སེམས་འཕྲིན།_ཨ་རིག་ཐར་ཆེན།

1594



སྐད་ཡིག་ནི་ལག་ཆ་ཞིག་རེད། ལག་ཆ་དེས་ཚེ་ཚེ་རབས་རབས་སུ་མི་རིགས་རང་ཆས་སུ་འཛོམས་པའི་ཤེས་བྱ་གལ་ཆེན་རྣམས་རྒྱུན་འཛིན་དང་དར་སྤེལ་བྱེད་ཀྱིན་ཡོད་ལ། གཞན་ངོས་ན་ཡོད་པའི་ཤེས་བྱ་ཡག་པོ་དག་ཚུར་ལེན་དང་ནང་འདྲེན་བྱེད་ཀྱིན་ཡོད། དུས་ཡུན་རིང་བོའི་བཀོལ་སྤྱོད་བརྒྱ་སྟོང་ཁྲི་འབུམ་གྱི་ཚོད་བགམ་དང་ཉམས་སད་བརྒྱུད་ལག་ཆ་དེ་ཉིད་ཚོགས་པ་གང་དེར་འཕྲོད་ཡག་འཕྲོད་དགུ་ཆགས་ཏེ། ལུས་ཀྱི་ཡན་ལག་ལྟར་མི་རིགས་དེ་དང་ལག་ཆ་དེ་གཉིས་ཁ་འབྲལ་ཐབས་མེད་པ་ལྟ་བུར་གྱུར་ཡོད། དེ་ལྟར་ཡིན་པས་རང་གི་མ་གནས་རྒྱུན་གོམས་སུ་སོང་བའི་ལག་ཆ་ཁྱད་པར་ཅན་དེར་མཐོང་ཆེན་མཛད་མཁན་གྱི་མི་རིགས་དང་རྒྱལ་ཁབ་རྣམས་དར་རྒྱས་སུ་འགྲོ་བཞིན་ཡོད་ལ་སྔོན་ཐོན་དུ་སླེབས་ཀྱིན་གདའོ།།

རིག་གནས་ལོ་རྒྱུས་མི་གཅིག་ཅིང་ཡུལ་སྲོལ་གོམས་གཤིས་མི་འདྲ་ལ་དད་མོས་ཕ་ཆོས་མི་མཚུངས་པའི་མི་རིགས་དང་ས་ཁོངས་རང་མཚན་པ་རེ་རེ་ལ། དུས་ཡུན་རིང་བོར་གོམས་ཤིང་འདྲིས་པའི་སྐད་ཡིག་གི་ཆ་ལག་མི་འདྲ་བ་རེ་རེ་ལྷུན་གྱིས་གྲུབ་སྟེ་ཁྱིམ་རྒྱུད་ཀྱི་ནོར་བུ་རྩ་ཆེན་རེ་རེར་གྱུར་ཡོད་ཨང་། དཔེར་ན། ཐོམ་བུ་ཆུ་ལ་གཟས་ཤིང་སྟ་རེ་ནགས་ལ་གཟས་པའི་ཕྱིར། ད་སྔ་ཡན་ཆོད་སྟ་རེས་ཆུ་བཅུས་པ་དང་ཐོམ་བུས་ནགས་བཅད་པའི་ལོ་རྒྱུས་ནི་མ་བྱུང་བ་ཡིན་ནོ།།

སྐད་ཡིག་ནི་རིག་གནས་ཤིག་རེད། རིག་གནས་དེས་མྱི་རབས་མྱི་རྒྱུད་དུ་ཤེས་རིག་དཔལ་ཡོན་གྱི་དམུ་ཐག་རིང་མོ་དེ་ཉིད་མི་རིགས་གང་དེའི་བླ་དང་སྲོག་གི་ཀློང་དུ་འཐེན་འཐེན་ལ་ཡོད་པས། སྐད་ཡིག་རིག་གནས་ནི་མི་རིགས་གང་དེའི་དབུགས་རྒྱུན་དང་ཁྲག་རྒྱུན་དང་སྲོག་རྒྱུན་བཅས་ཡིན་ནོ།། དེ་བས་རིག་གནས་རང་མཚན་པའི་ངོ་བོ་དང་ཁྱད་གཤིས་ཡོངས་སུ་ཤོར་བའམ་ཡལ་བར་བོར་བའི་མི་རིགས་ཤིག་ལ་མི་རིགས་ཞེས་འབོད་པའི་གཞི་མ་གྲུབ་པ་ཡིན། སྐད་ཡིག་གི་ངོ་བོར་ཐིམས་པའི་རིག་གནས་དེ་དག་སོ་སོའི་སེམས་ཁམས་ཀྱི་སྟེང་ན་ཆགས་ཡོད། གོམས་གཤིས་ཀྱི་ངོས་ན་འབྱར་ཡོད། ཚེ་སྲོག་གི་རྒྱུན་ན་གྲུབ་ཡོད། དེ་བས་མི་རིགས་དེ་དང་སྐད་ཡིག་དེ་གཉིས་ཁ་ཁར་གཏོང་བ་ནི་སུ་ཞིག་གི་གཅེས་པའི་ལུས་དང་སྲོག་གཉིས་སོ་སོར་ཕྲལ་བ་དང་ཀུན་ནས་འདྲའོ།།

