ངེད་དྲ་བས་ན་གཞོན་བརྩམས་སྒྲུང་བ་ཀླད་ཀོར་ལ་བཅར་འདྲི་བྱས་པ།

511

    __ན་གཞོན་བརྩམས་སྒྲུང་བ་ཞིག་ལ་གསར་རྩོམ་སྐོར་ནས་བཅར་འདྲི་བྱས་པ།              

 

བཅར་འདྲི་བྱ་ཡུལ།   ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ན་གཞོན་བརྩམས་སྒྲུང་བ་འཕྲིན་ལས་བཟོད་པ།  
          བཅར་འདྲི་བྱེད་མཁན།    རྫ་ཆུའི་རླབས་སྒྲ་དྲ་བའི་རྩོམ་སྒྲིག་པ་རྫ་སྐྱེས་ཕུར་བ།  
                ནང་དོན།      ན་གཞོན་བརྩམས་སྒྲུང་བ་ཞིག་གི་གསར་རྩོམ་གྱི་ཉམས་མྱོང་གླེང་བ། 
   དུས་ཚོད།      ཕྱི་ལོ/ 2016/ཟླ6/ཚེས/23/དགོང་མོའི་ཆུ་ཚོད/7/སྐར་མ/3/སྟེང་།
 

           རྩོམ་སྒྲིག་པ།   འཕྲིན་ལས་བཟོད་པ་བདེ་མོ།   ད་ནངས་ངེད་དྲ་བའི་རྩོམ་སྒྲིག་པའི་ངོས་ནས་ཁྱོད་ཀྱི་བརྩམས་སྒྲུང་གསར་རྩོམ་སྐོར་གྱི་ཁ་བརྡ་ཞིག་བྱ་འདོད་ཡོད་ཅེས་བཤད་ཀྱང་།  སྐབས་དེར་ཁྱོད་རང་ཅུང་མ་ཁོམ་སྟེ་དགོང་མོའི་ཆུ་ཚོད་བདུན་པར་ཡིན་ཞེས་དུས་ཆོད་བྱས་པ་བཞིན།  ད་ལྟ་ས་གནས་དེ་ཀའི་ཆུ་ཚོད་བདུན་པར་ཏག་ཏག་འུ་གཉིས་འཛོམས་སོང་།  ད་གླེང་མོལ་བྱ།  དེ་བས་དང་པོ་བརྩམས་སྒྲུང་གསར་རྩོམ་སྐོར་གྱི་ཁ་བརྡ་མགོ་མ་ཚུགས་སྔོན།   ཁྱོད་རང་གི་ཕ་ཡུལ་དང་བྱིས་དུས་ཀྱི་འཚོ་བ།   སློབ་སྦྱོང་བྱ་བའི་ཁོར་ཡུག་དང་སྦྲགས་ཏེ་རང་ཉིད་ངོ་སྤྲོད་ཅིག་བྱ་རོགས།

          ཀླད་ཀོར།   རྩོམ་སྒྲིག་པ་བདེ་མོ།  ངའི་ཕ་ཡུལ་སྨར་ཁམས་རྫོང་གི་བྱིས་པ་གྲོངས་པའི་གནས་སུ་འབོད་པའི་ཞིང་གྲོང་ཞིག་ཡིན།  ཞིང་ལས་ཞོར་དུ་རུ་བར་འགྲོ་མཁན་ཡང་ཉུང་ཙམ་ཡོད།   ད་ལྟ་ང་རང་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཐོན་ལ་ཉེ།  ངའི་ཆུང་དུས་ནི་ཞིང་ཐང་གི་ཁྲོད་དུ་རྩེད་མོ་ལ་མགོ་འཁོར་ནས་ཟད།  དེ་སྐབས་ཕྲུ་གུ་རྐུ་མཁན་སོགས་མེད་ཙང་།   རྒན་པ་ཚོས་ང་རང་ཉིན་གང་གང་དུ་འགྲོ་བ་སོགས་ལ་ཁ་ཡ་བྱེད་ཀྱིན་མེད།  སྐབས་སྐབས་སུ་ཇ་འཐུང་དུས་ཀྱང་ང་རང་འབོད་ཀྱིན་མེད།  བྱིས་དུས་སུ་དེ་འདྲའི་རང་དབང་ཆེ་བས་ཡིན་ནམ་མི་ཤེས།   གང་ལྟར་ང་རང་སློབ་གྲྭ་འགྲོ་བར་དགའ་བོ་མེད།  ང་རང་ལོ་དགུའི་སྐབས་སུ<ཨ་མ།  ང་རང་སློབ་གྲྭར་མི་འགྲོ>ཞེས་ངུ་བཞིན་སློབ་གྲྭར་སོང་།  གང་ལྟར་ལོ་དེར་གོང་རིམ་ལྟ་བསྐོར་འོང་དུས་ལོ་རིམ་གསུམ་པའི་ནང་སློབ་མའི་གྲངས་ཀས་མི་འདང་བའི་རྐྱེན་གྱིས་ང་རང་ཐད་ཀར་ལོ་རིམ་གསུམ་པ་ལ་བཞག་སོང་།

