ཐོ་རེངས་ཀྱི་མིང་མེད་སྙན་ངག་བརྒྱ་ལས་ཁག་གསུམ།

17434




ཁག་དང་་པོ།



       མིང་མེད།   ༡
  
གློག་འོད་བཞུར་བའི་མཚན་ངོགས་སུ
ཁྱེད་ཀྱི་གཙང་པོ་འཁྱིལ
བརྒལ་དཀའ་བའི་དུས་ཚོད་མཐའ་དག
བདག་སེམས་ཀྱི་སྒེའུ་ཁུང་ལས་སྐྱེས
 
རྨི་ལམ་ལས་ཀྱང་རིང་པོའི
འཇིག་རྟེན་གྱི་མཚར་སྡུག་དེ
སུ་ཡི་ལག་ན་ཡོད་དམ
སུ་ཡི་ལག་ན་ཡོད་དམ
 
                          ༢༠༡༩.༡
 
 
       མིང་མེད།   ༢
 
རྒྱུས་ཡོད་ཀྱི་མི་ལ་རང་སྣང་མཐོ་ནའང
ཁྱེད་རང་བདེ་ཐང་ངང་ཕྱིར་ལ་ལོག་ཤོག   
འཚོ་བ་སྔར་བཞིན
ཕུགས་འདུན་སྔར་བཞིན
ཁ་བཏགས་ལྟ་བུའི་དྭངས་གཙང་གི་རྒྱུན་ལ་འདྲེས་ཏེ་འབབ་ཀྱིན་འདུག
ངས་ཁྱེད་ལ་སྒུག་གཟོད་ཀྱི་ཐོག་མའི་དམ་བཅའ་དེའང
གཏན་ནས་གཏན་དུ་འགྱུར་མི་སྲིད
 
ཡིད་འདྲིས་ཀྱི་མི་ལ་ཨུ་ཚུགས་དེ་ལྟར་ཆེ་ནའང
ཁྱེད་རང་ལྷུན་ཆགས་ཀྱི་འཚོ་བ་ལ་གོམས་པར་བྱ
བརྩེ་དུང་སྔར་བཞིན
རྨི་ལམ་སྔར་བཞིན
ཉི་འོད་ལྟ་བུའི་འབྱོར་ཕྱུག་ལ་བསྲེས་ཏེ་མི་སེམས་ལ་ཟེགས་ཀྱིན་འདུག
ངས་ཁྱོད་ལ་སྒུག་གཟོད་ཀྱི་ཐོག་མའི་དམ་བཅའ་དེའང
གཏན་ནས་གཏན་དུ་འགྱུར་མི་སྲིད
 
མི་སེམས་ཁབ་ལས་དོག་ནའང        གླེན་རྟགས་དེ་ལྟར་ཆེ་ནའང་
ང་ཚོས་ཨ་ལན་སྤྲོད་དགོས་དོན་མེད
དོན་སྙིང་གསར་བ་ཞིག་གི་ཆེད་དུ
ང་ཚོའི་རང་སེམས་ལ་ནམ་མཁའ་ཤོང་ཐུབ་ཡོད
ཉི་འོད་སྔར་བཞིན
མཛེས་སྡུག་སྔར་བཞིན
           
                         ༢༠༡༩.༨  
   
           མིང་མེད། ༣
 
 
འགའ་རེ
ཐོབ་དང་འབྱོར་བའི་བཏགས
འགའ་རེ
སྲེད་དང་ཧམ་པས་བཏགས
འགའ་རེ
ཟས་དང་སྐོམ་གྱིས་བཏགས
ང་ནི
ཚིག་དང་ངག་གིས་བཏགས
               
