རྔ་ཁུལ་གྱི་བོད་སྐད་གཙོ་བོའི་སློབ་ཁྲིད་ལམ་ལུགས་བསྒྱུར་དགོས་ཟེར།__ཧུ་ར་འཇའ་པེ།

489


ཟླ་བཞི་པའི་ཚེས་མགོར། རིམ་བཞིན་སློབ་གྲྭ་ཆུང་འབྲིང་སློབ་མགོ་ཚུགས་པ་དང་ཆབས་ཅིག སློབ་གྲྭ་སོ་སོའི་དགེ་བཟོ་བའི་ཚོགས་ཐོག་ཏུ་སློབ་གཙོ་རྣམ་པས་གོང་རིམ་གྱི་ཚོགས་འདུའི་ནང་དོན་བསྒྲགས་སྐབས། 2020ལོའི་ལོ་སྨད་ནས་སློབ་ཆུང་དང་དམའ་འབྲིང་སོགས་སུ་རིམ་བཞིན་ཐབས་ལམ་དང་པོ་སྟེ། བོད་སྐད་གཙོ་བོའི་སློབ་ཁྲིད་ལམ་ལུགས་བསྒྱུར་བཅོས་བཏང་ནས། ཐབས་ལམ་གཉིས་པ་སྟེ། རྒྱ་སྐད་གཙོ་བོའི་སློབ་ཁྲིད་ལམ་ལུགས་ལག་བསྟར་བྱེད་རྒྱུ་རེད་ཅེས། ཨ་གསལ་པོ་དང་ཨོཾ་དག་པོས་བཤད། དེའི་སྐོར་གྱི་ཡིག་ཆ་མགོ་དམར་མ་འབུད་ལ་ཡོད་ངེས་སྙམ་ནས་བསྡད་མོད། ཡིག་ཆ་མ་ཐོན་གོང་ལ་ལག་བསྟར་ཐོན་རྒྱུ་ཡིན་པའི་གནས་ཚུལ་ཤས་ཆེ་བས་གསལ་བཤད་ལྟ་བུའི་རྩོམ་འདི་འབྲི་དགོས་བྱུང་།

གཅིག བདེན་མིན་སྐོར། མི་མང་པོས་དོན་འདི་བདེན་ནམ་སྙམ་མོད། བདེན་མི་བདེན་ལ་སོམ་ཉི་ཅི་ཡང་མེད་དེ། གོང་རིམ་གྱི་ཚོགས་འདུའི་དགོངས་དོན་སྒྲོག་སྐབས་དམིགས་སུ་ཐབས་ལམ་སྒྱུར་བའི་དོན་འདི་རྔ་ཁུལ་གྱི་སློབ་གཙོ་སོ་སོས་ང་ཚོ་དགེ་བཟོ་བ་ཚང་མའི་རྣ་གོར་མོའི་མང་དུ་སྒྲ་སིང་མོར་བསྒྲགས་པས་དེ་ལ་རྫུན་ཞིག་གང་ན་ཡོད། གཙོ་བོ་ནི་འདི་ལ་ཡིག་ཆ་མགོ་དམར་མ་མེད་པར་བལྟས་ན། འདི་ནི་སྲིད་ཇུས་ངོ་མ་ཞིག་ཨེ་ཡིན་སྙམ་ལ། ཀླད་ཀྲུང་དབྱང་གི་དགོངས་དོན་ཞིག་དེ་བས་ཀྱང་ཡིན་མི་སྲིད་སྙམ་སྟེ། ཀླད་དང་བཅའ་ཁྲིམས་ངོས་ནས་ནམ་ཡང་མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་ལ་རྒྱབ་སྐྱོར་བྱེད་པས་ན། འདི་ནི་བར་མ་བར་གྱི་ཁྲིམས་རྨོངས་པ་དང་སློབ་གསོར་རྨོངས་པ་འགའ་རེས་རང་འདོད་ཀྱི་བྱ་སྤྱོད་ཅིག་ཡིན་ནམ་སྙམ། ཨ་ཁ་ཁ། འདི་དག་གིས་ཀྲུང་གོའི་མི་རིགས་རང་སྐྱོང་བཅའ་ཁྲིམས་སྣང་མེད་དུ་འཇོག་གིན་འདུག