          རྩོམ་སྒྲིག་པ།    དེ་བཞིན་ཉེ་སྔོན་ཁྱོད་ཀྱིས་ངེད་དྲ་བར་བསྐུར་ཡོང་བའི་ངོ་སྤྲོད་ཐུང་ངུ་ལས་ཁྱོད་རང་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན་པར་ཤེས་ཡོད།  རེད་དེ་ཁྱོད་ཀྱི་བརྩམས་སྒྲུང་གསར་རྩོམ་གྱི་ལམ་བུ་ནམ་ཞིག་ལ་མགོ་ཚུགས་པ་དང་།   ལམ་དེར་རྐྱེན་ཅི་ཡིས་བསྐུལ་བ།   བརྩམས་སྒྲུང་ལ་བག་ཆགས་ཇི་ལྟར་བཞག་པ་སོགས་བཀོད་མི་འདུག  འདི་དག་རྒྱས་ཙམ་གླེང་ན།

          ཀླད་ཀོར།    ང་རང་སློབ་ཆེན་ལོ་རིམ་དང་པོའི་སྐབས་ནས་བརྩམས་སྒྲུང་འབྲི་མགོ་བརྩམས།  རྐྱེན་ཟེར་ན་ངེས་ཅན་ཞིག་མེད།  ངའི་སློབ་གྲོགས་ནང་དུ་རྩོམ་རིག་ལ་དགའ་མཁན་མང་པོ་མེད།  དགེ་རྒན་གྱི་ནང་ནའང་བསྐུལ་མ་བྱེད་མཁན་རྒན་བྱམས་ཕྲུག་ཙམ་ལས་མེད།  ངའི་བརྩམས་སྒྲུང་ལ་ཤུགས་རྐྱེན་ཐེབས་ཤས་ཆེ་བ་ནི་ང་རང་གི་སྙན་ངག་ཡིན།  ལོ་རིམ་དང་པོའི་སྐབས་སུ་སྙན་ངག་འབྲི་དུས་འཚོ་བའི་ནང་གི་བྱ་དངོས་ཡོད་དོ་ཅོག་ཁ་དོག་མེད་པ་ལྟ་བུ་ཞིག་མཐོང་ལ།  མཛེས་སྡུག་ཅུང་ཙམ་ཡོད་པ་ནི་སྙན་ངག་ཁོ་ན་རེད་བསམས།   དེའི་རྐྱེན་གྱིས་ངའི་སྙན་ངག་ནང་དུ་མིག་ཆུ་དང་སྐྱོ་གདུང་།  ངུ་འབོད་ལ་སོགས་པའི་ཚིག་གིས་ཁེངས་ནས་ཡོད།  དེ་སྐབས་ང་རང་སློབ་ར་དང་།  པེ་ཅིང་གི་སྲང་ལམ་གང་སར་ཉུལ་ནས་སྙན་ངག་འཚོལ་གྱིན་བསྡད།   ད་ལྟ་ངས་དེ་དུས་བྲིས་པའི་སྙན་ངག་དག་མཐོང་ན་ངོ་ཚ་དགོས་པ་ཞིག་རེད་ལ་དེ་དུས་ཀྱི་སྣང་ཚུལ་དག་དྲན་ན་དགོད་བྲོ་བ་ཞིག་ཀྱང་རེད།  