                       ༢༠༡༩-༣

 
         མིང་མེད། ༤
 
ང་ཚོ
འུར་ཟིང་དང་གྱེས་རྗེས
མཚན་ངོགས་སུ
གཅེར་བུར་ལུས་མྱོང
 
མི་རྣམས
རང་ཁྱིམ་དུ་ཨུ་ཚུགས་ཀྱིས་འཛུལ
མུན་པ
སྔར་བཞིན་ཁུ་སིམ་དུ་རྒྱུ
 
སྲང་ལམ་གྱི་ངོས་སུ
གྲིབ་མས་བཀང
 
འཚོ་བའི་དོན་སྙིང་ངོ་མ་ནི
དབེན་པ་ལས་རྙེད་འོས་པ་ཞིག་མིན་ནམ
 
                                                ༢༠༡༩.༦
 
            མིང་མེད། ༥
               
ནམ་མཁའ་སྤྲིན་གྱིས་བསྒྲིབས་ནའང
ས་གཞི་ཁ་བས་གཡོགས་ནའང
མི་སྐྱོ་མི་སྐྱོ་སྟེ
སྤྲིན་གྱི་རབ་ཁ་རླུང་གིས་གཏོར་ཆོག
ཁ་བའི་བང་རིམ་ཉི་མས་བཞུ་ཆོག
འོན་ཀྱང      ང་རང་སུ་ཡིས་སྐྱོབ་པར་ནུས
ང་རང་ཁྱེད་ཀྱི་མཛེས་སྡུག་སླད་དུ་ངུ་ཞིང་དགོད
སྙིང་སྡུག་ལགས
བརྩེ་བའི་རྒྱ་མཚོ་ནམ་ཡང་མཛད་པ་མེད
 
རི་དྭགས་རྒྱ་རུ་ཚུད་ནའང
སྲིན་འབུ་དྲ་བར་ལྷུང་ནའང
མི་སྐྱོ་མི་སྐྱོ་སྟེ
རྒྱ་རྙི་མཚོན་གྱིས་གཅད་ཆོག   
དྲ་བའི་སྡོམ་ཐག་གཏོར་ཆོག    
འོན་ཀྱང         ང་རང་སུ་ཡིས་སྐྱོབ་པར་ནུས
ང་རང་ཁྱེད་ཀྱི་བརྩེ་བའི་ཀློང་ལ་འཐིམ་ཞིང་གཡོ
སྙིང་སྡུག་ལགས
རྨི་ལམ་ནང་དུ་རྒྱང་རིང་ཟེར་བ་མེད
 
ཡིད་སེམས་དྲན་པས་མནར་ནའང
འཚོ་བ་ནོར་གྱིས་སྟོངས་ནའང
མི་སྐྱོ་མི་སྐྱོ་སྟེ
སྐྱོ་བའི་སྣང་བ་ཆང་གིས་གསོས་ཆོག
འཁོར་བའི་ཀློང་ནས་སྡུག་གླུ་བཏང་ཆོག
འོན་ཀྱང       ང་རང་སུ་ཡིས་སྐྱོབ་པར་ནུས
ང་རང་ཁྱོད་ཀྱི་རྣམ་ཤེས་རྒྱུན་ལ་འདྲེས་ཤིང་འབྲལ་ཐབས་བྲལ
སྙིང་སྡུག་ལགས
མི་ཚེ་འདི་རུ་མ་ཤི་གསོན་བྲལ་བྱ་འདོད་མེད
 
                                 ༢༠༡༩.༡༡
 
        མིང་མེད། ༦
     
 ཁྱོད་རང་རྒས་འགྲོ་བ་དེ་ཡིན
འོན་ཀྱང       ངག་ལ་རྨི་ལམ་འཁྱིལ་ནས་འདུག
ཁྱོད་རང་དྲོད་མེད་པ་དེ་ཡིན
འོན་ཀྱང      སེམས་ལ་དྲི་ཞིམ་འཐུལ་ནས་འདུག
 
སྐྱེ་བོ་སུ་ཡིན་ཡང
ཁྱེད་ལ་སོ་དཀར་པགས་འཛུམ་ཞིག་བསྟན་ནས་འགྲོ
 
ངས་ཀྱང་དེ་ལྟར་སེམས་དུས
ང་རང་རྩ་མེད་དུ་བཟོ་མཁན་གཉིས་སླེབས་བྱུང
དུས་ཚོད་དང་མེ་ལོང་གཉིས་ནི
བརྒལ་དཀའ་བའི་མཚན་མོ་ཞིག་གི་འཇམ་ཐིང་བཞིན
 
བསམ་བློ་དེ་ལྟར་བཏང་ན
ཁྱེད་ཀྱིས་ཀྱང
མྱ་ངན་ཐང་ཞིག་དྲུད་ནས་འགྲོ་གིན་ཡོད་སྲིདབསླུ་བྲིད་ལ་དོན་སྙིང་ལྡན་པས                        
 
