ནི།  སློབ་གྲྭའི་སློབ་གསོ་བརྒྱུད་ནས་མྱངས་པའི་སྐད་གཉིས་ཏེ།  སྐད་གཉིས་གཉིས་པ(Secondary Bilingualism)ཞེས་པ་དེའོ། །[⑨]

   སྐད་གཉིས་ཞེས་པ་ནི་སྐད་ཡིག་སློབ་ཁྲིད་ལ་དམིགས་ནས་བཏགས་པའི་མིང་ཞིག་ཡིན་པ་མ་གཏོགས།  རྩིས་དངོས་རྫས་གསུམ་དང་སྲིད་ལོ་ས་གསུམ་སོགས་རིག་ཚན་མི་འདྲ་བའི་སློབ་གསོར་དམིགས་ནས་བཏགས་པ་ཞིག་མ་རེད།  དེ་བས།  རིག་ཚན་སོ་སོའི་བསླབ་ཚན་འདི་དག་སོ་སོ་མི་རིགས་གང་ཡིན་པ་རང་གི་སྐད་དེས་སློབ་ཁྲིད་བྱེད་དགོས་པ་ཆོས་ཉིད་ཡིན་ཞིང་།  ཆོས་ཉིད་དེ་དོར་ཞིང་རིག་ཚན་འདི་དག་སྐད་ཡིག་གང་གིས་ཁྲིད་ན་དགའ་མིན་བརྩད་དེ་སྐད་གཉིས་སློབ་གསོ་གླེང་བ་ནི།  མ་གཞི་ནས་འདྲེ་ནུབ་ཏུ་བཞག་ནས་གླུད་ཤར་དུ་འཕེན་པ་ཞིག་གོ །སྐད་ཡིག་གང་ཞིག་སྦྱང་བའི་ཆེད་དུ་རིག་ཚན་སློབ་ཁྲིད་རྩེད་ཆས་བྱེད་པ་ནི།  འགན་མ་ཁུར་ཞིང་བསམ་གཞིག་མ་བཏང་བའི་བྱེད་ལས་འབའ་ཞིག་ཀྱང་རེད།  སྐད་ཡིག་སློབ་སྦྱོང་ནི་ཐབས་ཤེས་ལ་རག་ལས་པ་ཞིག་དང་སྐད་ཡིག་བེད་སྤྱོད་ངོས་ནས་སྦྱང་ན་མགྱོགས་ཤིང་།  སྐད་ཡིག་ཕྱོགས་འགྱུར་དེ་མ་གཞི་ནས་དེ་འདྲའི་དཀའ་བ་ཞིག་མ་ཡིན།  དོན་དངོས་སྟེང་།  སྐད་གཉིས་སློབ་གསོ་ནི་གྲངས་ཉུང་མི་རིགས་ཁོ་ནར་དམིགས་ནས་བརྗོད་པ་ཞིག་ཀྱང་མིན་ཏེ།  མི་རིགས་ས་ཁུལ་ལ་མཚོན་ན།  སྐད་གཉིས་སློབ་གསོ་དེ་རྒྱ་རིགས་ལའང་བེད་སྤྱོད་རུང་ཞིང་བཅའ་ཁྲིམས་ལྟར་ན་སྤྱོད་དགོས་པ་ཞིག་ཀྱང་རེད།

   ད་ལྟའི་ཆར།  ཐབས་ལམ་རིགས་དང་པོ་དང་ཐབས་ལམ་རིགས་གཉིས་པ་ཞེས་པའི་བཤད་ལུགས་རྒྱུགས་ཆེ་ཞིང་།  མགོ་ལོག་གི་ཐབས་ལམ་རིགས་གསུམ་པ་ཞེས་པ་ཞིག་ཀྱང་འདྲེན་རྒྱུ་མཆིས།[⑩]  ཕྱི་ལོ2013ལོར་སྡོམ་རྩིས་བླངས་པ་ལྟར་ན།[11]   མཚོ་སྔོན་དུ་མི་རིགས་སློབ་གྲྭ་ཆུང་འབྲིང784ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི48.54%ཟིན་ཡོད་ཅིང་།  སློབ་མ་འབུམ་བཞི་དང་ལྔ་ཁྲི་ཆིག་སྟོང་དགུ་བརྒྱ(45.19)ཙམ་ཡོད་པ་ལ།  ཞིང་ཆེན་ཡོངས་ཀྱི་སློབ་མའི55.6%ཟིན།  དེའི་ཁྲོད།  སྐད་གཉིས་སློབ་གསོ་ཅན་གྱི་སློབ་གྲྭ498ཡོད་ཅིང་།  དེས་མི་རིགས་སློབ་གྲྭའི63.52%ཟིན་ལ།  སྐད་གཉིས་སློབ་གསོ་མྱོང་བཞིན་པའི་སློབ་མ་འབུམ་གཅིག་དང་ཁྲི་དགུ་ཉིས་བརྒྱ(19.02)ཙམ་མཆིས་པར།  མི་རིགས་སློབ་མའི42.09%ཟིན།  དེ་བཞིན།  མཚོ་སྔོན་དུ་ཐབས་ལམ་རིགས་དང་པོ་བེད་སྤྱོད་པའི་སློབ་གྲྭ288ཡོད་པར།  བོད་རྒྱ་སྐད་གཉིས་སློབ་གྲྭ284ཡོད་པ་དང་།  དེས་སྐད་གཉིས་སློབ་གྲྭའི57%ཟིན་ཅིང་།  སློབ་མ་ཆིག་འབུམ་བཞི་སྟོང་སུམ་བརྒྱ(10.43)ཙམ་མཆིས་པ་ལ་སྐད་གཉིས་སློབ་མའི55%ཟིན་ཡོད།  ཐབས་ལམ་རིགས་གཉིས་པ་བེད་སྤྱོད་པའི་སློབ་གྲྭ210ཡོད་ཅིང་།  དེའི་ཁྲོད་བོད་རྒྱ་སྐད་གཉིས་སློབ་གྲྭ209ཡོད་པར་སྐད་གཉིས་སློབ་གྲྭའི42%ཟིན།  ཐབས་ལམ་དེ་གཉེར་གྱི་སློབ་མ་བརྒྱད་ཁྲི་བཞི་སྟོང་དྲུག་བརྒྱ8.46ཙམ་སྟེ།  སྐད་གཉིས་སློབ་མའི44%ཟིན་ཡོད།  མཚོ་ལྷོ་གཅིག་པུར་ཆ་མཚོན་ན།  དེང་སྐབས་སྐད་གཉིས་སློབ་མ་བཞི་ཁྲི་སུམ་སྟོང་བརྒྱད་བརྒྱ(4.38)ཙམ་ཡོད་འདུག་པ་ལས།  འོས་འགན་སློབ་གསོའི་སྐབས་སུ་རྒྱ་སྐད་ཀྱིས་ཁྲིད་བཞིན་པའི་སློབ་མས20%ཟིན་པ་དང་།  མཐོ་འབྲིང་རིམ་པར་རྒྱ་སྐད་ཀྱིས་སློབ་གསོ་མྱོང་བཞིན་པའི་སློབ་མས46%ཟིན་འདུག

   སྐད་ཡིག་ལ་སེམས་ཁམས་ཀྱི་ནུས་པ་དང་སྤྱི་ཚོགས་ཀྱི་ནུས་པ་གཉིས་ཡོད་པ་ལས།  སྐད་ཡིག་ནི་གནད་དོན་དང་སྐད་ཡིག་ནི་དབང་ཆ།  སྐད་ཡིག་ནི་ཐོན་ཁུངས་བཅས་ཡིན་ཞིང་།  ཧྥ་རན་སིའི་མིར་བཤད་སྲོལ་ཅིག་ཡོད་པ་ནི།  སྐད་ཡིག་ནི་མེས་རྒྱལ་ཡིན་ཞེས་པ་དེའོ། །མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་བརྟག་དཔྱད་སྙན་ཞུ་ཞིག་ལས།  སྐད་ཡིག་གཉིས་པ་དེ་སློབ་ཆུང་ལོ་རིམ་གསུམ་པ་ནས་སྦྱངས་ན་ཆེས་ཚན་རིག་དང་མཐུན་པ་ཞིག་རེད་ཅེས་བསྒྲགས་འདུག  ཕ་སྐད་ཀྱི་རྨང་གཞི་ནི་མ་མཐའ་ཡང་ལོ་བདུན་བརྒྱད་ལ་ངེས་པར་སྦྱང་དགོས་པ་དང་།  དེའི་རྨང་གཞི་མེད་པར་སྐད་ཡིག་གཉིས་པ་སྦྱོང་བ་ནི།  ལངས་ཡག་མ་བྱས་གོང་འདུར་རྒྱུགས་བྱེད་པ་དང་ཆ་འདྲའོ། །

   སྐད་ཡིག་སློབ་ཁྲིད་ནི་རིག་གནས་འབྱུང་སྤུས་འདེགས་པའི་རིག་གནས་སློབ་ཁྲིད་དང་།  སྐད་ཡིག་གཉིས་པ་ནི་སྐད་ཡིག་སློབ་ཁྲིད་ཡིན།  དེ་བས།  འདི་གཉིས་ཀྱི་འགན་ནུས་གསལ་བོར་ངེས་རྒྱུ་གལ།  དེ་བཞིན།  སྐད་གཉིས་སློབ་གསོ་ཞེས་པ་ཁས་བླངས་པ་ཡིན་ན།  རིག་གནས་སྣ་མང་རང་བཞིན་གྱི་དཀྱེལ་ཡངས་སློབ་གསོ་དེའང་ཁས་ལེན་དགོས་སོ། །