གཉིས། ཐབས་ལམ་ཅི་ཕྱིར་བསྒྱུར་དགོས་ཟེར་བ་ལ། ལན་དུ་ཐབས་ལམ་འདིའི་སློབ་སྦྱོང་གི་སྦྱངས་འབྲས་མི་བཟང་ཟེར། དེ་ལ་འདི་ལྟར་བཤད་འདོད་དེ། སློབ་ཆེན་ཁག་ཏུ་བསླབ་ཚན་སོ་སོའི་ཆེད་ལས་དགེ་རྒན་གྱི་འཛིན་གྲྭ་མེད་པའམ་ཡོད་ཀྱང་ཉུང་བ་དང་གཅིག བསླབ་ཚན་ཆེད་ལས་དགེ་རྒན་གསོ་སྐྱོང་བྱེད་ཚད་ཀྱིས་མི་འདང་བ་དང་གཉིས། སྤྱིར་དགེ་རྒན་གྱིས་མི་འདང་བ་ཚབས་ཆེ་བ་གསུམ་བཅས་ཀྱིས་སློབ་ཁྲིད་ཀྱི་ལས་ཆོད་དང་སློབ་མའི་སྦྱངས་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའི་དོན་དངོས་ལ་མི་ལྟ་བར་ཉེས་སྐྱོན་ཡོད་ཚད་བོད་ཀྱི་སྐད་ཡིག་གི་སྟེང་ལ་འགེལ་བ་ནི་མར་ཁེ་སིའི་དངོས་གཙོའི་རྩོད་སྒྲུབ་རིག་པ་ཞིག་གང་ནས་ཡིན། བཅོས་བསྒྱུར་བྱས་མ་ཐག་པ་ནས་བོད་ཁུལ་དུ་སྒ་འགྱུར་རྟ་འགྱུར་མ་བཏང་བར་ཐབས་ལམ་དང་པོའི་ལམ་ཁ་བློ་རྩེ་གཅིག་གིས་རྒྱུན་བསྐྱངས་ཡོད་ན་ང་ཚོ་ཡང་ཐབས་ལམ་གཉིས་པ་དང་མཉམ་པ་མིན་ན་རྗེས་སུ་ལྷག་པར་ལྷག་མི་སྲིད་སྙམ།

གསུམ། ང་ཚོར་ཅིའི་ཕྱིར་ཐབས་ལམ་དང་པོ་དགོས་ཟེར་ན། སློབ་གསོའི་དོན་སྙིང་གི་ཟུར་ངོས་ནས་རྒན་ཁྲོ་རྒྱམ་དང་རྒན་འཇམ་བཀྲ་སོགས་སློབ་གསོའི་མཁས་པས་སྔར་ནས་ལན་བཏབ་པ་ལྟར་ལགས་ཤིང་། གལ་པོ་ཆེར་ནན་ཞུ་བྱ་བ་ལ། རྔ་བ་ཁུལ་ནི་བོད་རིགས་གཙོར་བོར་འདུས་སྡོད་ཀྱི་ས་ཆ་ཞིག་ཡིན་ལ། ལྷག་པར་དུ་ཧུང་མཛོད་རྔ་ཛམ་སོགས་ནི་འབྲོག་རྫོང་ངམ་བོད་རྫོང་གཤའ་མར་གཏོགས་པས། ང་ཚོའི་ཆོས་ལུགས་དད་མོས་དང་། ཡུལ་སྲོལ་གོམས་གཤིས། རིན་ཐང་ལྟ་ཚུལ་ཚང་མ་སྔར་བཞིན་བོད་ཀྱི་སྐད་དང་ཡི་གེས་རྒྱུན་ཐག་བྱས་པའི་བོད་ཀྱི་རིག་གནས་དང་འབྲེལ་ཡོད་པས། ཐབས་ལམ་བསྒྱུར་བ་ནི་སློབ་ཁྲིད་ཀྱི་སྐད་ཡིག་ཙམ་བསྒྱུར་བ་མིན་པར། བོད་ཀྱི་གཏིང་ཟབ་ཅིང་རྒྱུན་རིང་བའི་རིག་གནས་ཀྱི་ཕུང་ཁམས་དཀྲིགས་ཏེ་རྒྱ་མིན་བོད་མིན་དང་ཡ་མ་གཟུགས་ཀྱི་མི་རབས་ཤིག་བསྐྱེད་འདོད་ཀྱི་རྒྱུ་བསྐྲུན་པ་ཡིན་པས། ཀྲུང་གོའི་རིག་གནས་ཀྱི་སྐྱེ་ཁམས་དོ་མཉམ་མ་ལག་ལ་ཤིན་ཏུ་གནོད་པར་གདོན་མི་ཟ། དེ་བས། ཐབས་ལམ་དང་པོ་དགོས་དང་དགོས་ཟེར་བ་ནི་ཀྲུང་གོའི་རིག་གནས་ཀྱི་སྐྱེད་ཚལ་ཡངས་པོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་རྒྱུའི་ཡ་གྱལ། བོད་མིའི་རིག་གནས་ཀྱི་མེ་ཏོག་ཆུན་པོ་འདི་ཉིད་རྒྱུད་འཛིན་དར་སྤེལ་གཏོང་དགོས་ཟེར་བའང་ཡིན་པས་དེ་ལ་འགལ་བ་ཅི་ཡོད།

