2020ལོའི་སྒོ་ཡོན་གྱི་སྙན་ངག་གསར་པ་ཆེད་འགོད།

15470


སྒོ་ཡོན།   ཁོམ་དུས་ཇ་འཐུང་མཁན་དང་། མི་ཁོམ་དུས་སྙན་ངག་འབྲི་མཁན།


རྗེ་བཙུན་སྒྲོལ་མ།



ཨ་ཁུ་བློ་བཟང
མཆོད་ཁང་ནང་འཛུལ
ཕྱག་གསུམ་བཙལ
 
གློ་བུར
མཆོད་སྟེགས་སྟེང
འཛུམ་དམུལ་དམུལ་བཞུགས་པའི
རྗེ་བཙུན་སྒྲོལ་མས
ཁ་རས་ནབ་མེད་པ་མཐོང

དེ་མུར
ཁོང་རང་ཉིད་ཀྱི་ཁ་རས་ཕྱུང་ནས
རྗེ་བཙུན་སྒྲོལ་མའི་ཞལ་ལ་གསོལ
 
རྗེ་བཙུན་སྒྲོལ་མ
སྔར་བཞིན་འཛུམ་དམུལ་དམུལ
 
                    ༢༠༢༠.༠༡.༢༧


གཡུལ་འགྱེད




ཁྱོད་ཀྱིས་སྒུག་སྡོད
རིང་པོ་མི་འཐོག་པར
མཚོ་དམག་བྱེ་བ་དུང་ཕྱུར་ཐོན་འོང
སྐམ་དམག་བྱེ་བ་དུང་ཕྱུར་ཐོན་འོང
མཁའ་དམག་བྱེ་བ་དུང་ཕྱུར་ཐོན་འོང
སོད་སོད་རྒྱོབ་རྒྱོབ
 
མི་མེད་འཕུར་གྲུ་དག་གིས་རྔ་བརྡུང་ངོ
ཆུ་སྐྱེལ་དམག་གྲུ་དག་གིས་གར་འཆམ་མོ
འགད་གཏོར་གནམ་གྲུ་དག་གིས་ཀི་གདབ་བོ
སོད་སོད་རྒྱོབ་རྒྱོབ
 
མདའ་གྲི་མདུང་གསུམ
མེ་སྒྱོགས་རིང་ཐུང
མཚོན་ཆ་སྣ་ཚོགས་ཐོགས་ཏེ
ཁྱོད་ཀྱི་ཕྱོགས་སུ་ཐོན་འོང
སོད་སོད་རྒྱོབ་རྒྱོབ
 
ས་འོག་ས་སྟེང་ས་བླ་གང་དུ་ཡོད་ཀྱང
ད་འབྲོ་ས་ཨེ་ཡོད་ལྟོས
ད་ཐར་ས་ཨེ་ཡོད་ལྟོས
 
མིག་གིས་མི་ཟིན་པའི
ཐ་ན་ཕྲ་མཐོང་ཤེལ་གྱིས་ཀྱང་མི་མཐོང་བའི
ཁྱོད་ཉིད་ག་པར་ཡོད
 
              ༢༠༢༠.༠༣.༠༨


འདས་མཆོད།




དེ་རིང་ཞོགས་པར
ང་རང་གཅིག་པུ
སྨན་པ་ལི་ལགས་ཀྱི་དུར་སར
ཤོག་བུ་བསྒྲོན་དུ་ཕྱིན
 
ཁོང་གི་གཉེན་ཉེ་དག་གིས
ཤོག་བུ་མང་པོ་བསྒྲོན་འདུག
ངོ་ཤེས་དག་གིས
ཤོག་བུ་མང་པོ་བསྒྲོན་འདུག
ཆ་མེད་དག་གིས་ཀྱང
ཤོག་བུ་མང་པོ་བསྒྲོན་འདུག
 
ངས
ཤོག་བུ་སྤར་བ་གང
དུར་བྱང་གི་མདུན་དུ་སྤུངས་ཏེ
མེ་ལ་བསྒྲོན
མེ་ལྕེ་ལྷབ་ལྷུབ
 
འགྲོ་ཁར
སླར་དུར་བྱང་གི་ངོས་ལ་བལྟས་པ་ན
“ཁ་རོག • དཔའ་བོ།”
ཡིག་འབྲུ་བཞི་ཚུར་འཁོར་འདུག
 
                ༢༠༢༠.༠༢.༡༠


རྒྱལ་ཁམས་པ།


 
ང་རང
ཐོག་མར་ཝུའུ་ཧན་ནས
རྐང་ཐང་ངང་ལམ་ལ་ཆས
 
འཇར་པན་དུ་ཐོན་པ་དང་
ལྕགས་རྟ་ལ་བཞོན
ལྷོ་ཁོ་རེ་ཡའི་ས་ཐོག
རླངས་འཁོར་དུ་ཞུགས
ཨི་ཐ་ལའི་སྒོ་ཁར
མེ་འཁོར་ནང་བསྡད
ད་ལྟ
ཨ་རིའི་གནམ་གྲུའི་ནང་དུ་ཡོད
 