   ༦ བོད་སྐད་སློབ་གསོའི་ཐོན་ཁུངས་འཛུགས་སྐྲུན་རྗེས་ལུས་ཆེན་པོ་ཐེབས་པ།

   བོད་ཀྱི་དེང་རབས་སློབ་གསོ་ལ་སློབ་ཁྲིད་ནང་དོན་ལ་འབྲེལ་བའི་རྒྱུ་ཆ་གསར་གཏོད་དང་བསླབ་ཆས་འཛུགས་སྐྲུན།  བསླབ་ཕྱིའི་ཀློག་དེབ་འཛུགས་སྐྲུན།  སློབ་ཁྲིད་ནང་དོན་ཟུར་ཁྲིད་དང་དེའི་མཉེན་ཆས་གསར་གཏོད།  བསྐྱར་སྦྱོང་ནང་དོན་སྒྲ་གཟུགས་ཅན་དུ་གཏོང་བ།  འབྲེལ་ཡོད་རྒྱུ་ཆ་འཐུས་ཚང་དུ་འཛུགས་སྐྲུན་བྱེད་པ་སོགས་ཚང་མ་ཚུགས་ཀ་ཙམ་ཐོན་པ་ལས།  བེད་སྤྱོད་རིན་ཐང་ཡོད་ཅིང་ལག་ལེན་ལ་སྨན་པའི་སྐོར་ནི་ཧ་ལམ་སྟོང་ཆར་ལུས་ནས་ཡོད།  དེང་སང་གི་བསླབ་ཕྱིའི་ཀློག་དེབ་དང་མཉེན་ཆས།  སྦྱང་གཞི་ལྷན་ཐབས་སོགས་ཀྱང་མང་པོ་ཞིག་ཁེ་ལས་ཚོགས་པས་གཉེར་བར་བརྟེན།  རྒྱུ་སྤུས་ཁག་ཐེག་མེད་ཅིང་གང་འདོད་འགན་ཁུར་མེད་པར་པར་བསྐྲུན་འགྲེམ་སྤེལ་བྱེད་པ་རྒྱུགས་ཆེ།

   ༧ བོད་སྐད་སློབ་གསོ་གཉེར་མཁན་གྱི་ཆེད་ལས་དགེ་རྒན་ཧ་ཅང་ཉུང་བ།

   དེང་སང་བོད་སྐད་ཀྱིས་སློབ་ཁྲིད་བྱེད་མཁན་མེད་པ་མིན་པར།  ལྡེང་བས་མི་ཚད་ལྷག་མའང་ཡོད་པའི་ཚད་དུ་ཡོད་པ་རེད།  དོན་ལ།  བོད་སྐད་ཀྱིས་ཆེད་ལས་ཅན་དུ་ཁྲིད་ཐུབ་མཁན་རེ་གཉིས་ཙམ་ལས་མེད་པ་དེ་ནི་ད་གཟོད་བོད་ཀྱི་དེང་རབས་སློབ་གསོའི་གནད་དོན་ཡིན་ཞིང་།  གཞན་ལ་བྱིན་པའི་ཚོར་བ་ནི།  བོད་སྐད་ཀྱིས་བོད་རང་གི་རིག་གནས་མ་གཏོགས་ཁྲིད་ཐུབ་ཀྱིན་མི་འདུག་ཅེས་པ་དེ་ཡིན་ལ།  འདིའི་ཐད་ནས་དཔྱད་ན།  ཐབས་ལམ་རིགས་དང་པོ་བརྗེ་དགོས་ཞེས་རེ་བ་འདོན་མཁན་དག་ལ་གནས་ལུགས་རྩ་ནས་མེད་པ་ཞིག་ཀྱང་མིན་ནོ། །

   ༨ སྐད་གཉིས་སློབ་གསོ་ཆབ་སྲིད་ཅན་དུ་བཟོ་བ།

   དེང་གི་བབ་ལ་གཞིགས་ན།  ས་གནས་དབང་འཛིན་རིམ་པའི་འགོ་ཁྲིད་སྒེར་བ་ཚོས་སྒེར་གྱི་གསེར་ཕོར་ཁོ་ན་བསམ་པ་ལས་ཐུན་མོང་རྒྱལ་ཁབ་ཀྱི་ལས་དོན་ལ་སེམས་ཁུར་མེད་པར།  སྤྱིར་བཏང་བའི་སྤྱི་ཚོགས་གནད་དོན་ཙམ་མ་ཟད་ད་ལྟ་སློབ་གསོའི་གནད་དོན་ཁག་ཀྱང་ཆབ་སྲིད་ཅན་དུ་གཡོ་ཁྲིད་བྱེད་བཞིན་ཡོད་ཅིང་།  ཁོ་ཚོས་དེ་ལ་བརྟེན་ནས་བདེ་འཇགས་འཆམ་མཐུན་ཞེས་པའི་ཕྱི་ཤུན་ཅན་གྱི་སྒྲོམ་གཞི་འཐོར་སླ་བ་ཞིག་བཀོད་སྒྲིག་ཇུས་འགོད་བྱེད་བཞིན་འདུག  དེ་ནི་སྐད་གཉིས་སློབ་གསོར་མཚོན་ན་བར་གེགས་ཆེས་ཆེ་བ་དེར་འགྱུར་གྱིན་ཡོད།

   ༩ བོད་སྐད་སློབ་གསོ་མྱངས་པའི་སློབ་མའི་སློབ་ཞུགས་གྲངས་ཚད་ཉུང་བ།

   བོད་སྐད་སློབ་གསོ་མྱངས་པའི་སློབ་མ་དག་འགྲིམ་སའི་གནས་འབེལ་བོ་ཞིག་མེད་པ་འདི་གནད་དོན་ཆེན་པོ་སྟེ།  དེང་སང་འབྲིང་རྒྱུགས་ལའང་སློབ་མ་དག་འཕར་མི་ཐུབ་པའི་གནས་ཚུལ་མཚོ་སྔོན་ས་ཆར་མངོན་གསལ་དུ་ཕྱིན་ཡོད།  མཐོ་རྒྱུགས་ཀྱི་གནད་དོན་ནི་དེ་ལས་ཚབས་ཆེ་སྟེ་དཀྱུས་མའི་སློབ་མའི་མཐོ་རྒྱུགས་ལ་འཕྲོད་ཚད་དང་གནམ་སའི་ཁྱད་པར་ཡོད་ཅིང་།  ཆེད་ལས་འཚང་ཁའི་གནད་དོན་ཡང་མཐོ་རྒྱུགས་ཀྱི་གོ་རིམ་ནང་སྔར་བཞིན་གནས་ཡོད་དོ། །

   ༡༠ སྐྱ་བོའི་སློབ་གསོ་དང་དགོན་སྡེའི་སློབ་གསོའི་དབྱེ་མཚམས་མི་གསལ་བ།

   སྐྱ་བོའི་སློབ་གསོ་ནི་འཇིག་རྟེན་དོན་གཉེར་གྱི་རིག་གནས་སྦྱོང་ས་དང་སྲིད་ལུགས་རིག་གནས་དང་འཇིག་རྟེན་མི་ཆོས་སློབ་ས་ཞིག་ཡིན་ལ།  དགོན་སྡེའི་སློབ་གསོ་ནི་དམ་པའི་ལྷ་ཆོས་སྦྱོང་སྒྲུབ་བྱེད་ས་དང་ནང་ཆོས་ལྟེ་བའི་སློབ་གསོ་གཉེར་ས་ཡིན་ཞིང་།  རིགས་གཉིས་པོའི་འགན་ཁུར་དང་དམིགས་ཡུལ།  བྱེད་ཐབས་ཁ་ཁ་སོ་སོ་ཡིན་པ་རེད།  ཡིན་ནའང་།  བོད་ནང་དེང་སང་འདི་གཉིས་ཁྱད་མི་ཕྱེ་བར་གང་འདོད་ལ་སྒྲུབ་མཁན་མང་ཞིང་།  དེས་བོད་ཀྱི་དེང་རབས་སློབ་གསོ་ཡང་དག་པའི་ལམ་དུ་ཞུགས་པར་གེགས་བྱེད་བཞིན་མཆིས།

   ༡༡ སློབ་གསོ་ཞོར་ལས་ལྟ་བུར་འཇོག་པའི་དགེ་རྒན་མང་བ།

   བོད་ཀྱི་སློབ་གསོའི་སྡེ་ཁག་དག་ཏུ་དགེ་རྒན་གྱི་ལས་རིགས་ནི་གནས་གཞན་ལ་བགྲོད་སའི་སྟེགས་བུ་ཁོ་ན་ཙམ་དུ་བལྟ་བའི་མི་མང་ཞིང་།  ཚོང་དང་ཤོ་རྒྱན་གྱི་ཞོར་ནས་སློབ་གསོ་ཞོར་ལས་སུ་གཉེར་བའི་དགེ་རྒན་མང་བས།  ནང་ཁོང་གཙང་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ད་དུང་ལམ་ཐག་རིང་བོ་ཡོད་པ་ཤེས།

   ༡༢ དགེ་རྒན་ལ་དཔེ་ཀློག་མེད་པ།

   རྩད་གཅོད་བྱས་པ་ལས།  ལོ་ངོ་མང་པོར་སློབ་དེབ་ལས་དེབ་གཞན་ལ་བལྟས་མ་མྱོང་ཟེར་བའི་དགེ་རྒན་ནི་མང་པོ་འདུག་ལ།  དཔེ་ཆ་ཧྲིལ་བོ་ཁ་ཚང་ཀློག་མཁན་ཉུང་བ་ནི་གང་སར་མཐོང་རྒྱུ་འདུག  འདིས་ང་ཚོར་ཉེན་བརྡ་ཆེན་པོ་ཞིག་སྒྲོག་བཞིན་ཡོད་དེ།  དགེ་རྒན་གྱི་ལས་གནས་འདི་ཆ་རྐྱེན་མི་ཚང་ཞིང་ཡ་མ་བརླ་ཡི་རིགས་མང་པོས་ཟིན་འདུག་པ་གསལ་བཤད་བྱེད་བཞིན་ཡོད།  དཔེ་དེབ་རེ་འགའ་ཀློག་མཁན་ཡོད་ནའང་།  དཔེ་ཀློག་ལ་མ་ལག་མི་ཚང་བ་དང་དཔེ་ཀློག་ལ་ཁ་ཕྱོགས་མེད་པའི་རིགས་ཀྱང་མང་བས།  དགེ་རྒན་དཔུང་སྡེ་སྤྱིའི་ཆ་ནས་གླེང་ན་སྔར་བཞིན་གནད་དོན་ཚབས་ཆེན་ལྷགས་འདུག