ཐུན་མོང་མ་ཡིན་པའི་དད་མོས་དང་ལྟ་གྲུབ། སྒྱུ་རྩལ་དང་མཛེས་དཔྱོད། ཐོན་ལས་དང་ཡུལ་ཆོས་ཚང་མ་ཐ་སྙད་རེ་རེ་དང་ཚིག་རྐང་རེ་རེ། རྗོད་པ་རེ་རེ་བྱས་ནས་བོད་མི་རེ་རེའི་མགྲིན་པ་དང་རྐན། སོ་དང་མཆི། ལྕེ་དང་སྣ། སྤྱི་བོ་དང་ཁོག་པ། འདུ་ཤེས་དང་འདུ་བྱེད། རྣམ་པར་ཤེས་པ་བཅས་ཀྱི་གསེང་དུ་མཆེད་ཅིང་ཁོོག་ཏུ་ཟུག་ནས་ཡོད་ཕྱིར། སྐད་ཡིག་འདོར་བ་ནི་རིག་གནས་འདོར་བ་ཉིད་ལས་མ་འདས་སོ།། རིག་གནས་འདོར་བ་ནི་མི་རིགས་གང་དེའི་བླ་སྲོག་འདོར་བ་ཉིད་དང་མཚུངས་སོ།། དེར་བརྟེན། སྐད་ཡིག་ནུབ་ན་མི་རིགས་ཞེས་པ་གཞར་ཡང་མེད་དོ།།

ཀྲུང་གོའི་ཡིད་དུ་འོང་ཞིང་མཚར་སྡུག་རྣམ་པར་བཀྲ་བའི་རིག་གནས་ཀྱི་མེ་ཏོག་ལྡུམ་ར་འདི་ནི། ཁ་དོག་དང་དྲི་བསུང་མི་འདྲ་བའི་མེ་ཏོག་སྣ་ཚོགས་ཀྱི་གཟི་དཔལ་དང་ལང་ཚོས་མཛེས་པར་བརྒྱན་ཡོད་པ་ལ། བདག་ནི་སྙིགས་མའི་དུས་ཀྱི་བདུད་པོ་སྙིང་ཁམས་ཅན་སུ་ཞིག་གི་ལག་འོག་ནས་སྙིང་དུ་སྡུག་པའི་ཕ་སྐད་མ་ཡིག་གི་གངས་ལྷ་མེ་ཏོག་འདི་ཉིད་ལ་སད་དང་སེར་བའི་བར་ཆད་ཅིག་མི་འབྱུང་བར་སྨོན་ཞིང་། གལ་སྲིད་འདི་ལ་བར་ཆད་ཅིག་བྱུང་ཚེ་ཀྲུང་གོའི་རིག་གནས་སྐྱེ་ཁམས་སྤྱི་ལའང་ནག་ཐིག་ཅིག་བསྒོས་ཤིང་ཆག་སྒོ་ཞིག་བཟོས་པ་ཡིན་པས་གནད་དོན་ཚབས་ཇེ་ཆེར་གྱུར་པ་མ་ཡིན་ནམ། དེར་བརྟེན། ས་གནས་ཀྱི་འབྲེལ་ཡོད་དབང་འཛིན་པ་ཚོ་དབུས་གཞུང་གི་བཀའ་རྒྱ་དང་བཅའ་ཁྲིམས་ཀྱི་བཅད་རྒྱ་ལ་ལེགས་པོར་གནས་པར་བྱས་ཏེ། མཁྱེན་དཔྱོད་ཀྱི་སྤྱན་རྒྱ་ཡངས་པོར་ཕྱེས་ནས་མ་འོངས་པར་ཡང་བསྐྱར་ཞིབ་གཟིགས་ཐེངས་གཅིག་གནང་རོགས་མཛོད་ཅེས་ཀྱང་ཞུའོ།།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།