                                                         ༢༠༡༩.༡༡    
 
             མིང་མེད། ༧
 
 
གྲོག་མ་ཞིག་གིས
གྲོག་མ་གཞན་ཞིག་འཁྲིད་ནས་འགྲོ་བཞིན་འདུག
གནས་ཚང་ཞིག་འཚོལ་བ་ཡིན་ནམ
མལ་ཁྲི་ཞིག་འཚོལ་བ་ཡིན
 
ཡང་མ་ཞིག་གིས
གྲིབ་མ་གཞན་ཞིག་འཁྲིད་ནས་འགྲོ་བཞིན་འདུག
གནས་ལུགས་ཤིག་འཚོལ་བ་ཡིན་ནམ
གཏམ་རྒྱུད་ཅིག་འཚོལ་བ་ཡིན
 
གང་ལྟར
གཅིག་ནི་འཁྲིད་མཁན་དང
གཅིག་ནི་རྗེས་སུ་འདེད་མཁན་ཁོ་ནའོ   
 
                                   ༢༠༡༩.༡    

           མིང་མེད། ༨
       
 
ཇི་ཙམ་ཉེ་བར་བཅར་དུས
དེ་ཙམ་རྒྱང་དུ་གྱེས
 
གོམ་པ་ལན་གསུམ་སྤོ་དུས
མི་ཚེའི་ཉི་མ་ནུབ
 
སེམས་ཀྱི་འབབ་ཚིགས་གཅིག་པུ
མི་མེད་དབེན་པར་གནས
 
ལས་ཀྱི་ཤོག་བུའི་ངོས་ལ
ཁྱེད་ཀྱི་འདབ་ཆགས་རྩེན
                                            
                                ༢༠༡༩.༣
 
   མིང་མེད།  ༩
 
ལམ་གྱི་རིང་ཐུང
འཇའ་རིས་ཀྱི་ལང་ཚོ
ཚེ་ཡི་བར་ཆད
སྤྲིན་ནག་གི་འདུ་འགོད
 
མ་རིག་པ་དང
མི་མཐོང་བས
བུད་འགྲོ་ཞེས་མ་གསུང
འུ་ཚོ  གང་དུ་འགྲོ
 
ཆང་ལ་བརྩེ་དུང་ཐུལ
དུ་བ་སྨུག་ལ་འཁྱུད
སེམས་ལ་སྙན་ངག་འཕྱོ
འཚོ་བ་དགའ་སྐྱོས་སྨྱོ
 
མི་ཡུལ་འདི་བསྐྱུར་ཏེ
ཞིང་ཁམས་གང་ལ་འགྲོ
ཨན་ཙམ་སྒུག་རོགས་ཀྱིས
ཁེར་རྐྱང་ལ་མཐའ་མེད་པས
 
དུས་ཚོད་གཅིག་ཡོད་ནའང
མི་ཡུལ་དང་གྱེས་འདོད་མེད
རྨི་ལམ་གཅིག་རྨིས་ནའང་ཆོག
ཁྱེད་དང་གཏན་བྲལ་བྱ་མི་བསམ
 
                                          ༢༠༢༠/༣/༩
 
         མིང་མེད། ༡༠
 

སྔོན་ཆད      ང་ཚོ་ཆང་གིས་བཟི་སྟེ
ཁྱིམ་ཆས་བཅག་སྟེ
མེ་ཏོག་བཅག་སྟེ
ཆང་ཕོར་བཅག་སྟེ
སྒེའུ་ཁུང་བཅག་སྟེ
བགྲོད་ལམ་བཅག་སྟེ
ཚོར་བ་བཅག་སྟེ
རྨི་ལམ་བཅག་ནའང
ཡང་ཡང་སད་བྱུང
 
ད་ལྟ     ང་ཚོ་འགྲོ་བཞིན་ཡོད་ཀྱང
བརྩེ་དུང་འཁྱེར་ཏེ
སྡུག་བསྔལ་འཁྱེར་ཏེ
འཚོ་བ་འཁྱེར་ཏེ
བྱ་གཞག་འཁྱེར་ཏེ
ཁེར་རྐྱང་འཁྱེར་ཏེ
འདོད་རྔམ་འཁྱེར་ཏེ
བསྟན་བཅོས་འཁྱེར་ཏེ
མཚན་ཉིད་རིག་པ་འཁྱེར་ནའང
ཁ་ཕྱོགས་ཤིག་མི་འདུག
 