   གཉིས།  བོད་ཀྱི་སློབ་གསོ་སྤེལ་ཕྱོགས་སྐོར་གྱི་བསམ་གཞིག

   ༡ གོལ་ལམ་འགའ།


   ༼༡༽ ཤེས་རིག་དང་སྐད་ཡིག  སློབ་གསོ་གསུམ་གྱི་འབྲེལ་བ་ལེགས་པོར་ངེས་རྒྱུ་གལ།

   དེང་རབས་ཀྱི་མིས་ལག་རྩལ་ཚན་རིག་ལ་གོ་བ་བླངས་པ་དང་།  ཚན་རིག་ཤེས་རིག་ལ་འཁྲུལ་བར་གོ་བ་བླངས་པས།  བསམ་གཞིག་གི་སྣེ་མོར་སྔོན་ཚུད་ནས་གནད་དོན་བྱུང་བ་རེད།  ཤེས་རིག་ནི་ཚེ་སྲོག་མི་འདྲ་བའི་བར་གྱི་འབྲེལ་བ་ཞིག་ཡིན་ལ།  ལྷག་བསམ་གཞི་རྟེན་བྱས་པའི་ཤེས་པའི་རིག་གནས་ཤིག་སྟེ།  དེར་བར་གནས་རང་བཞིན་དང་རིམ་གྲས་རང་བཞིན།  འདྲ་མཉམ་རང་བཞིན་བཅས་མཆིས།  སྐད་ཡིག་ནི་ཤེས་རིག་གནས་པར་བྱེད་པའི་འདེག་བྱེད་དེ་ཡིན་ཞིང་།  དེ་ཉིད་སློབ་གསོས་སྤེལ་བ་ཡིན་པས།  སློབ་གསོ་ནས་སྐད་ཡིག་དང་།  སྐད་ཡིག་ནས་ཤེས་རིག་བཅས་རིམ་པ་རིམ་པར་ཡར་འཕགས་པ་ཞིག་ཡིན།  འདི་ཤེས་ན།  སློབ་གསོའི་ལྟེ་བ་གང་ཡིན་པ་རྟོགས་ཤིང་།  དེའི་དམིགས་ཡུལ་ཤེས་རིག་གི་སྟེང་ན་ཡོད་པའང་གསལ་ལེར་ངེས་ཐུབ།

   དེང་གི་ཞིབ་འཇུག་ལས།  འཛམ་གླིང་ཤེས་རིག་ལ་རིགས་མི་འདྲ་བ་དུ་མ་ཡོད་པར་བཤད་དེ།  རང་དབང་བརྩོན་ལེན་བྱེད་པ་ཅན་ཏེ་བྱང་ཨ་མེ་རི་ཁའི་ལུགས་དང་།  རིམ་གྲས་སྒྲིག་གཞི་ཅན་ཏེ་ཐོབ་ཐང་གོ་གནས་རྩོད་པའི་དབུས་ཨེ་ཤ་ཡའི་ལུགས།  ཕན་བདེ་གཉེར་བའི་ཏན་མག་དང་སེ་ཙེར་ལྟ་བུ་སྤྱི་འབངས་འདྲ་མཉམ་ཅན་ཏེ་ཡོ་རོབ་བྱང་མའི་ལུགས།༼འདིས་ཀུན་སྤྱོད་ཀྱིས་རྒྱལ་ཁབ་སྐྱོང་བ་གཙོར་འཛིན།༽  འགྲོ་ཀུན་འདྲ་མཉམ་དུ་འཛིན་པ་ཅན་ཏེ་འབྲུག་གི་ཤམ་བྷ་ལའི་ལུགས་བཅས་ཡིན་པར་བཤད་ལ།  བོད་ཀྱི་སློབ་གསོ་གཉེར་སྐབས་ཀྱང་།  ཤེས་རིག་གི་སྒྲིག་གཞི་གང་ཡིན་ངོས་ནས་དཔག་སྟེ་གཉེར་རྒྱུ་གཙོ་ཆེ་སྙམ།  རྒྱ་ནག་རིག་གནས་ནི་དཔོན་གནས་རིམ་གྲས་ཅན་དང་།  བོད་ཀྱི་རིག་གནས་ནི་ཁྲག་རྒྱུད་རིམ་གྲས་ཅན་ཡིན་པས།  སློབ་གསོ་གཉེར་མཁན་ཚོས་གནད་འདི་ཟིན་དགོས་སོ། །

   ༼༢༽ གཞན་སྡེའི་རིག་གནས་ལ་དོན་མེད་སྲེད་པ་འཕེལ་བ།

   གཞན་སྡེའི་རིག་གནས་ནི་ལག་ཆ་ཡིན་པ་ལས།  རིག་གནས་ཀྱི་རིན་ཐང་མ་ལག་ཏུ་དང་ལེན་བྱེད་མི་རུང་སྟེ།  དཔེར་ན་ང་ཚོས་རང་དབང་ཞེས་པར་གོ་བ་ལེན་དུས།  དེ་ནི་དམིགས་ཡུལ་ལྟ་བུ་ཞིག་ཏུ་བལྟ་བ་ཡིན་མོད།  དོན་དངོས་སྟེང་།  དེ་ནི་གོ་རིམ་ཞིག་ཏུ་བལྟ་དགོས་པ་ལས་དམིགས་ཡུལ་ཞིག་ཏུ་བལྟ་མི་རུང་ཞིང་།  དེ་ལྟར་ན་ནམ་ཡང་དམིགས་ཡུལ་ལ་སླེབས་ཐབས་མེད་དོ། །

   མི་རིགས་ཞེས་པ་འདི་མ་ལག་ལྡན་པའི་རང་གཤིས་ཅན་གྱི་ཤེས་རིག་ཅིག་ལ་བརྟེན་པ་ཡིན་ན།  གཞན་སྡེའི་ཤེས་རིག་གི་དབང་འོག་ཏུ་ནམ་ཡང་ཚུད་པར་མི་འགྱུར་ཏེ།  རྒྱུ་མཚན་རང་གི་ཤེས་རིག་གི་སྲོག་རྩར་བརྟེན་ནས་ཡོངས་ཁྱབ་པའི་ཤེས་རིག་གི་བཅུད་བཟང་ལོངས་སུ་སྤྱོད་པའི་ནུས་པ་རང་ཆོས་སུ་འཛོམས་ཡོད་པས་སོ། །དེ་ལྟར་མ་ཡིན་པར།  རང་གི་ཤེས་རིག་གི་རྒྱུན་བསྲིང་བར་དོ་སྣང་མ་བྱས་ཚེ།  རང་སྡེའི་ཤེས་རིག་བག་ལ་ཞ་བར་གྱུར་ཏེ་གཞན་སྡེའི་ཤེས་རིག་བཀག་ཀྱང་མི་ཁོགས་སོ། །

   ༼༣༽ ལག་ཆའམ་ཐབས་ཤེས་དམིགས་ཡུལ་དུ་འཁྲུལ་བའི་འདོད་ཚུལ།

   སློབ་གསོའི་ལས་རིམ་ཁྲོད།  སློབ་གསོའི་ལག་ཐབས་དམིགས་ཡུལ་དུ་འཛིན་མཁན་ཧ་ལམ་ཕལ་ཆེ་བ་ཡིན་ཏེ།  སྐད་གཉིས་སློབ་གསོའི་གནད་དོན་ཡང་།  དོན་ལ་འཁྲུལ་བ་དེས་བསྐྱེད་པའི་འབྲས་བུའོ། །དེར་བརྟེན།  གང་ཞིག་ཐབས་ཤེས་ཡིན་པ་དང་གང་ཞིག་དམིགས་ཡུལ་ཡིན་པའི་འབྲེལ་བ་ངོས་ཟིན་རྒྱུ་གལ་ཆེ།

   ༼༤༽ དེང་རབས་སློབ་གསོ་ནི་བེད་སྤྱོད་རང་བཞིན་གྱི་སློབ་གསོ་ཞིག་ཡིན་པ་མི་ཤེས་པ།

   ནུབ་གླིང་འཇར་མན་གྱི་ལོ་རྒྱུས་ལ་བལྟས་ན།  ཕྱི་ལོ1970ལོའི་སྐད་ཡིག་སློབ་ཁྲིད་ཀྱི་ཚོགས་འདུའི་སྟེང་དེ་སྔའི་སློབ་ཁྲིད་བྱེད་སྟངས་ལ་བཅོས་སྒྱུར་བྱེད་པའི་རེ་བ་བཏོན་པ་སྟེ།  སྲོལ་རྒྱུན་སྐད་ཡིག་སློབ་ཁྲིད་ཀྱིས་ཤེས་བྱ་ཁྲིད་པ་གཙོར་འཛིན་པ་ལ།  དེང་ཕྱིན་བྱེད་སྟངས་བསྒྱུར་ཏེ་སློབ་མའི་འཚོ་བའི་ཁྲོད་ཀྱི་སྐད་ཡིག་ལག་ལེན་དང་བེད་སྤྱོད་བྱེད་པའི་ནུས་པ་སྐྱེད་སྲིང་བྱ་དགོས་ཞེས་བསྒྲགས་པ་རེད།  རང་ཅག་ནི་ད་ལྟའི་ཆར་ཡང་ད་དུང་སྐད་ཡིག་སློབ་གསོ་ཞེས་པ་གང་ཡིན་རྩོད་པ་ཅན་ཏེ།  སྐད་ཡིག་སློབ་གསོའི་ཁྲིད་ཐབས་ལ་མགོ་རྨོངས་ནས་ཡོད་དོ། །