         ང་ནི་ས་ཆ་གཅིག་གི་ནང་མགོ་འཁོར་ནས་མི་སྡོད་པར་མདུན་ཕྱོགས་སུ་བརྒྱུག་རྒྱུར་དགའ་བའི་མི་ཞིག་ཡིན།  ངས་དང་པོ་དུང་བ་མཚོན་པའི་སྙན་ངག་མང་པོ་ཞིག་བྲིས་པ་དང་།  དེ་ནས་དེ་ཡང་སྙིང་བོ་དེ་ཙམ་མི་འདུག་སྙམ་དུས་ཡིད་བརྙན་སྙན་ངག་བྲིས་པ་ཡིན།  ཡིད་བརྙན་སྙན་ངག་འབྲི་དུས་ང་རང་ལོ་རིམ་གསུམ་པ་ཡིན།  དེ་དུས་ངས་སྙན་ངག་སྐྱ་དཔར་གྱི་དེབ《ཟླ་བ་སྐྱ་སྐྱ། 》ཞེས་པ་བཟོས།  སྙན་དེབ་དེ་དགེ་རྒན་རེ་གཉིས་ཙམ་གྱིས་བལྟས་མྱོང་བ་རེད།   སྙན་དེབ་དེ་བྲིས་ཚར་རྗེས་ངས་ཡིད་བརྙན་སྙན་ངག་ལའང་སྙིང་བོ་དེ་ཙམ་མི་འདུག་སྙམ་བྱུང་།  དེ་ནས་ཐད་ཀར་དང་སྟབས་བདེ་ཡིན་པའི་དཔེ་རྒྱན་དང་ཚིག་རྙོག་སོགས་དེ་ཙམ་མེད་པའི་ཁ་སྐད་སྙན་ངག་བྲིས་པ་ཡིན།   གྲོགས་པོ་ཁ་ཤས་ཀྱིས་ངས་བྲིས་པའི་ཁ་སྐད་སྙན་ངག་བཀླགས་རྗེས<འདི་སྒྲུང་ཐུང་ཡིག་བཅུ་མ་ཡིན་ནམ>ཟེར།  ཧ་ཧ།  སྐད་ཆ་དེ་དག་ཉན་རྗེས་ཁ་སྐད་སྙན་ངག་འབྲི་བ་བཞིན་ཐད་ཀར་བརྩམས་སྒྲུང་བྲིས་ན་ཡག་པོ་ཡོད་ས་རེད་སྙམ།

           སྐབས་དེར་ངས་བརྩམས་སྒྲུང《རྐང་རྗེས།  ཁ་བ་ན་བོར།》ཞེས་པ་དེ་བརྩམས།   ངའི་ཐུན་མོང་མ་ཡིན་པའི་རྩོམ་རིག་གི་སྐད་ཆ་ཡོད་པའི་བརྩམས་སྒྲུང་ཡང་དེ་ནས་མགོ་ཚུགས་པ་རེད་སྙམ།  དེའི་སྔོན་གྱི་བརྩམས་སྒྲུང《 འཁྲུལ་བའི་ཞིང་གི་མིག་ཆུ།》ཞེས་པ་དེ་མཛེས་པོ་དང་སྙན་པོ་ཡོད་ཀྱང་ངའི་སྐད་ཆའི་ཁྱད་ཆོས་མངོན་མེད།  བརྩམས་སྒྲུང་དེ་འབྲི་དུས་ངས་ཏག་ཏག་དུང་བ་མཚོན་པའི་སྙན་ངག་འབྲི་བའི་སྒང་ཡིན།   ཧ་ཧ།   ངའི་སྙན་ངག་དང་།  ངའི་བརྩམས་སྒྲུང་དབར་གྱི་འབྲེལ་བ་མུ་མཐུད་ནས་བརྗོད་ན།   ངའི་བརྩམས་སྒྲུང་དང་པོ་ནི《ཟླ་ཆབ་ཀྱི་མཛའ་གླུ།》ཡིན།   སྒྲུང་ཐུང་དེ་ལོ་རིམ་དང་པོའི་སྐབས་སུ་བྲིས་པས་ན།  ངའི་རྩོམ་རིག་གི་སྐད་ཆའི་ཁྱད་ཆོས་དེ་རྩ་བ་ནས་མངོན་མེད་པར་མ་ཟད།  སྐབས་དེ་དུས་དུང་བརྗོད་སྙན་ངག་འབྲི་བཞིན་ཡོད་ཙང་།  བརྩམས་སྒྲུང་དེའི་ནང་དུ་བརྩེ་དུང་།  སྐྱོ་སྣང་།   ཁ་བྲལ་བཅས་ཤུགས་ཆེན་པོས་མཚོན་ཡོད།