བཞི། གལ་ཏེ་ཁྲིམས་རྨོངས་པ་དང་སློབ་གསོར་རྨོངས་པ་རེ་འགའི་མ་རིག་མུན་འཐོམས་ཀྱི་དབང་གིས་ཐབས་ལམ་དང་པོ་བསྒྱུར་བཞག་ཚེ། ཐོག་མར་བོད་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་མཁན་རྣམས་གོ་མི་ཆོད་པའི་གནས་སུ་གྱར་ཏེ་རིམ་གྱིས་ཇེ་ཉུང་དང་མཐར་མེད་པ་ལྟ་བུར་འགྱུར་ཞིང་། དེ་ནས་བྱིས་བློ་ལྡན་པའི་སློབ་མ་རྣམས་ཀྱིས་ཕ་སྐད་མ་ཡིག་མྱུར་སྟབས་ཀྱིས་བསྐྱུར་ཏེ་རྒྱ་མིན་བོད་མིན་གྱི་ཕུང་གསུམ་པའི་རྣམ་ཐར་སྐྱོང་མགོ་ཚུགས་སྲིད་ལ། དེ་ནས་བོད་རིགས་དོ་དམ་པ་དང་ལས་བྱེད་པའི་དཔུང་ཡང་རིམ་གྱིས་ཉུང་མེད་དུ་གྱུར་ཏེ་ཚེ་གང་བོར་རང་གི་རིག་གནས་ཤོར་བའི་དབུལ་པོ་ངོ་མའི་མྱ་ངམ་ཐང་དུ་ལྷུང་བར་ངེས། དེ་ནས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་དཔལ་འབྱོར་དང་རིག་གནས་ཀྱི་འཚོ་བ་དག་ཀྱང་ལྟག་ཆུ་ཆད་པའི་རྫིང་བུར་གྱུར་མཐར། བོད་ཀྱི་ས་ཆར་གནས་བཅས་ཤིང་འཚོ་བའི་བོད་མི་དག་ལ་མིང་སྐམ་པོ་ཙམ་ལས་དོན་གྱི་བོད་དྲི་ཅི་ཡང་མེད་པར་འགྱུར།

ལྔ། ཏོག་གསར་རིམས་ནད་ཀྱི་ནད་མགོ་ཅུང་ཟད་ཡལ་བ་དང་བསྟུན་ནས། རྔ་ཁུལ་ནི་འདི་ལྟར་ཐབས་ལམ་སྒྱུར་བའི་ནད་ཡམས་ཤིག་གིས་ཟིན་མགོ་ཚུགས་པས། ང་ཚོའི་ཉེ་རྒྱང་གི་ཁོར་ཡུག་ཏུ་སློབ་གསོའི་ཆོས་ཉིད་ལོག་རྟོག་གིས་འབྱུང་ཁམས་འཁྲུགས་པའི་ནད་རྟགས་ཅན་མང་ཚོད་འདུག་ལ། ཁྲིམས་ལུགས་ཀྱི་ཁ་ཤུབས་མི་གྱོན་པར་འཛེམ་མེད་དུ་མི་རིགས་སློབ་གསོའི་སྲང་ལ་རྒྱུག་མཁན་ཅོལ་ཆུང་ཀླད་མེད་ཡང་མང་དུ་ཡོད་པར་ངེས་པས། རང་སྐྱོང་བཅའ་ཁྲིམས་ཀྱི་གོས་དཀར་གྱོན་པའི་ཀྲུང་ནན་ཧྲན་ལྟ་བུའི་སློབ་གསོའི་ལྷ་རྗེ་གང་མང་བྱོན་ནས་བཀོད་འདོམས་དང་མཛུབ་སྟོན་གང་ལེགས་གནང་སྟེ་རྔ་ཁུལ་གྱི་སློབ་གསོའི་ཐབས་ལམ་སྒྱུར་བའི་ནད་འདི་སྔོན་འགོག་མ་བྱས་ན་རིམ་གྱིས་ནད་ཡམས་འདི་བོད་ཁུལ་ལ་ཁྱབ་འགྲོ་བར་མ་ཟད་བོད་ཀྱི་རིག་གནས་ཀྱི་ཚེ་སྲོག་གཅོད་པའི་སྟ་རེར་འགྱུར་བར་གདོན་མི་ཟའོ།།  


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།