   དེང་རབས་སློབ་གསོ་གཉེར་སྐབས།  རིག་གནས་རང་སྲུང་དང་རིག་གནས་རྒྱུད་འཛིན།  རིག་གནས་གསར་གཏོད།  རིག་གནས་བེད་སྤྱོད་སོགས་ལ་གོ་བ་ཡང་དག་ལེན་དགོས།  སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་དོན་ནི་དེང་རབས་དང་མ་འོངས་པའི་ཆེད་ཡིན་དགོས་པ་ལས།  དེ་ཚར་རྒྱུ་འཛད་རྒྱུ་རེད་ཅེས་ཁོ་ནའི་ངོས་ནས་ཡིན་ན།  སྟོངས་ངེས་པ་ཆོས་ཉིད་དོ། །དེང་རབས་སློབ་གསོ་ནི་བཀོལ་སྤྱོད་རང་བཞིན་གྱི་སློབ་གསོ་ཞིག་ཡིན་པའི་སྟེང་།  བཀོལ་སྤྱོད་ལ་གསར་གཏོད་ལྡན་པའི་སློབ་གསོའི་རིགས་ཤིག་ཡིན་པས།  རང་ཅག་གིས་ཀྱང་དེའི་ངོས་ནས་བསམ་རྒྱུ་མང་།  དེང་སང་།  མང་བོ་ཞིག་གིས་བོད་ཀྱི་ཤེས་རིག་ནི་ཁ་རྒྱབ་གནད་དོན་ཐག་གིས་གཅོད་བྱེད་ཅིག་ལས།  མ་འོངས་འཚོ་བ་གསར་སྐྲུན་བྱེད་སྤྱད་ཅིག་ལ་བཀོལ་བཞིན་མེད།  དེ་བས།  བོད་ཀྱི་ཤེས་རིག་རང་སྟེང་གི་བཀོལ་སྤྱོད་རིན་ཐང་དང་གསར་གཏོད་ནུས་པ་བག་ལ་ཞ་བར་གྱུར་བ་རེད་ལ།  བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཁེ་གྲགས་གཉེར་བྱེད་དང་ངོམ་སོ་བྱེད་སྤྱད་ཁོ་ནར་གྱུར་ཚེ་ནང་དོན་ཅི་ཞིག་འདུག  རྩ་བར་འཇུས་ཏེ་གླེང་ན།  རིག་གནས་ལ་འགྲན་རྩོད་ནུས་པ་ལྡན་དུ་འཇུག་དགོས་པ་དེ་སྟེ།  དེའང་བེད་སྤྱོད་རིན་ཐང་སྤེལ་བའི་སྒོ་ནས་ནུས་པ་དེ་འཛོམས་སུ་འཇུག་དགོས་པ་ནི་སློབ་གསོ་སྒྲུབ་པའི་རིགས་ལམ་ཡང་དག་ཅིག་ཡིན།  འདི་མ་ཤེས་ན།  རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་འགྲུབ་དཀའ་ལ།  འཕེལ་རྒྱས་ཡོང་རྒྱུ་དེ་བས་ཀྱང་དཀའ་འོ། །རྒྱུ་མཚན་དེའི་དབང་གིས།  ང་ཚོར་ཐོག་མར་ཉེན་ཚབས་འདུ་ཤེས་དགོས་པ་དང་།  དེ་ནས་འགན་ལེན་འདུ་ཤེས་ཤུགས་དྲག་པོ་ཞིག་དགོས་ལ།  དེ་ཉིད་ལག་ལེན་གྱི་སྦྱོར་བར་བརྒྱུས་ཐུབ་ཚེ།  སློབ་གསོ་ཡང་ཞར་ལ་འགྲུབ་ངེས་པའོ། །

   ༼༥༽ མིག་དཔེ་ནོར་བ།

   བོད་ཀྱི་དེང་རབས་སློབ་གསོའི་གོ་རིམ་ནང་མིག་དཔེ་ནོར་བའི་རིགས་ཀྱང་མང་སྟེ།  དཔེར་ན་ཨེ་ས་ལེམ་པ་མིག་དཔེར་བྱེད་པ་ལྟ་བུ་དང་།  ནང་སའི་བོད་ལྗོངས་སློབ་འབྲིང་དང་བོད་ལྗོངས་འཛིན་གྲྭར་ལད་མོ་བྱེད་པ་ལྟ་བུ་དག་གོ །

   ༼༦༽ བཅའ་སྡོད་སློབ་གྲྭའི་ཉེས་དམིགས།

   བཅའ་སྡོད་སློབ་གྲྭ་ནི་བྱིས་པའི་འཚར་སྐྱེད་ལ་མ་བསྟུན་ཞིང་བྱིས་པའི་ཁེ་དབང་རྡོག་བརྫིས་བཏང་བའི་སློབ་སྒྲུབ་བྱེད་སྟངས་ཤིག་རེད་ལ།  ཁྱིམ་གྱི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་ཁ་བཀར་བའི་སློབ་སྒྲུབ་བྱེད་སྟངས་ཤིག་ཀྱང་རེད།  དོན་ལ།  བཅའ་སྡོད་སློབ་གྲྭ་ནི་མིའི་རང་བྱུང་ཁེ་དབང་ལ་ཁ་ཡ་མ་བྱས་པའི་སློབ་སྒྲུབ་བྱེད་སྟངས་ཤིག་གོ །ཡིན་ནའང་།  རང་རེའི་བོད་དུ་བཅའ་སྡོད་སློབ་གྲྭ་ནི་ཆེས་སྤྱིར་བཏང་བའི་སློབ་སྒྲུབ་ལམ་ལུགས་ཤིག་ཏུ་གྱུར་ཡོད་ལ།  དེའི་ཉེས་དམིགས་ལ་དོ་སྣང་བྱེད་མཁན་དང་ལྷག་པར་དེའི་འབྲས་བུར་བརྟག་དཔྱད་ཞིབ་འཇུག་བྱེད་མཁན་ཧ་ཅང་ཉུང་ངོ་། །

   ༼༧༽ མི་རིགས་སྐད་ཡིག་སློབ་གསོའི་བསྐྱེད་འབྲས་ལ་དོགས་པ་ཟ་བ།

   ད་ལྟའི་ཆར།  ཁྱིམ་བདག་ཙམ་མ་ཟད་སྐད་གཉིས་དགེ་རྒན་དཔུང་སྡེའི་ནང་དུའང་མི་རིགས་སྐད་ཡིག་སློབ་གསོའི་བསྐྱེད་འབྲས་ལ་དོགས་པ་ཟ་མཁན་མང་དུ་མཆིས།  གལ་ཏེ།  གྲངས་ཉུང་མི་རིགས་བྱིས་པའི་ཁྱིམ་གྱི་སྐད་ཡིག་གམ་ཕ་སྐད་དེ་སློབ་གྲྭའི་སློབ་གསོའི་ཁྲོད་མཐོང་ཆེན་མི་བྱེད་ཅིང་བཀག་སྡོམ་ཚོད་འཛིན་བྱས་ན།  དེའི་བེད་སྤྱོད་ནུས་པ་རང་བཞིན་ངང་བག་ལ་ཞ་བར་འགྲོ་བ་དང་།  དེས་རྐྱེན་བྱས་ཏེ།  མང་པོ་ཞིག་གིས་ཕྱིར་བསྐོར་ནས་གྲངས་ཉུང་མི་རིགས་ཀྱི་བྱིས་པ་དག་ནུས་པའི་ཐད་ནས་རྒྱ་རིགས་ལ་མི་དོ་བའི་ལྟ་ཚུལ་ནོར་འཁྲུལ་ཅན་དེ་བྱུང་བ་རེད།  འདིས་གནད་དོན་རིམ་བརྩེགས་ལ་འབྱུང་ངེས་ཏེ།  བྱིས་པའི་རང་བཀུར་བསམ་པ་ཉམས་འགྲོ་བ་དང་ཡིད་ཆེས་ཉམས་འགྲོ་ལ།  སྙིང་སྟོབས་དང་ལག་ལེན་ལ་ཧུར་གྱིས་ཞུགས་པའི་འདོད་པའང་ཞུམ་འགྲོའོ། །


   ༢ མ་འོངས་འཕེལ་རྒྱས་ཐད་ཀྱི་བསམ་གཞིག་འགའ།


   ༼༡༽ བོད་རང་གི་ཁྱད་ཆོས་ངོས་ཟིན་པའི་སྒོ་ནས་སློབ་གསོ་གཉེར་དགོས།

   བོད་ནི་སྙན་ངག་རང་བཞིན་གྱི་ཤེས་རབ་ལྡན་པའི་མི་རིགས་ཤིག་ལས།  དཔྱོད་ཤེས་རང་བཞིན་གྱི་ཤེས་རབ་ལྡན་པའི་མི་རིགས་ཤིག་མིན་པས།  སློབ་གསོའི་ངོས་ནས་ཀྱང་དེའི་ཁྱད་ཆོས་ཡོད་དེ།  ཆགས་སྡང་གསལ་ལ་འགྱུར་བག་རྒོད་ཅིང་ཚོར་བས་དབང་བྱེད་པ་དང་དབང་ཤེས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཁྱད་ཆོས་ལྡན།  དེ་བས།  ཁྱད་ཆོས་འདིར་མཐུན་པའི་སློབ་གསོ་གཏོང་སྟངས་ཤིག་འཚོལ་རྒྱུ་གལ་ཆེའོ་སྙམ་ཞིང་།  བོད་ཀྱི་ཤེས་རིག་འཕེལ་རྒྱས་ཆོས་ཉིད་དང་ལོ་རྒྱུས་ལ་བསམ་གཞིག་ཡོད་པའི་སྒོ་ནས་བོད་ཀྱི་སློབ་གསོ་གཉེར་རྒྱུ་ནི་ཐབས་དམ་པའོ། །