                            ༡༢/༣/༢༠༢༠


ཁག་གཉིས་པ།


 
               མིང་མེད།   ༡༡
 
མགྲིན་པ་དེའི་ནང་ནས་གྲག་པ་ནི
རླུང་བུ་འཇམ་པོ་ཞིག་སྟེ
མི་སེམས་ཀྱི་ཁ་བ་མཐུག་པོ
དེ་མ་ཉིད་དུ་ཞུ་བར་བྱེད
 
ས་གཞི་དེའི་སྟེང་ནས་མཆེད་པ་ནི
ནད་ཡམས་ཆེན་པོ་ཞིག་སྟེ
རྣམ་ཤེས་ཀྱི་སྨིག་རྒྱུ་ལྡོམ་པོ
དེ་མ་ཉིད་དུ་སྲེག་པར་བྱེད
 
ཟླ་གསུམ་པའི་མགྲོན་པོ་ཡོད་ཚད
ཁ་ངོ་མི་མཐོང་བ་ཞིག་ཡིན
ཁ་ཐུམ་རྒྱབ་པའི་མི་ནི
གཟོད་བདེ་ཐང་ཅན་གྱི་མི་ཡིན་དགོས་པ་རེད
 
            མིང་མེད།   ༡༢
 
འགོ་ནད་ནི་ཅི་རེད
ནད་དུག་ནི་ཅི་རེད
ནད་རྟགས་ནི་ཅི་རེད
ཇི་ལྟར་སྔོན་འགོག་བྱེད་དགོས་པ་རེད
དབུགས་ལེན་དཀའ་བ
ལུས་ཤུགས་ཉམས་པ
ཚ་རྒྱས་པ
གློ་ལུ་བ
གློ་ཚད་སློང་བ་སོགས་ཅི་རེད
 
ཕྱི་དྲོ་ཞིག་ལ    འདི་ལྟར་བསམ་བློ་གཏོང་དུས
གླུ་བ་དེ་ཕྱི་མར་སོང་སྐད
ཁང་མིག་ཨ་ལོང་ལྟ་བུ་ཞིག་ཏུ
ངས    ཁོང་གི་གླུ་སྐད་དང་རོལ་ཆས་དག་མ་ཐེག་པར
ཁོ་ཧྥེ་དང་དྲིས་ལན་མཐའ་དག
འཁྱགས་སུ་བཅུག
 
དྲི་བ་འདི་དག་ལ
གླུ་བས་ཀྱང་བསམ་བློ་བཏང་ཡོད་ན
ཁོང་གིས་འཚོ་བ་བསྐྱུར་དོན་ཅི་ཡིན་ནམ
ཁོང་གིས་གླུ་སྐད་ལ་རྨ་ཁ་བཟོ་དོན་ཅི་ཡིན་ནམ
 
ཁོང་གིས་དྲི་བ་འདི་དག་མཐོང་མེད་ཀྱང་སྲིད
ཨ་ཨ    གླུ་བ་སོང་རྗེས
ངས    འབྲི་ཤོག་སྟོང་བ་ཁ་ཤས་ལངས་ཏེ
མིའི་རིགས་ལ
ཡིག་འབྲུ་ནག་པོ་རེ་གཉིས་ཤིག་བྲིས་པ་ཡིན
 
                                                 ༡༤/༣/༢༠༢༠
 
        མིང་མེད། ༡༣
 
ཉི་མ་ནུབ་ཀྱི་དུས་ལ
དུས་ཚོད་དང་ལམ་ཕྲན་རྒྱབ་ཏུ་བཞུར་བ་ཚོར
མི་ཚེ་ནི་ཉི་ནུབ་དང་འདྲ་སྟེ
མཚམས་སྤྲིན་གྱི་རྗེས་ལ་མུན་པ་ཞིག་ཀྱང་བཞུར་ནས་འོང་ངེས
 