         ངས་འདི་ནས་ངེས་པར་དུ་བརྗོད་དགོས་པ་ཞིག་ལ་དེའི་ནང་དུ་བྱུང་རིམ་གསལ་པོ་ཞིག་མེད་ལ་མགོ་སྔ་དེ་ཙམ་མེད་པས་བཀླགས་སྐབས་ཅི་ཞིག་ཆད་པའི་སྣང་བ་ཤར།   དེའི་ཕྱིར་ངས་བརྩམས་སྒྲུང་དེ་མུ་མཐུད་རྒྱས་འབྲི་བྱས་ཏེ་ངའི་སློབ་འབྲིང་གི་འཚོ་བ་མཚོན་པའི་སྒྲུང་འབྲིང་དུ་བསྒྱུར།   སླར་ཡང་ལོ་རིམ་གསུམ་པའི་སྐབས་སུ《ཟླ་བ་དཀར་དཀར།》 ཞེས་པའི་སློབ་ཆེན་གྱི་འཚོ་བ་མཚོན་པའི་སྒྲུང་འབྲིང་ཞིག་བྲིས།  ད་ལོའི་ལོ་གསར་གྱི་སྐབས་སུ་སྒྲུང་དེ་གཉིས་མཉམ་བསྲེས་བྱས་པས་སྒྲུང་རིང་ཞིག་ཏུ་གྱུར་སོང་།  སྒྲུང་རིང་དེའི་མིང་ལའང《ཟླ་བ་དཀར་དཀར། 》ཞེས་རང་སར་བཞག  དེའང་བསྐྱར་དཔར་བྱས་ནས་ངའི་དགེ་རྒན་བྱམས་ཕྲུག་དང་སློབ་སྤུན་ངག་དབང་རྒྱ་མཚོ་གཉིས་ལ་སྤྲད་ཡོད།  སྒྲུང་དེར་བལྟས་མྱོང་མཁན་ད་ལྟ་ཁོང་གཉིས་ལས་མེད།  སློབ་སྤུན་ངག་དབང་རྒྱ་མཚོས་ཡིག་ནོར་སོགས་ད་ལྟ་བཅོས་བཞིན་ཡོད་ཟེར།  བརྩམས་སྒྲུང་དེ་ནི་སྒྲུང་ཐུང་ཞིག་དང་འདྲ་ལ།  སྒྲུང་འབྲིང་དང་ཡང་འདྲ།  སྒྲུང་རིང་ལ་ནི་དེ་བས་ཀྱང་འདྲ།  ཧ་ཧ།   བརྩམས་སྒྲུང་དེས་ནི་ལོ་རིམ་དང་པོའི་སྐབས་ཀྱི་སྐྱོ་སྣང་།  ལོ་རིམ་གཉིས་པའི་སྐབས་ཀྱི་འཁྲུལ་སྣང་།  ལོ་རིམ་གསུམ་པའི་སྐབས་ཀྱི་ཡིད་བརྙན་གྱི་མག་མོག་བཅས་ངའི་སྙན་ངག་གི་སྒྱུ་རྩལ་གྱི་འཕེལ་རྒྱས་ཟེར་ན་འདྲ།  ཉམས་རྒུད་ཟེར་ནའང་འདྲ་བརྒྱུད་རིམ་ཞིག་མཚོན་ཡོད།   