   ༼༢༽ སྲིད་འབྱོར་རིག་གསུམ་གྱི་འབྲེལ་བ་ཤེས་པར་སློབ་གསོ་གཉེར་བ།

   མི་སུར་མཚོན་ནའང་།  ཆབ་སྲིད་ནི་སྒྲོམ་གཞི་དང་དཔལ་འབྱོར་ནི་ཤ་གཟུགས།  རིག་གནས་ནི་ནང་སྲོག་བཅས་ཡིན་པའི་གནས་ལུགས་འདི་རྟོགས་དགོས།  སྤྱིར་བཏང་ཡིན་ན།   སྲིད་འབྱོར་རིག་གསུམ་གྱི་འབྲེལ་བའི་ཐད་དཔལ་འབྱོར་ནི་ཤ་ཁྲག་དང་ཆབ་སྲིད་ནི་རུས་སྒྲོམ།  རིག་གནས་ནི་བླ་སྲོག་ཡིན་པར་བསྙད་པ་གང་ཞིག  སྣ་སུམ་འཛོམས་ཅན་ཞིག་གིས་ད་གཟོད་སྤྱི་ཚོགས་གྲུབ་པ་ཡིན།  བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བའམ་སློབ་གསོའི་རིགས་ལམ་འཚོལ་བ་ལའང་།  འདི་གསུམ་དོ་མཉམ་གྱིས་འགྲོ་རྒྱུ་ཞིག་ལས།  སྲིད་འབྱོར་བོར་བའི་རིག་གནས་རྐྱང་བའི་ལམ་ཞིག་རྙེད་དཀའ་ཞིང་།  རུས་སྒྲོམ་སྲ་ཞིང་ཤ་དར་ཁྲག་དར་ཡིན་པའི་སྟེང་བླ་སྲོག་གི་དོན་གྱིས་བརྒྱན་པ་ཡིན་ན།  ད་གཟོད་རང་ཉིད་བརྟན་ཞིང་གཞན་ལ་ཕན་པ་ཡིན་ནོ།  །

    ༼༣༽ རང་ས་ཅན་གྱི་སློབ་གསོ་གཉེར་བ།

བོད་ཀྱི་དེང་རབས་སློབ་གསོ་གཉེར་སྐབས།  རང་ས་ཅན་དང་རང་བདག་ཅན་གྱི་སློབ་གསོ་ཨེ་ནུས་བལྟ་བ་འདི་གནད་གཙོ་བོར་གྱུར་ཡོད་དེ།  འགྲེང་ནུས་ལ་འགྲོ་ཐུབ་པའི་རང་སའི་སློབ་གསོ་གཉེར་བ་ནི་ཐབས་ཁོ་ནའོ། །རང་སའི་སློབ་གསོ་ཞེས་པ་ནི།  དོན་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་འདུས་པའི་བོད་སྐད་སློབ་གསོ་དེར་བསྟན་པ་ཡིན་ཞིང་།  འདི་ནི།  མི་རིགས་རང་སྐྱོང་བཅའ་ཁྲིམས་ཀྱིས་གཏན་འཁེལ་དབང་ཆ་སྤྲད་པའི་འཕྲོག་མི་ཆོག་པའི་ཁྲིམས་དབང་ཡང་རེད།  ང་ཚོས་དོན་འདི་གླེང་པར་ངེས་པར་རང་སྐྱོང་བཅའ་ཁྲིམས་ངོས་ནས་གླེང་དགོས་པ་དང་།  ཁྲིམས་བཞིན་སློབ་གསོ་གཉེར་བའི་ཕྱོགས་ལ་གོམ་ཁ་སྤོ་དགོས།  དོན་དངོས་སྟེང་།  མི་རིགས་སློབ་གསོ་ནི་མི་རིགས་གང་དེའི་སྐད་ཡིག་གིས་གཉེར་དགོས་པ་ཆོས་ཉིད་དང་བདེན་པ་མཐར་ཐུག  ཁྲིམས་ཀྱིས་བསྩལ་བའི་དབང་ཆ་དངོས་མ།  མི་རང་སྟེང་གི་མ་མཐའི་བརྩི་ཐང་བཅས་ཡིན་ནོ། །

   ཆན་ཀོན་ལན་ལགས་ནས། “མི་རིགས་སོ་སོའི་ལོ་རྒྱུས་ལ་སྣ་གཅིག་མ་གཏོགས་མེད་ཅིང་།  རྒྱུན་འཛིན་ཀྱི་ཐབས་ལ་རིགས་གཉིས་ཡོད།  དེ་ལས་རིགས་དང་པོ་ནི་བསྟན་བཅོས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རྒྱུན་སྐྱོང་བ་དེ་ཡིན་ལ།  རིགས་གཉིས་པ་ནི་སྐད་ཆར་བརྟེན་ནས་ལོ་རྒྱུས་ཀྱི་རྒྱུན་སྐྱོང་བ་དེའོ།།”[12] ཞེས་གསུངས་ཡོད་པར།  ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་པར་བསྟན་བཅོས་དང་སྐད་ཆ་ཉིས་སྦྲེལ་ལ་བསྟེན་དགོས་པའི་གནས་ལུགས་བསྟན་ཅིང་།  དེའང་དོན་ལ་སློབ་གསོར་བརྟེན་ནས་བསྟན་བཅོས་ཀྱི་རྒྱུན་འཛིན་པ་དང་སྐད་ཡིག་གི་སྲོག་དབུགས་སྲོང་བ་དེའོ། །དེ་བས།  བོད་ཀྱི་ལོ་རྒྱུས་རྒྱུན་སྐྱོང་ཞིང་སྤེལ་འདོད་ན་ནི།  ཐབས་ལམ་འདི་གཉིས་ལྷན་འདུས་སུ་ཡོད་པའི་བོད་སྐད་སློབ་གསོའི་མ་ལག་ལ་བརྟེན་དགོས་པ་དེ་ཡིན།  དེ་བཞིན། “སྐད་ཆ་ནི་མ་གཞི་ནས་ཚེ་སྲོག་གི་འགུལ་སྐྱོད་ཅིག་ཡིན”[13]པར་བཤད་པ་འདིས་ཀྱང་།  མི་སྒེར་བའི་ཚེ་སྲོག་གི་རྒྱུན་མཐུད་ཅིང་གནས་པ་ལ་སྐད་ཡིག་སློབ་གསོ་དང་བེད་སྤྱོད་གཙོ་བོ་ཡིན་པ་བསྟན།

   གཞན་ལ་སློབ་སྦྱོང་དང་གཞན་གྱི་ལེགས་ཆ་བེད་སྤྱོད་པར་དེ་འདྲའི་འཚུབ་ལངས་མི་དགོས་ཏེ།  དཔེར་ན་ཉི་ཧོང་ལྟ་བུ་རེད།  ཉི་ཧོང་བས་རྒྱ་ཡིག་དང་རྒྱའི་རིག་གནས་བླངས་ཡང་རྒྱ་འགྱུར་མ་བྱུང་བ་དང་།  ནུབ་གླིང་རིག་གནས་སློབ་སྦྱོང་ནང་འདྲེན་བྱས་ཀྱང་ནུབ་འགྱུར་བྱུང་མེད།  ནུབ་གླིང་རིག་གནས་དང་རྒྱའི་རིག་གནས་སློབ་ཅིང་སྤྱོད་པ་དེར་ཡང་ཡ་ང་མི་དགོས་ཏེ།  རང་གི་སྐད་ཡིག་ངོས་ནས་བསླབ་པ་ཡིན་ན་སྐྲག་དགོས་པ་ཞིག་མིན།  ཡིན་ནའང་།  རྩ་བ་ནས་གཞན་སྐད་གཞན་ཡིག་གིས་གཞན་གྱི་རིག་གནས་སློབ་ཅིང་སྤྱོད་པ་འདི་ལ་དོགས་ཟོན་བྱེད་དགོས་པ་སྟེ།  དེ་ལྟར་ཡིན་ན།  དུས་ཡུན་རིང་པོ་མི་དགོས་པར་གཞན་འགྱུར་འབྱུང་ངེས་སོ། །དེ་བས།  ཕ་སྐད་མ་བོར་ན་ཕ་སྐད་ཀྱི་སྒྲིག་སྲོལ་མི་འཆོལ་ཞིང་།  དེ་མཐུན་གྱི་སྤྱི་ཚོགས་སྒྲིག་སྲོལ་མི་འཆོལ་བར་ཡུན་གནས་འབྱུང་བ་ཡིན།  དོན་ལ།  ཕ་སྐད་དང་དེ་ལ་རྟེན་བཅས་པའི་བླ་སྲོག་ལྟ་བུའི་ཉིང་ཁུའི་རིག་གནས་ནི།  ཤེས་རིག་ཅིག་ལ་མཚོན་ན་ཆེས་བརྟན་བརླིང་གི་རྒྱབ་རི་དང་ཆེས་འཇམ་ལ་དྲོད་ཆེ་བའི་གྱོན་པ་དེ་ཡིན་ནོ། །