                                                              ༨/༣/༢༠༢༠
 
               མིང་མེད།  ༡༤
 
ཁྱོད་རང་རྒས་འགྲོ་བ་དེ་ཡིན
འོན་ཀྱང     ངག་ལ་རྨི་ལམ་འཁྱིལ་ནས་འདུག
 
ཁྱོད་རང་དྲོད་མེད་པ་དེ་ཡིན
འོན་ཀྱང     སེམས་ལ་དྲི་ཞིམ་འཐུལ་ནས་འདུག
 
སྐྱེ་བོ་སུ་ཡིན་ཡང
ཁྱེད་ལ་སོ་དཀར་པགས་འཛུམ་ཞིག་བསྟན་ནས་འགྲོ
 
ངས་ཀྱང་དེ་ལྟར་སེམས་དུས
ང་རང་རྩ་མེད་དུ་བཟོ་མཁན་གཉིས་སླེབས་བྱུང
 
དུས་ཚོད་དང་མེ་ལོང་གཉིས་ནི
བརྒལ་དཀའ་བའི་མཚན་མོ་ཞིག་གི་འཇམ་ཐིང་བཞིན
 
བསམ་བློ་དེ་ལྟར་བཏང་ན
ཁྱེད་ཀྱིས་ཀྱང
མྱ་ངན་ཐང་ཞིག་དྲུད་ནས་འགྲོ་གིན་ཡོད་སྲིད
བསླུ་བྲིད་ལ་དོན་སྙིང་ལྡན་པས                       
 
                   ༡/༢/༢༠༢༠
 

                མིང་མེད།   ༡༥
 

ལག་པ་ཚུར་ལ་སྲོངས་དང
མི་རེ་རེའི་ལག་མཐིལ་ན     རི་མོ་ཞིག་ཡོད
 
རི་མོ་དེའི་ནང་དུ
སོ་སོའི་རྨི་ལམ་དང་ས་ཁྲ་ཞིག་ཉར་ཡོད
 
རི་མོ་དེའི་སྣེ་གཅིག་ནི
ལྟེ་ཁྲག་འཐོར་སའི་ས་གཞི་དང
སྣེ་གཅིག་ནི
འབྱུང་འགྱུར་གྱི་ཞོགས་པ་ཞིག་ཡིན
 
ལང་ཚོ་རྒས་དུས
རི་མོ་ཇེ་གསལ་དུ་ཇེ་གསལ་འགྱུར་ཏེ
དུས་ཚོད་ཀྱི་ཉི་ཟླའང
གསལ་བར་བྱེད
 
ཁྱོད་ཀྱིས་ཤོད་དང
རི་མོ་དེའི་མིང་ལ་ཅི་ཟེར
རི་མོ་དེ
མི་ཚེ་དང་འབྲེལ་བ་ཡོད་དམ
 
                           ༡༥/༣/༢༠༢༠

 
         མིང་མེད།   ༡༦
 

འཇམ་པོ    ཤོག་བུ་དང་སྨྱུ་གུས
རྩུབ་པོ      དུག་དང་མཚོན་ཆ་འབྲི་ཐུབ་ཡང
 
ཁྱོད་དང
ཁྱོད་ཀྱི་བརྩེ་དུང
འཇམ་དྲགས་ཏེ
འཇམ་པོ     གྲིབ་མ་ཙམ་ཡང་འབྲི་མ་ཐུབ
 
                                          ༡༥/༣/༢༠༢༠
 
           མིང་མེད། ༡༧
 
སྐྱེ་བ
གཟེབ་ནས་ཐོན་ཏེ
གཟེབ་ལ་འཛུལ་བའི་གོ་རིམ
འབྱུང་བཞིའི་ཁམས་སུ
གྲིབ་མའི་ཆག་རོ་དག་གཡུག་རྗེས
རླུང་ལ་ཞོན་པའི་འོད་ཐིག
དཀར་གཙང་ནས་དཀར་གཙང་དུ་གྱུར་བའི་གཙང་པོ
 
འཆི་བ
མཛེས་མའི་བུ་སྣོད་དང
ས་གཞིའི་བུ་སྣོད་ཀྱི་བར་ལ
མཚམས་མེད་དུ་རྒྱུ་བའི
ས་འོག་ལྕགས་ལམ་སྟེ
ཡང་ཡང་རྒྱུག་ཅིང
ཡང་ཡང་བསླེབ་སའི་ནམ་མཁའ་ལྗང་ཁུ
 