ང་ནི
རྒྱལ་ཁམས་མྱུལ་བའི
རང་དབང་གི་ཡུལ་སྐོར་པ་ཞིག་ཡིན
 
              ༢༠༢༠.༠༣. ༡༩


སྐྲག་སྣང་།



འཇིག་རྟེན་འདི་ན
སྐྲག་མ་མྱོང་མཁན་ཨེ་ཡོད
སྲིད་འཛིན་ཁྲོ་ཕུ་མ་གཏོགས
སུ་ཡང་ཡོད་མ་རེད
 
སྲིད་འཛིན་ཁྲོ་ཕུ
སུ་ལ་ཡང་སྐྲག་མ་མྱོང
ཨ་རབ་ཀྱི་དར་ནག
བྱང་ཁོ་རེ་ཡའི་བོའུ་ཐུང
ཨུ་རུ་སུའི་གྱང་ར
རྒྱ་ནག་གི་དོང་ཙེ
 
སྲིད་འཛིན་ཁྲོ་ཕུ
སུ་ལ་ཡང་ཁུ་ཚུར་ཕྱར་ཕོད་པའི་དཔའ་རྟུལ
ནམ་ཡང་ངག་མི་འདར་བའི་ཨ་ཁུ་འཕྲིན་ལས ①
 
སྲིད་འཛིན་ཁྲོ་ཕུ
སྐྲག་རྒྱུ་མི་འདུག
གཏན་ནས་སྐྲག་རྒྱུ་མི་འདུག
 
འོན་ཀྱང
ང་རང་མཐོང་མ་ཐག
རང་དབང་མེད་པར
“འོ།   བླ་མ་མཁྱེན།”
 
          ༢༠༢༠.༠༣.༡༦
 

① «ཧི་མ་ལ་ཡ»(Himalaya)ཞེས་པའི་གློག་བརྙན་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ། ཚྭ་ཚོང་གྲོང་ཚོའི་འགོ་དཔོན་རྙིང་པའི་མིང་ངོ་། །

དྲན་ཤེས།




གྲོང་ཁྱེར་འདིར
བདག་གིས་ཁང་པ་ཞིག་གླས་ཏེ
ཡུན་རིང་འགོར
 
ཁང་པ་འདིར་སྤོར་རྗེས
གཞས་ལེན་མི་ཕོད
ཁང་བདག་གིས་ཐོས་འགྲོ
རི་མོ་དགོད་མི་ཕོད
ཁང་བདག་གིས་མཐོང་འགྲོ
ད་ལྟ་སྙན་ངག་ཀྱང་འབྲི་མི་ཕོད
ཁང་བདག་གིས་ཡི་གེ་མི་ཤེས་ཀྱང
ནང་དོན་མི་ཡག་ཅེས
བསུབ་འགྲོ


ཉིན་གང་བོར
ལྐོག་སིབ་སིབ
ཟ་མ་བཟོ་བ་ཙམ་ལས
ལས་ཀ་ཅི་མི་འདུག
 
              ༢༠༢༠.༠༢.༡༧


ཆོམ་པོ།



བུ་མོ་དེས
ངའི་སྙིང་ལ་རེག་རེག་བྱས
ངའི་མཆུ་ཏོ་ལ་རེག་རེག་བྱས
སླར་ཡང
ངའི་ཡི་གེ་ལ་རེག་རེག་བྱས
 
བུ་མོ་ཐག་རིང་དུ་བུད་སོང
ངའི་སྙིང
ད་རུང་འདར་བཞིན་འདུག
 
                ༢༠༢༠.༠༣.༢༠


ལོངས་སྤྱོད།



ཡུན་རིང་ཉར་བའི
རྩིས་འཕྲུལ་ངོས་ཀྱི་ཡིག་འབྲུ་ཁ་ཤས
དེ་རིང་སར་བཀོག་སྟེ
རང་ཉིད་ལ་ཁ་རས་སྟབས་བདེ་ཞིག་དྲས
 
ཁ་རས་བགོས་རྗེས
ང་ཡང
ཕྱི་རོལ་ཏུ་བསྐྱོད་ཆོག
 
མི་ཚོགས་ཁྲོད
ང་རྒྱལ་དང་བཅས
རང་ལ་དབང་བའི་བར་སྣང
མཛུབ་མོས་འབྲད་ཆོག
 
             ༢༠༢༠.༠༢.༢༩


0

One Response to 2020ལོའི་སྒོ་ཡོན་གྱི་སྙན་ངག་གསར་པ་ཆེད་འགོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།