   རང་ས་ཅན་གྱི་སློབ་གསོ་གཉེར་སྐབས་ཁྱིམ་གྱི་སྐད་ཆ་འདི་ལ་དོ་སྣང་བྱེད་དགོས་ཤིང་།  ཕ་སྐད་ནི་ཁྱིམ་གྱི་སྐད་ཆ་དེ་ཡིན་པས།  དེ་ཉིད་སློབ་གྲྭའི་སློབ་གསོ་དང་ཅི་ལྟར་མཐུན་སྦྱོར་བྱེད་པའི་ཐབས་ལ་བསམ་གཞིག་གཏོང་དགོས་སྙམ།  ཡང་།  རྒྱུན་འཛིན་རང་བཞིན་གྱི་སྐད་ཡིག་སློབ་གསོ(“继承性语言教学”)འདི་ལའང་ངེས་པར་དོ་སྣང་བྱེད་དགོས་ཤིང་།  དེ་ནི་ཁ་ནཱ་ཊར་བྱུང་བའི་སྐད་གཉིས་སློབ་གསོའི་བརྡ་ཆད་ཅིག་སྟེ།  CumminsདངDanesiཡིས་ཕྱི་ལོ1990ལོར་བཏོན་པའི་ལྟ་བ་ཞིག་ཡིན།[14]  འདི་ནི་འཕེལ་རྒྱས་རང་བཞིན་གྱི་རྒྱུན་སྐྱོང་ནུས་པའི་སློབ་གསོ་རིགས་ཤིག་ཀྱང་སྟེ།  དོན་ལ།  བོད་ཀྱི་སྐད་གཉིས་སློབ་གསོའི་ལག་ལེན་བསམ་བློའང་འདིས་སྣེ་ཁྲིད་ན་འགྲིག  དེ་བཞིན།  སློབ་གསོ་ནི་རང་གི་ལ་རྒྱ་དང་བརྩི་ཐང་གོང་མཐོར་གཏོང་བའི་སློབ་གསོ་ཞིག་ཡིན་ན་འགྲིག་ཅིང་།  འདིའི་ངོས་ནས་དཔག་ན།  བོད་སྐད་སློབ་གསོ་ནི་ལ་རྒྱ་དང་བརྩི་ཐང་འགན་སྲུང་ཐུབ་པའི་ཐབས་ལམ་ཁོ་ནའོ། །

   ༼༤༽ སྐད་ཡིག་དཔལ་འབྱོར་གྱི་ངོས་ཟིན་ཐོག་ནས་སློབ་གསོ་གཉེར་བ།

   བོད་ཀྱི་དེང་རབས་སློབ་གསོ་ནི་སྐད་ཡིག་གི་དཔལ་འབྱོར་ནུས་པར་ངོས་ཟིན་པའི་སྒོ་ནས་གཉེར་དགོས་པ་སྟེ།  སྐད་ཡིག་ནི་དཔལ་འབྱོར་འཚོ་ཚིས་སྒྲུབ་བྱེད་ཡིན་པ་ངོས་ཟིན་དགོས།  དོན་ལ།  འདིས་སྐད་ཡིག་གི་དཔལ་འབྱོར་རང་བཞིན་གསལ་བཤད་བྱས་ཡོད་སྟབས།  སྐད་ཡིག་སློབ་གསོ་ཡིན་ནའང་དཔལ་འབྱོར་གྱི་ཁེ་ཕན་གཉེར་མི་ནུས་པ་མིན་པར།  དཔལ་འབྱོར་ཁེ་ཕན་སྒྲུབ་པའི་རྨང་གཞིར་འགྲོ་བ་ཤེས་དགོས།

   ༼༥༽ སྤྱི་དམངས་སློབ་གསོའི་ངོས་ནས་བོད་ཀྱི་དེང་རབས་སློབ་གསོ་གཉེར་བ།

   ད་ལྟ་སློབ་གསོ་གཉེར་སྐབས།  དམངས་ཡོངས་ལ་དམིགས་པའི་བེད་སྤྱོད་རང་བཞིན་གྱི་སློབ་གསོ་གཉེར་བ་ལས།  མཁས་པའི་རིག་གནས་ཁོ་ནས་ཆོག་པའི་སློབ་གསོ་གཉེར་ན་མི་རུང་།  བྱེ་བྲག་ཕ་སྐད་སློབ་གསོ་སྒྲུབ་པའི་སྐབས་ལ།  སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཙམ་ཐུབ་པ་ཁོ་ན་སྐྱེད་སྲིང་བྱེད་དམ་རིག་གནས་གསར་གཏོད་པ་སྐྱེད་སྲིང་བྱེད་ཅེས་པ་དང་།  བོད་ཡིག་ལ་ལྟ་ཤེས་པའི་མི་སྐྱེད་སྲིང་བྱེད་དམ་བཀོལ་ཤེས་པའི་མི་སྐྱེད་སྲིང་བྱེད་ཅེས་པའི་དྲི་བ་འདིར་ལན་འདེབ་ཐུབ་དགོས།  འདི་ནི་བོད་སྐད་སློབ་གསོས་ངེས་པར་འདང་རྒྱག་དགོས་པའི་གནད་དོན་ཞིག་ཏུའང་གྱུར་ཡོད་དོ། །

   ༼༦༽ སློབ་གསོ་སྣ་གསུམ་སོ་སོའི་འགན་ནུས་ངོས་ཟིན་པར་སྒྲུབ་པ།

   ཁྱིམ་ཚང་སློབ་གསོ་ནི་སྲོལ་ལུགས་སློབ་གསོ་དང་སྐད་ཡིག་སློབ་གསོ།  མི་ཆོས་སློབ་གསོ།  གུས་ལུགས་སློབ་གསོ་སོགས་ཀྱི་འབྱུང་ཁུངས་དང་ལྟེ་བ་ཡིན་ལ།  སྤྱི་ཚོགས་སློབ་གསོ་ནི་ཀུན་སྤྱོད་སློབ་གསོ་དང་ཐུན་མོང་མཉམ་སྡེབ་སློབ་གསོ།  ལག་ལེན་སློབ་གསོ།  འབྲེལ་འདྲིས་སློབ་གསོ་སོགས་ཀྱི་ནང་དོན་ཅན་དང་།  སློབ་གྲྭའི་སློབ་གསོ་ནི་ཤེས་ཡོན་གསོག་འཇོག་དང་ཤེས་རབ་གསར་གཏོད་ཅན་གྱི་སློབ་གསོ་རིགས་ཤིག་ཡིན་པས།  བོད་ཀྱི་དེང་རབས་སློབ་གསོ་ཡང་འདི་གསུམ་འདུས་པའི་གཅིག་འདུས་ཅན་ཞིག་ཡིན་ན་འགྲིག

   ༼༧༽ སློབ་གསོ་དོ་དམ་པའི་སྡེ་མགྱོགས་མྱུར་ངང་གསོ་སྐྱོང་བྱེད་པ།

   དེང་སྐབས།  བོད་དུ་སློབ་གསོ་ངོ་མ་རྟོགས་པའི་དོ་དམ་པ་དང་ཉམས་ཞིབ་པ།  ཤེས་ཡོན་ཅན།  སློབ་གསོའི་སྲིད་འཛིན་མི་སྣ་སོགས་ལག་པས་བགྲང་རྒྱུ་ཡོད་མེད་ཙམ་ཡིན་ལ།  འདིས་བོད་ཀྱི་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་གེགས་བྱས་ཡོད།  གནད་དོན་འདི་ངོས་ཟིན་པའི་སྒོ་ནས།  སློབ་གསོའི་ཆོས་ཉིད་རྟོགས་ཤིང་སྙིང་སྟོབས་འཛོམས་ལ་ཐབས་ཤེས་ལ་བྱང་ཆུབ་པའི་སློབ་གསོ་དོ་དམ་པའི་སྡེ་ཞིག་མགྱོགས་མྱུར་གསོ་སྐྱོང་བྱས་ཚེ།  སྐད་གཉིས་སློབ་གསོའི་ནད་གཞི་མང་པོ་ངོས་ཟིན་ཏེ་དྲག་སྐྱེད་འབྱུང་བ་ལ་ཁག་ཐེག་བྱེད་ཐུབ་བོ། །

   ༼༨༽ ཆེད་ལས་དགེ་རྒན་གསོ་སྐྱོང་ལ་ཐབས་ཤེས་དགོས།

   ཆེད་ལས་དགེ་རྒན་གསོ་སྐྱོང་ནི་འགན་ལྕི་བའི་ལས་དོན་ཞིག་སྟེ།  དེ་ཉིད་དུས་ཡུན་ཐུང་ངུའི་ནང་འགྲུབ་ཐུབ་པ་ཞིག་ཀྱང་མིན།  ད་ལྟ་བོད་ཁུལ་དུ་ཆེད་ལས་དགེ་རྒན་ཧ་ཅང་ཉུང་ཞིང་དེས་ཐད་ཀར་བོད་ཀྱི་སློབ་གསོ་འཕེལ་རྒྱས་འགྲོ་མི་ཐུབ་པར་འགག་སྒོ་ཞིག་སྤྲད་ཡོད།  འགག་སྒོ་འདི་གཏོར་བའི་ལས་ཀའི་དབུ་བརྩམས་ཟིན་མོད།  ད་དུང་མ་འོངས་པའི་ལམ་ཐག་རིང་མོ་ཞིག་ནང་སྔར་བཞིན་ཧ་ཅང་དཀའ་བའི་གནས་སུ་གྱར་ངེས་ཡིན།  དེང་སྐབས་ཀྱི་ཐབས་ལམ་ཉག་གཅིག་ནི།  མཐོ་འབྲིང་ལོ་རིམ་གསུམ་པའི་བར་བོད་སྐད་སློབ་གསོ་མྱོང་བ་དང་།  དེ་ནས་དཀྱུས་མའི་སློབ་ཆེན་མང་བོར་ཡང་འགྲིམ་ཏུ་འཇུག་པ་ལྟ་བུ་སྟེ།  འདི་ཡང་ཐབས་ཤེས་ཤིག་གོ་སྙམ།