                                           ༡༦/༣/༢༠༢༠
 
 
           མིང་མེད།  ༡༨
 












 
                                ༡༦/༣/༢༠༢༠  
 
 
             མིང་མེད།   ༡༩
 
གང་ལྟར 
གཤོག་པ་ཟད་པའི་ཡིག་འབྲུ་དག་ལ
ཉེས་པ་ཆེན་པོ་མི་འདུག
པགས་བཤུས་བརྒྱབ་ཚར་བའི་རི་མོ་དེའམ
རྨས་ཕོག་པའི་ཁྱེད་ཀྱི་མཚན་མ་དང་འདྲ
 
 གང་ལྟར
པད་མའི་སྟེང་གི་གཡུ་སྦྲང་འདི་ཚོ
ཉེས་པ་ཆེན་པོ་མི་འདུག
རོ་ཉམས་པའི་བཟི་བོ་ཁྱུ་ཞིག་གམ
རྨི་ལམ་བོར་བའི་ཁྱོད་ཀྱི་ནམ་ཕྱེད་དང་མཚུངས
 
གང་ལྟར
རྡོ་བ་འདི་ཚོ
གྲག་མེད་འགུལ་མེད་དུ་གནས་པས
འཇིག་རྟེན་གྱི་ལག་པ་སྐོར་ཞིག་རེངས་པར་གྱུར
 
 
                                                     ༢༠༢༠.༣
 
           མིང་མེད།  ༢༠
 
སྐར་ཆ་ཁ་ཤས་ལ
ང་ཚོ་མཉམ་དུ་འགྲོ
 
དུས་ཚོད་ཁ་ཤས་ལ
ང་ཚོ་མཉམ་དུ་འགྲོ
 
ཉིན་ཞག་ཁ་ཤས་ལ
ང་ཚོ་མཉམ་དུ་འགྲོ
 
འོན་ཀྱང     རང་སེམས་ཀྱི་ཆ་ཤས་ཤིག
ཁྱེད་དང་གཏན་དུ་གྱེས་འདུག
 
                                                                                  ༢༠༢༠.༢
 


        ཁག་གསུམ་པ།


 
              མིང་མེད།  ༢༡
 
ཁྱོད་ཀྱི་བརྩེ་དུང་གི་ནགས་ཚལ
མེ་རུ་བསྲེག་པ་མ་རེད
གསར་དུ་རྙེད་པའི་མུན་པ་འདི
འཚོ་བ་དང་ས་གཞིའི་ངོས་ཀྱི་ས་བོན་རྙེད་པ་རེད
 
རྒྱང་རིང་ཨེ་མཐོང
ནམ་མཁའ་དང་གཙང་པོ་ལྟ་བུའི
ཁུ་སིམ་ཨེ་ཚོར
རེ་དོག་དང་འདོད་རྔམ་གྱིས་བཅིངས་པའི
 
ད་ལྟ    ངས་དངོས་སུ་མཐོང་གིན་འདུག
ཁྱོད་ཉིད་རང་གིས་བཙུགས་པའི་རྒྱལ་ཁབ་ལ་དགའ་བ་བཞིན
ཡོད་ཚད་འགྱུར་ལྡོག་གི་ཀློང་ན་འབར་བ་དེ
ཉི་མའི་འོད་ཟེར་བརྩེགས་པའི་འཆར་ཀ་ཞིག
 
                                    ༢༠༢༠.༣
                                     
 
                མིང་མེད།  ༢༢
 
སྙན་ངག་རྒུད་པའི་དུས་རབས་འདིར
མིའི་རིགས་ཀྱིས་སྒེའུ་ཁུང་གཞན་ཞིག་བཙལ་ཡང་མ་རྙེད།
 
                                                      ༢༠༢༠.༢
 
 
               མིང་མེད།   ༢༣
 
སྙན་ངག་པས
སྤྲིན་པ་འཇམ་པོ་དེ     རླུང་གི་བག་མར་བྱིན
མེ་ཏོག་གཉོམ་པོ་དེ     སྦྲང་མའི་རྨི་ལམ་དུ་བླུགས
ཆར་ཐིགས་ཆུང་ཆུང་དེ      ས་གཞིའི་མངལ་དུ་བཅུག
ཉི་འོད་ཟབ་མོ་དེ       མུན་པའི་གཟེབ་ལས་བཏོན
 