           བརྩམས་སྒྲུང་དེ་ངའི་བརྩམས་སྒྲུང་གཞན་དང་མི་འདྲ་བར་ཁོར་ཡུག་ཞིབ་འབྲི་དང་རྩོད་རྙོག དུང་བ་སོགས་མང་པོ་ཞིག་མཚོན་ཡོད།   ལོ་བཞིའི་རིང་བརྩམས་སྒྲུང་དང་སྙན་ངག་གཉིས་གཅིག་ལ་གཅིག་བརྟེན་བྱས་ནས་ཡོང་བ་ཡིན།  དེ་མིན་དགེ་རྒན་སུས་ཀྱང་ང་ལ་རྩོམ་ཇི་ལྟར་འབྲི་བ་སློབ་ཐུབ་མ་སོང་།  དེ་ནི་དོན་དང་མཐུན་པ་ཞིག་རེད།  གལ་ཏེ་སློབ་ཐུབ་ན་འཛམ་གླིང་གི་མི་ཡོད་ཚད་རྩོམ་པ་བོ་རུ་འགྱུར་རྒྱུ་རེད།  གཞན་ཡང་ནང་མི་ཚོས་ངའི་རྩོམ་ཤེས་ཀྱི་མེད།

           རྩོམ་སྒྲིག་པ།   བརྩམས་སྒྲུང《རྐང་རྗེས།  ཁ་བ་ན་བོར།》དང《ཟབ་མོ་དག་སྣང་གི་འཇིག་རྟེན།》 《མི་མ་ཡིན།》《པར་མིག》  《ཤམ་བྷ་ལའི་སྡུག་བསྔལ།》རྣམས་བོད་རྩོམ་གྱི་དྲ་སྟེགས་ལ་ནམ་ཐོན་ཞིབ་ཏུ་བཀླགས་པ་ཡིན་ལ།  《ཟབ་མོ་དག་སྣང་གི་འཇིག་རྟེན།》དང་《མི་མ་ཡིན།》གཉིས་ངེད་དྲ་བར་བཀོད་དེ།  རང་གིས་རྩོམ་སྒྲིག་བྱས་པའི་ཞོར་ལའང་བཀླགས་ཅིང་།  《མི་མ་ཡིན།》དང་། 《རྐང་རྗེས།  ཁ་བ་ནོ་བོར།》གཉིས་འདི་ལོའི་བག་ཆགས་ཟབ་མོ་བཞག་པའི་བརྩམས་སྒྲུང་དུ་གྱུར་ཡོད།  དེ་བས་ང་རང་ཁྱོད་ཀྱི་བརྩམས་སྒྲུང་ཀློག་པོ་རྒྱུས་ཡོད་ཅིག་ཡིན་ཞེ་ནའང་འགྲིག་ཚོད་དེ་འདྲ་ཡིན།    

          དེ་ཡང་བཤད་དོན་དེད་ནས་སོང་ན་བརྩམས་སྒྲུང་དེ་གཉིས་ཀྱི་ནང་གི་ང་རང་ཆེས་དགའ་སའང་འཆར་ཡན་གྱི་ཀློང་ཡངས་པ་དང་།   གཟུགས་འགྱུར་སླ་བ།  ངེས་བརྟན་མེད་པ་འདི་གསུམ་ཡིན།    ཁྱོད་རང་གིས་བརྩམས་སྒྲུང་གསར་རྩོམ་སྐབས་ཁྱད་ཆོས་འདི་གསུམ་རྩལ་འདོན་བྱས་པ་ཞིག་ཨེ་ཡིན།  ཡང་ན་ཁྱོད་རང་གི་མཐོང་སྣེ་ནས་བལྟས་ན་རང་གི་བརྩམས་སྒྲུང་ལ་ཁྱད་ཆོས་དེ་གསུམ་ལྡན་པ་ཞིག་ཨེ་ཡིན་ནམ།