   ༼༩༽ ཤེས་འཇོན་ནུས་གསུམ་ཚང་བའི་དགེ་རྒན་ལ་གོང་ཐང་སྤྲོད་པ།

   བོད་ཁུལ་གྱི་སྤྱི་ཚོགས་ལ་རྟོག་ཞིབ་བྱས་ཚེ།  མ་གཞིར་དགེ་རྒན་ལ་གོང་ཐང་ཆེན་པོ་མེད་པ་དོན་དངོས་ལྟ་བུར་ཆགས་ཡོད་ཅིང་།  ཤེས་འཇོན་ནུས་གསུམ་ཚང་བའི་དགེ་རྒན་དག་ལ་ཐོབ་འོས་ཀྱི་གོང་ཐང་ཡང་སྤྲད་མེད།  གནད་དོན་འདི་ཐག་གིས་མ་བཅད་ན་དགེ་རྒན་གྱི་ལས་རིགས་གཙང་མ་ཡོང་རྒྱུ་དང་དེར་ལྷག་བསམ་འབུལ་མཁན་དཀའ་བའི་ཚུལ་དུ་ཡོད་ཅིང་།  དེ་ནི་ངེས་པར་གོང་ཐང་སྤྲོད་དགོས་པ་ཞིག་ཀྱང་ངོ་། །

   ༼༡༠༽ བོད་སྐད་སློབ་གསོ་དང་བོད་མིའི་ཤེས་རིག་བསྐྱར་སྐྲུན་གཉིས་འབྲེལ་མར་འཛིན་དགོས།

   དེང་རབས་བོད་མིའི་ཤེས་རིག་བསྐྱར་སྐྲུན་བྱེད་པར།  རིག་གནས་ཀྱི་རིན་ཐང་མ་ལག་བརྟན་པོར་གཏོང་བ་དང་།  བོད་ཀྱི་རིག་གནས་སྙིང་སྟོབས་སླར་གསོ་བ།  ཤེས་རིག་སྤྱི་ཚོགས་ཀྱི་སྒྲིལ་སྲོལ་མ་ལག་འཛུགས་པ།  འཛམ་གླིང་གི་ཡོངས་ཁྱབ་ཤེས་རིག་ལ་སྒོ་བསྟུན་པའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་བསྐྲུན་པ།  ཆོས་སྲིད་ཡ་བྲལ་དུ་སྤྱོད་པའི་ལམ་ཁ་གཙང་ཕྱགས་བྱེད་པ།༼ཆོས་དང་སྤྱི་ཚོགས་འབྲེལ་མི་རུང་བར་བརྗོད་པ་མིན༽  མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་ལ་བརྟེན་པ།  སྐད་ཡིག་རིག་གནས་ཀྱིས་དཔལ་འབྱོར་ཁེ་ཕན་གཉེར་བའི་ཁོར་ཡུག་བསྐྲུན་པ།  རིག་གནས་གསར་གཏོད་དེ་བོད་ཀྱི་སྐད་ཡིག་རིག་གནས་ལ་གཞི་བརྟེན་པ།  བོད་ཀྱི་རིག་གནས་རིན་ཐང་ལྟ་ཚུལ་ལྡན་པའི་དམངས་ཁྲོད་སྤྱི་ཚོགས་འཛུགས་གཉེར་བྱེད་པ་སོགས་ཀྱི་ངོས་ནས་འཐུས་སྒོ་ཚང་བའི་བསྐྱར་འཛུགས་དང་དོ་མཉམ་ཡིན་པའི་ལེ་ལག་བསྐྲུན་དགོས་པ་དེའོ། །

   ༼༡༡༽ སྔོན་འགྲོའི་སློབ་གསོ་ཡང་དག་པར་སྒྲུབ་པ།

   སྔོན་འགྲོའི་སློབ་གསོ་ནི་སློབ་གསོ་ཀུན་གྱི་དང་པོ་དང་སྐྱབས་འགྲོ་ལྟ་བུ་དེ་ཡིན་པས།  དེ་ཉིད་ལེགས་པར་སྒྲུབ་ཅིང་དག་པར་བཅའ་རྒྱུ་ནི་སློབ་གསོ་ལས་བརྒྱའི་ནང་གི་དང་པོའོ།  །ཡིན་ནའང་།  ད་ལྟ་བོད་ཁུལ་གྱི་སྔོན་འགྲོའི་སློབ་གསོ་དེ་མི་སྒེར་བ་འགོ་ཁྲིད་དག་གི་བློ་རགས་མོའི་བྱེད་བབ་ལས།  ཆོས་ཉིད་ལ་མི་བསྟུན་པར་གང་འདོད་བཀོད་སྒྲིག་ཇུས་འགོད་བྱེད་བཞིན་འདུག་ཅིང་།  འདིས་བོད་ཀྱི་སློབ་གསོ་ཁ་ཆག་སྣ་རལ་དུ་གཏོང་ཉེན་ཆེའོ། །མཚོ་ལྷོ་ལྟ་བུར་ཆ་མཚོན་ན།  ཁུལ་ཡོངས་སུ་མི་རིགས་བྱིས་སྐྱོང་ཁང193ཡོད་པ་ལ།  རྒྱ་སྐད་ཀྱིས་སློབ་ཁྲིད་བྱེད་ཚད100%རུ་བསླེབས་ཡོད་པ་འདིས་གསལ་བཤད་བྱས་པ་ནི།  སྔོན་འགྲོའི་སློབ་གསོའི་སྐབས་ནས་རྒྱ་སྐད་སློབ་གསོ་གཙོར་བཅས་ཀྱིས་ཁྲིད་ཀྱིན་པ་དེ་རེད།  ས་ཁུལ་སོ་སོར་ཁྱད་པར་མཆིས་ཤིང་ཡུལ་ལུང་སོ་སོའི་སྐད་ཡིག་གི་གནས་བབ་མི་མཚུངས་པས།  ཁྱད་པར་ཡོད་པའི་སྔོན་འགྲོའི་སློབ་གསོ་སྒྲུབ་རྒྱུ་ནི་ངེས་པར་བསམ་དགོས་པ་ཞིག་ཡིན་ལ།  དེར་ཁ་ཡ་མི་བྱེད་པར་འགྲོ་སྟངས་གཅིག་གིས་སྔོན་འགྲོའི་སློབ་གསོ་ཇུས་འགོད་བྱེད་པ་ནི་ཆོས་ཉིད་དང་གཏན་ནས་མི་མཐུན་པའི་བྱེད་སྟངས་ཤིག་གོ །

   ༼༡༢༽ ཤེས་ཡོན་ཅན་གྱིས་སྣེ་ཁྲིད་པའི་སློབ་གསོ་གཉེར་བ།

   གནད་འགག་གི་སྐབས་ལ།  ཤེས་ཡོན་ཅན་རྣམས་འགྲེང་ཐུབ་དགོས་ལ།  རྒྱུན་གྱི་སྐབས་ལ།  ཤེས་ཡོན་ཅན་གྱིས་ལམ་སྟོན་བྱེད་ཐུབ་དགོས།  འདི་ནི་ཤེས་ཡོན་པའི་རྩིས་ཐང་མངོན་པའི་བྱེ་བྲག་གི་ལས་ཀའང་ཡིན།  དེང་སང་།  བོད་མི་ཤེས་ཡོན་ཅན་ནམ་ཡི་གེ་པ་དག་གི་བྱེད་བབ་དངོས་དང་སློབ་བུ་ཚོར་ཁ་ཏ་བསླབ་བྱ་གཏོང་བའི་ཚུལ་གཉིས་མི་མཐུན་པ་མང་ཞིང་།  དེས་ཁོ་ཚོའི་ཕྱི་ནང་ཡ་སྡེབ་དང་ཤེས་ཡོན་པའི་སྣེ་ཁྲིད་ནུས་པར་ཚོད་བགམ་ཆེན་པོ་བྱས་ཡོད།  རང་གི་ཉེན་ཁའི་འདུ་ཤེས་དང་ཕམ་ཉེས་ཀྱི་ཚོར་བ་དུས་དང་སྐབས་ལ་མི་སྦྱོར་བར་བུའི་དམིགས་ཡུལ་དང་སྦྱོར་མཁན་བོད་ཀྱི་སྤྱི་ཚོགས་ནང་མང་དུ་མཐོང་རྒྱུ་མཆིས་ཤིང་།  དེ་ནི་མ་གཞི་ནས་དོན་ཡང་དག་ཅིག་མིན།

   ༼༡༣༽ བོད་ཀྱི་སྐད་ཡིག་རིག་གནས་ཀྱི་གསར་གཏོད་ནུས་པ་མངོན་པའི་སྒོ་ནས་སློབ་གསོ་གཉེར་དགོས།

   སློབ་གསོ་ལ་གསར་གཏོད་དགོས་ཞེས་པ་ནི། དོན་ལ་དགག་བཞག་དང་དོགས་སློང་དགོས་ཞེས་པའོ། །དགག་བཞག་དང་དོགས་སློང་མེད་ཚེ་གསར་གཏོད་འབྱུང་མི་ཐུབ་ཅིང་།  གསར་གཏོད་བྱེད་པར་ལམ་གཅིག་ལས་མེད་པའང་དགག་བཞག་དང་དོགས་སློང་ངོ་། །འདིའི་ཆ་ནས་བལྟས་ན།  མ་འོངས་པར་དགེ་རྒན་ཚོས་སློབ་མའི་དགག་བཞག་དང་དོགས་སློང་དང་ལེན་བྱེད་ཐུབ་དགོས་ཤིང་།  ངེས་པར་དང་ལེན་ཡང་བྱེད་དགོས་པའོ། །དེས་ན།  དོན་དངོས་སྟེང་གསར་གཏོད་ཅན་གྱི་སློབ་མ་སྐྱེད་སྲིང་བྱེད་པ་ལ་བསླབ་དེབ་ངོས་ཁོ་ནས་ཤེས་བྱ་ཁྲིད་པས་མི་འགྲུབ་སྟེ།  དེས་དགག་བཞག་དང་དོགས་སློང་གི་བློ་བསྐྱེད་དཀའ་བས་སོ། །