དེ་ལྟ་ནའང     སྙན་ངག་པས
ལྷ་དབང་སྒྲོལ་མའི་སྟོན་ཁ་སྒུག་སྟེ
གཟན་ཤམ་དམར་པོ
རྡོ་བ་གློ་ཁ་ཞིག་གི་སྟེང་ན་འབོར་ལ་ཉེ
 
རྒྱལ་སྲས་ཁྱོད
ལྷ་དབང་སྒྲོལ་མའི་ཕྱོགས་ལ་འགྲོ་གིན་ཡོད་དམ
དབེན་པའི་གནས་ལ་ཆས་ཀྱིན་ཡོད།
 
                                              
                          ༢༠༢༠.༢
 
        མིང་མེད།   ༢༤
 

ང་འདས་པའི་ནང་དུ་ཡོད
ང་ལྟ་བའི་ནང་དུ་ཡོད
ང་མ་འོངས་པའི་ནང་དུ་ཡོད
ང་མིང་མེད་སྙན་ངག་གི་ནང་དུ་ཡོད
 
ཏག་ཏག    ཁྱོད་ཚིག་པ་ཟ་དགོས་དོན་ག་རེ་ཡིན་ན
སྡུག་བསྔལ་དེ་ཙམ་མེད་ནའང
ང་ཁྱོད་ཀྱིས་རང་སྲོག་གཅོད་པར་སེམས་ཁྲལ་ཆེ།
 
           
                                        ༢༠༢༠.༣
 
              མིང་མེད། ༢༥
 
རུས་རྐང་ལ་ཚ་དྲོད་སྟེར་བའི BLACK  RAM
ང་ཡི་འདོད་སེམས     ཁྲོམ་ནག་བཞིན་དུ་སྨྱོ་རུ་བཏང
 
གཙང་ངོགས་སུ་དུས་ཚོད་མི་འདུག
རླུང་དང་བྱེ་མ་ཕྲད་པའི་དུས་ལ     
བརྩེ་དུང་གི་རྡོག་སྒྲ་ཞིག་ཐོས་ཀྱིན་འདུག
ངས    ས་གཞིའི་སྟེང་གི་གྲིབ་གཟུགས་ལ་རྒྱང་རིང་དྲིས
 
མདང་ནུབ་ཀྱི་དུས་ཚོད་དགུན་ལ་གཏོགས་ཏེ
ལུས་ཕུང་ཞིག་གིས་ལུས་ཕུང་གཞན་ཞིག་ཁྲིད་ནས་འགྲོ་བཞིན་ཡོད
ད་ནངས་དཔྱིད་དུས་ཀྱི་ཞོགས་པ་ཞིག་ཚེས་འདུག
མི་སེམས་དེས་མི་སེམས་གཞན་ཞིག་ལ་འདོགས་ཐག་སྤྲད་སོང
 
ངས    ཡིད་འོང་གི་དཔྱིད་ཀ་དོར་ནས
མཛེས་པའི་རྡོག་སྒྲ་དེ་འཚོལ་བཞིན་ཡོད
BLACK  RAM
ང་ཡི་ཁྲག་རྒྱུན་གྱི་གླུ་བ།
                                        
                  ༢༠༢༠.༣.༢༡
                                    

              མིང་མེད།  ༢༦
 
དཀོན་མཆོག་གི་མིག་ཆུ་ཐིགས་པ་གཅིག་ལ
བུད་མེད་ཟེར
དཀོན་མཆོག་གི་མིག་ཟུང་ཡ་གཅིག་ལ
སྐྱེས་པ་ཟེར
 
སྐྱེས་པས་ཆང་རག་འཚོལ
བུད་མེད་ཀྱིས་མེ་ལོང་འཚོལ
 
ཆང་དང་མེ་ལོང་ནི
སྐྱེས་པ་དང་བུད་མེད་ཀྱི་དུར་ས་དང་རྨི་ལམ་ཉིད།
 
                                          ༢༠༢༠.༣


              མིང་མེད།  ༢༧
 

ནམ་མཁའ་ཅི་འདྲའི་སྟོང་ནའང
ས་གཞི་དང་སྤྲིན་དཀར་གྱིས
འཁང་ར་གཏན་ནས་བྱས་མྱོང་མེད
 
ས་གཞི་ཅི་འདྲའི་ཡངས་ནའང
ནམ་མཁའ་དང་ཉི་ཟླས
ངག་འཁྱལ་གཏན་ནས་སྨྲ་མྱོང་མེད
 
ཉི་ཟླ་མགོ་རུ་ཁུར
རི་རབ་གདན་དུ་བྱས་པའི
འགྲོ་བ་མི་འདི
ཅི་འདྲའི་རྫོབ་རྫོབ་ཅིག་རེད་ཨང
 