            ཀླད་ཀོར།   ངས་གོང་དུ་བཤད་ཟིན་པ་བཞིན།  ངའི་བརྩམས་སྒྲུང་ལ་སྙན་ངག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།  དེའི་ཕྱིར་ངའི་བརྩམས་སྒྲུང་འབྲི་དུས་སྙན་ངག་བཞིན་བློས་བསླངས་དང་བློ་བསྐྱེད་ཁྱད་པར་བ་དེ་དག་གཙོ་བོར་འཛིན་གིན་ཡོད།  བློས་བསླངས་དེ་གྲུབ་རྗེས་བརྩམས་སྒྲུང་ཧྲིལ་བོ་དེ་གློག་བརྙན་བཞིན་ངའི་ཀླད་པའི་ནང་ཤར་ཡོད།   དེ་ལྟར་བརྩམས་སྒྲུང་ལ་མགོ་རྩོམ་མི་ནུས་པའི་དཀའ་ངལ་མེད་ལ་འཇུག་བསྡུ་མི་ཐུབ་པའི་དཀའ་ངལ་ཡང་མེད།  ངའི་བརྩམས་སྒྲུང་འབྲི་སྐབས་དཀའ་ངལ་ཆེ་ཤོས་ནི་ཀླད་པའི་ནང་གི་གློག་བརྙན་དེ་དག་ཚིག་གིས་ཇི་ལྟར་མཚོན་པ་དེ་རེད།  དེའི་ཕྱིར་འཆར་ཡན་གྱི་ཀློང་ཡངས་པ་དང་།  གཟུགས་འགྱུར་སླ་བ།  ངེས་བརྟན་མེད་པ་བཅས་ནི་ངས་བསམ་གཟས་ནས་བཟོས་པ་མིན།   དེ་ནི་ངས་བརྩམས་སྒྲུང་མ་བྲིས་པའི་གོང་ནས་ཡོད་པ་ཞིག་དང་སྒྲུང་བྲིས་ཚར་རྗེས་སུའང་གནས་པ་ཞིག རྒྱུ་རྐྱེན་གཞན་ཞིག་ནི་ངའི་རྩོམ་རིག་གི་ལྟ་བ་ལ་ཐུག་ནས་ཡོད།  

          དཔེ་ཀློག་གི་སྐབས་སུའང་རྩོམ་རིག་གི་དཔྱད་བརྗོད་དང་།  གཞུང་ལུགས་ལ་རྩ་བ་ནས་དགའ་བོ་མེད།  དེ་ཚོས་ངའི་རང་དབང་གི་རྩོམ་རིག་གི་ལྟ་བ་དང་རྒྱ་ཆེ་བའི་འཆར་ཡན་རྣམས་བཙོན་དུ་འཇུག་འགྲོ་གི   དེ་ན་ངའི་བསམ་པར་རྩོམ་རིག་ནི་འཇིག་རྟེན་ནང་དུ་ཆེས་རང་དབང་བདེན་པའི་དངོས་པོ་དེ་རེད།  གལ་ཏེ་མི་ཞིག་གིས་དེ་ལ་སྒྲིག་ཁྲིམས་བཟོས་བྱུང་ན་ངས་སྒྲིག་ཁྲིམས་དེ་གཏོར་ཐག་ཆོད་ཡིན་ལ་དེ་གཏོར་བས་ང་ལ་དགའ་བ་ཚད་མེད་སྦྱིན་ངེས་ཡིན།   གང་ལགས་ཞེ་ན་རང་དབང་མེད་པ་ནི་རྩོམ་རིག་གི་དགྲ་བོ་ཡིན་པས་སོ། །   ཁྱེད་རང་གིས་རང་དབང་གི་འཇིག་རྟེན་ཞིག་མཐོང་ན་དེ་ནི་འཆར་ཡན་གྱི་ཀློང་ཡངས་པ་དང་།  གཟུགས་འགྱུར་སླ་བ།  ངེས་རྟེན་མེད་པ་བཅས་ཡིན་ངེས།  ཆེས་ཁྱད་དུ་འཕགས་པའི་བརྩམས་ཆོས་ནི་སྣང་བ་དང་བྱ་དངོས་རང་ཡིན་པ་དག མ་བཅོས་ལྷུན་གྱིས་གྲུབ་པའི་སྒོ་ནས་ཡིག་ཐོག་ཏུ་ཕབ་པ་དེའོ། །   