མཇུག་བསྡུ་བ།


   གོང་དུ་ཁོ་བོས་བོད་ཀྱི་དེང་རབས་སློབ་གསོའི་དཀའ་འགག་ལས་འཕྲོས་ཏེ།  རིག་གནས་རང་རྟོན་དང་སློབ་གསོའི་རིགས་ལམ་གཉིས་ཀྱི་འབྲེལ་བའི་ངོས་ནས་སློབ་གསོ་རིག་པའི་བསམ་གཞིག་ལམ་ཙམ་བསྟན་པ་ཡིན་ཞིང་།  དེའང་དོན་ལ་ཉེ་དུས་ལོ་ངོ་བཅུ་ཙམ་གྱི་ནང་བོད་ནང་གི་སློབ་གསོའི་གནས་བབ་ལ་ལྟ་ཞིབ་དང་གཟབ་ཉན།  ཞིབ་དཔྱོད།  རིགས་འདེད་བཅས་བྱས་པའི་གནས་སྐབས་དཔྱད་སྡོམ་ཙམ་ཡིན།  སློབ་གསོའི་རིགས་ལམ་ཡང་དག་ཅིག་རྙེད་རྒྱུ་ནི་ཧ་ཅང་དཀའ་སྟེ།  རིགས་ལམ་དེ་སོ་སོ་སྒེར་གྱི་བསམ་གཞིག་སྟབས་བདེ་ཙམ་གྱིས་མི་ཡོང་ཞིང་།  གོང་རིམ་སྲིད་འཛིན་སྡེ་ཁག་གི་བཀའ་རྒྱ་སློབ་སྦྱོང་བྱས་པ་ཙམ་གྱིས་མི་འགྲུབ་ལ།  སློབ་གསོ་རིག་པའི་དེབ་འགའ་ལ་བལྟས་ཤིང་དཔེ་ངོས་ཞིབ་འཇུག་བྱས་པས་ལྷག་ཏུ་ཡོང་དཀའ།  གལ་ཏེ་ཡང་དག་པའི་སློབ་གསོའི་རིགས་ལམ་ཞིག་རྟོགས་པར་འདོད་ན།  གཅིག་ནས་དུས་ཡུན་རིང་བོའི་སློབ་གསོའི་ལག་ལེན་དགོས་པ་དང་།  གཉིས་ནས་རྒྱུན་མཐུད་པའི་སློབ་གསོའི་འཕེལ་འགྱུར་ལ་བརྟག་པའི་ཐབས་ཤེས་དགོས་ཤིང་།  གསུམ་ནས་སློབ་གསོའི་གཞུང་ལུགས་ཀྱི་སྐྱོར་མ་དགོས་པ་དང་།  བཞི་ནས་སྤྱི་ཚོགས་ཧྲིལ་བོའི་འཕེལ་ཕྱོགས་དང་དེའི་ཕག་གི་ཆབ་སྲིད་དང་རིག་གནས་རྒྱབ་ལྗོངས་ལ་གོ་བ་ཧྲིལ་གྱིས་ལེན་ནུས་པའི་ཤེས་རབ་དགོས་པ་ཡིན།  ཡིན་ནའང་།  ཁོ་བོས་གོང་དུ་བསྙད་པའི་གནད་དོན་དང་ཐབས་ལམ།  དེ་མིན་རིགས་པའི་དཔྱད་པ་སྣེ་མོ་ཟིན་ཙམ་འདི་དག་གང་ལ་མཚོན་ནའང་བར་སྐབས་ཀྱི་དཔྱད་འབྲས་ཤིག་སྟེ།  འདིས་གནད་དོན་ཡོད་ཚན་བཏོན་ཟིན་པའམ་ཐབས་ལམ་རྫོགས་པར་བསྟན་པ་ཞིག་རྩ་ནས་མིན།  དེ་བཞིན་རྩོམ་འདིའི་ནང་ལྟ་ཚུལ་ནོར་བར་སོང་བ་དང་བསམ་གཞིག་འཐུས་སྒོ་མི་ཚང་བ།  རིགས་ལམ་གྱི་རྩལ་མ་ཐོན་པ་སོགས་ཡོད་སྲིད་པས།  སྐྱོན་དང་ནོར་འཁྲུལ་ཅི་མཆིས་གཟུར་གནས་སློབ་གསོ་སྨྲ་བ་དང་རིགས་ལམ་སྨྲ་བ་དག་གིས་གནག་ཐོག་གཙག་འཁེལ་གྱིས་ཡོ་བསྲང་དང་འཁྲུལ་བཅོས་གནང་རོགས་ཞུ་ཞུ། །  ། །


   རྨེ་རུ་ཡུལ་ལྷ་ཐར།(1979-)  ལོ་རྒྱུས་རིག་པའི་འབུམ་རམས་ཕྱི་ཚར་བ།  ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན་ལ།  འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་ཡིན།  བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ལོ་རྒྱུས།  བོད་ཀྱི་སློབ་གསོ།  ཧི་མ་ལ་ཡའི་ཤེས་རིག་བཅས་ཀྱི་སྐོར་སློབ་ཁྲིད་དང་དེ་ལ་ཞིབ་འཇུག་བྱེད་བཞིན་ཡོད།


[①] གོ་ལ་གཅིག་གྱུར་ཅན་ལ་རྒོལ་བ་ཞེས་པ་འདི་ཕྱི་ལོ1999ལོའི་ཟླ11ཚེས30ཉིན་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཚོགས་ཆེན་བསྡུ་བའི་སྒང་ལ།  འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཡོང་བའི་འཕེལ་ཕྱོགས་འདིར་མི་མོས་པའི་རྣམ་འགྱུར་འཛིན་མཁན་དག་ཨ་རིའི་གྲོང་ཁྱེར་སེ་ཨ་ཐའོ(Seattle)རུ་འཛོམས་ཏེ་ངོ་རྒོལ་ཁྲོམ་སྐོར་བྱས་པ་ལས་བྱུང་བ་ཞིག་སྟེ།  དཔལ་འབྱོར་ལྟེ་བ་བྱས་པའི་གོ་ལ་གཅིག་གྱུར་ཅན་གྱི་ཁ་ཕྱོགས་ལ་གདོང་གཏོད་པའི་ལས་འགུལ་ཞིག་གོ །
[②] 中共中央办公厅:《关于实施中华优秀传统文化传承发展工程的意见》(2017.1.25)。
[③] “thus supports language policies, particularly in multilingual countries, which promote mother languages and indigenous languages. It recommends the use of these languages from the first years of schooling, because children learn best in their mother language. It also encourages their use in public spaces and especially on the Internet, where multilingualism should become the rule.”(Audrey Azoulay)
[④] མཉེན་པའི་ཤུགས(Soft power)ཞེས་པའི་ཐ་སྙད་འདི་ནི་སྒྲོ་སེ་ཧྥུ་ནེ(Joseph S.Nye,Jr)ལགས་ཀྱིས་གསར་གཏོད་བྱས་པའི་གཞུང་ལུགས་ཐ་སྙད་ཅིག་སྟེ།  འཕེལ་རྒྱས་སྨྲ་བའི་ཐབས་ལམ་ལ་དཔྱད་ཞིབ་ཀྱིས་དངོས་ཡོད་སྟོབས་ཤུགས་ལ་རིགས་གཉིས་ཡོད་པར་བསྟན་པའོ། །
[⑤]《中共中央国务院关于全面深化新时代教师队伍建设改革的意见》。
[⑥] 姜钢、党委:《牢记立德树人使命,写好教育考试奋进之笔》,《中国教育报》2019年3月3日。
[⑦] 那日碧力戈:《人类学视野中的双语教育政策制定》,《广西民族研究》2013年第1期,第46页。
[⑧] [英]科林·贝克著,翁燕珩等译:《双语与双语教育概论》,中央民族大学出版社2008年版,第3页。
[⑨] [英]科林·贝克著,翁燕珩等译:《双语与双语教育概论》,中央民族大学出版社2008年版,第19页。
[⑩] གྲངས་རིག་དང་དངོས་ལུགས།  རྫས་འགྱུར།  སྐྱེ་དངོས་བཅས་བོད་སྐད་ཀྱིས་ཁྲིད་པ་དང་།  བསླབ་ཚན་གཞན་དག་རྒྱ་སྐད་ཀྱིས་ཁྲིད་པ།
[11] 青海省委统战部:《青海省创建民族团结进步先进去的理论与实践》,人民出版社2014年版,第329页。
[12] 钱冠莲:《语言:人类最后的家园—人类基本生存状态的哲学与语用学研究》,商务印书馆2005年版,第135页。
[13]钱冠莲:《语言:人类最后的家园—人类基本生存状态的哲学与语用学研究》,商务印书馆2005年版,第153页。
[14] [英]科林·贝克著,翁燕珩等译:《双语与双语教育概论》,中央民族大学出版社2008年版,第241页。

0

2 Responses to རིག་གནས་རང་རྟོན་དང་སློབ་གསོའི་རིགས་ལམ།__རྨེ་རུ་ཡུལ་ལྷ་ཐར།

  1. ཁ་བའི་ལང་ཚོ། ལགས་ཀྱིས:

    མཁས་དབང་ཆེན་མོ་རྨེ་རུ་གཡུལ་ལྷ་ཐར་སྐུ་ཚེ་རིང་།

  2. གཅན་རྣམ་ཐར་ ལགས་ཀྱིས:

    ༢༠༡༩ལོའི་གཅན་ཚའི་སློབ་གསོ་དེབ་དང་པོའི་སྟེང་དུ་སྤེལ་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།