སྐད་ཆ་ཚིག་གཅིག་གིས་ཀྱང
ནམ་མཁའི་རི་མོ་དང་ས་གཞིའི་འཆོར་སྒེག
རི་རབ་ཀྱི་ང་རྒྱལ་དང་ཉི་ཟླའི་འོད་སྣང་སོགས་ཡོངས་སུ་བརྫད་འགྲོ
འུ་ཚོ་འདམ་སྙིགས་ཤིག་ཡིན་པར་བཏང་ནའང
ཉི་མས་མི་སྐམ་པའི་བྲག་རྡོ་ཞིག་ཡིན་ཤོས་ཆེ།
 
 
              མིང་མེད།     ༢༨
 
མི་སེམས་ཀྱི་དོན་སྙིང་ཆེས་ཡག་ཤོས་དེ
མ་རྙེད་པ་དེ་དག་ཡིན་ངེས་ན
 
ང་ཚོས
རང་ཉིད་མི་རྙེད་པ་དེ
དོན་སྙིང་ཡག་ཤོས་ཅིག་ཏུ་བརྩི་འམ
 
རེད་དེ
མི་ནི་གཅིག་པུ་འགྲུད་བཞུད་བྱེད་ཐུབ་མེད་པའི
སྲོག་ཆགས་གཡུང་མོ་ཞིག་ཡིན་ཡང
ཁྱི་ལ་བལྟས་ཏེ
ཧབ་ཆ་རྒྱག་པ་ནི་མིའི་རང་གཤིས་ཤིག་རེད།
 
 
           མིང་མེད། ༢༩
 

མི་ཚེ་འདིར
ཁང་ཁྱིམ་ཆུང་བ་ཞིག་ཏུ་འཛུལ་ནས
འཇིག་རྟེན་མཐོང་སོང་ཞེས
ཁྱོད་ལ་སྨྲས
 

མི་ཚེ་འདིར
ཆང་ཕོར་ཆེན་པོ་ཞིག་ཏུ་ལྕེབས་ནས
བརྩེ་དུང་རྙེད་སོང་ཞེས
ཁྱོད་ལ་སྨྲས
 

མི་ཚེ་འདིར
ཁྱེད་དང་འགྲོགས་ནས
མི་རྟག་པ་རེག་སོང་ཞེས
ཁྱོད་ལ་སྨྲས།
 
ང་རྒས་ནས་འགྲོ་དུས་ཀྱང
ངས        ཅི་ཡིན་འདི་ཡིན་མིན་པ་ཞིག
ཁྱོད་ལ་བཤད་ནས་སོང་།
 
 
            མིང་མེད།   ༣༠
 
ཆར་བ
སྤྲིན་དཀར་གྱི་གཤོག་པ
ས་གཞིའི་སྒྲོག་གུ
 
ཆར་བ
གཤིན་པོའི་མིང་ཡིག་དཀར་པོ
རྨ་ཁའི་ངོས་ཀྱི་འཇའ་ཚོན
 
ཆར་བ
དགུན་གྱི་ཚལ་དུ
ཁྱོད་ཀྱི་སྨྲ་སྒོ་གྲོལ
 
ཆར་བ
ས་སྟེང་གི་རི་མོ་ཡོད་ཚད
ཆར་ཐིགས་གཅིག་ལས་སྐྱེས
 
ང་རང་བརྩེ་དུང་དང་བྲལ་སྐབས
ཏག་ཏག        ཆར་བ་བབས་བྱུང
 
ཆར་བའི་ཤག་སྒྲ
སེམས་པའི་ཉིན་སྲིབ་གཉིས་ལ་འབྱར
 
ཆར་བ
སངས་རྒྱས་ཀྱི་བརྩེ་བ་ཇི་བཞིན*
                                
             
 
                               ༢༠༢༠/༣/༢༩
 
                               

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།