           གཞན་བརྩམས་སྒྲུང་གིས་མི་རིགས་ཀྱི་ཁྱད་ཆོས་དང་མིའི་ལས་དབང་མཚོན་ནུས་ཟེར་ན་སྐྱག་རྫུན་རེད།   དེ་དེ་བརྩམས་སྒྲུང་པས་བསམ་གཟས་ནས་མི་རིགས་ཀྱི་ཁྱད་ཆོས་འབྲི་བ་དང་།  མིའི་ལས་དབང་ལ་སྙིང་རྗེ་ཁུལ་བྱེད་པའི་བརྩམས་སྒྲུང་ཞིག་དངོས་སུ་འབྲི་ཐུབ་ཀྱང་དེ་ནི་མ་བཅོས་ལྷུན་གྱིས་གྲུབ་པ་ཞིག་མ་ཡིན།   ཀློག་པ་པོ་རིག་རྒོད་ཅིག་གིས་ཁོ་ཚོའི་བརྩམས་སྒྲུང་བཀླགས་ན་ཁོ་ཚོས་དེ་དག་མཚོན་པའི་ཆེད་དུ་རྩོམ་རིག་གི་སྒྱུ་རྩལ་ཡང་བྲན་དུ་བཅུག་ཡོད་པ་གསལ་བོར་མཐོང་འོང་།

          རྩོམ་སྒྲིག་པ།   ལོ་འདི་གར་ཁྱོད་ཀྱི་བརྩམས་སྒྲུང་གིས་བོད་རྩོམ་གསར་བའི་རྩོམ་སྟེགས་སྟེང་ཚ་རླབས་ཤིག་འཕྱུར་བཅུག་སོང་ལབ་ཀྱང་ཐལ་མི་ཆེ་སྙམ། 《 རྐང་རྗེས།  ཁ་བ་ན་བོར།》ལྟ་བུ་དེའི་དཔེར་མཚོན་དུ་འོས།  སྒྲུང་དེ་དང་པོ་ཞི་མི་མིང་སྲིང་གསུམ་དང་ཨ་མ་བཞི་ཡི་དངོས་བྱུང་འཚོ་བའི་གཟུགས་ཅན་དུ་བྱས་པ་ཞིག་ནས།  མཐར་དངོས་སྣང་ལས་བརྒལ་བའི་རྟོག་འཆར་གཟུགས་བརྙན་གྱི་རླབས་ཤིག་ལ་བསྟིམ་པ་དང་།  གཏམ་རྒྱུད་ཀྱི་སྣང་བརྙན་མངོན་སུམ་ཅན་དང་།  བབ་ཆགས་ལ་འགྱུར་རྐྱེན་པའི་སྐད་ཆའི་ཉམས་འགྱུར་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་ཁར་གོང་དུ་བཤད་པ་བཞིན།   གཟུགས་འགྱུར་དང་འཆར་ཡན་གྱི་ཀློངས་ཡངས་པ་ཞིག་ཏུ་འདོད་ཡོད།  དེ་ན《རྐང་རྗེས།  ཁ་བ་ན་བོར།》དང་བློས་བསླངས་བྱ་སྟངས་གླེང་རོགས།

           ཀླད་ཀོར།   ཁྱེད་རང་ངའི་བརྩམས་སྒྲུང་ལ་རྒྱུས་མངའ་ཆེན་པོ་འདུག མི་མང་ཆེ་ཤོས་ཀྱིས་བརྩམས་སྒྲུང་དེའི་སྐོར་ལ་དོ་སྣང་བྱེད་ཀྱིན་མེད།  ཁོ་ཚོས་དེ་སྔོན་ང་རང་ཉིད་ཀྱི་སྐད་ཆའི་ཁྱད་ཆོས་གང་ཡང་མེད་པའི《འཁྲུལ་བའི་ཞིང་གི་མིག་ཆུ།》ལ་དགའ་སྣང་བྱེད།   རེད།  དེ་དང་མི་འདྲ་བར་འདི་ནི་ང་རང་ཉིད་ཀྱི་སྐད་ཆའི་ཁྱད་ཆོས་ལྡན་པའི་བརྩམས་སྒྲུང་དེ་ཡིན།  དེ་ཡང་ངས་ད་ལྟ་ཕྱི་མིག་ཅིག་བལྟས་མ་ཐག་ཤེས་ནུས་པ་ཞིག་ཡིན།  ཕྱི་དྲན་ཞིག་བྱས་ན་བརྩམས་སྒྲུང་དེ་ལོ་རིམ་གསུམ་པའི་དགུན་གནང་སྐབས་བྲིས་པ་ཡིན།  དེ་དུས་ང་རང་ཕ་ཡུལ་དུ་ལོག་མེད།   སྟོང་ལྷང་ལྷང་གི་སློབ་ཁང་དཀྱིལ་དུ་གློག་ཀླད་ཁ་ཕྱེ་ནས་བྲིས།   དེ་བློས་བསླངས་བྱེད་སྟངས་དེས་ངའི་རང་དབང་ལྡན་པའི་ཆུང་དུས་ཀྱི་འཚོ་བ་དྲན་བཅུག་པས་རེད།

          དེ་ཡང་ང་རང་བྱིས་པ་ཡིན་དུས་ཀྱི་ཉིན་ཞིག་ལ་ང་རང་གཉིད་ལས་སད་སྐབས་གློ་བུར་ངུས་པ་ཡིན།  དེ་དུས་ང་རང་ཨ་མྱེས་དང་མཉམ་དུ་ཉལ་ཡོད།  ཨ་མྱེས་མ་ངུ་མ་ངུ་།  དེ་རིང་ཁ་བ་བབས་འདུག་ཟེར།  ངས་ཨ་མྱེས་རྫུན་ལབ་ཀྱིན་འདུག་སྙམ་ནས་ངུ་མཚམས་མ་བཞག  དེ་ནས་ཨ་མྱེས་འུ་ཚང་གི་ཞི་མིར་ཞི་ཕྲུག་གསུམ་སྐྱེས་འདུག་ལྟོས་དང་ཟེར།  ངས་རྫུན་ཨེ་ཡིན་སྙམ་ནས་བལྟ་དུས་སྔས་མགོའི་སྟེང་དུ་ཞི་ཕྲུག་གསུམ་མིག་རིབ་རིབ་བྱེད་ཀྱིན་འདུག ང་རང་ཞི་ཕྲུག་ལ་ཤིན་ཏུ་དགའ་བོ་ཡོད་པས་ངུ་མཚམས་བཞག་པ་དང་ཞི་ཕྲུག་རེ་རེ་ལ་ཞིབ་ལྟ་བྱས།  ཞི་ཕྲུག་གིས་མིག་འབྱེད་ཐུབ་རྒྱུ་མི་འདུག  ངས་ཨ་མྱེ་ལ་ཞི་ཕྲུག་ལོང་བ་རེད་འདུག་ཅེས་བཤད་པ་ན།  ཨ་མྱེས་ཉིན་གསུམ་གྱི་རྗེས་སུ་མིག་ཕྱེ་ཡོང་གི་རེད་ཟེར།  

           ང་རང་ཆེན་པོ་ཆགས་རྗེས་སུའང་ངས་དུས་རྒྱུན་དུ་སྣང་ཚུལ་དེ་དྲན་བཞིན་ཡོད།  ལོ་རིམ་གསུམ་པའི་དབྱར་གནང་གི་སྐབས་དེར་ངས་སྣང་ཚུལ་དེ་ཏག་ཏག་དྲན་བྱུང་ལ།  གལ་ཏེ་ང་རང་ནི་ཞི་ཕྲུག་ཅིག་ཡིན་ན་འཇིག་རྟེན་འདི་ནི་ཅི་འདྲ་ཞིག་ཡིན་ནམ་སྙམ།   བརྩམས་སྒྲུང་བའི་མིག་ནི་མིའི་མིག་ཡིན་པའི་ངེས་པ་མི་འདུག  ཞི་མིའི་མིག་གིས་འཇིག་རྟེན་འདི་ལ་བལྟ་ཆོག་ལ་འབུའི་མིག་གི་ཚུལ་གྱིས་ཀྱང་འཇིག་རྟེན་འདི་ལ་བལྟ་ཆོག  གལ་ཏེ་ངེས་པར་མིའི་མིག་དགོས་ནའང་སྨྱོན་པའི་མིག་དང་།  ནད་པའི་མིག་སྤྱད་ན་འཇིག་རྟེན་འདི་ང་ཚོས་མཐོང་བའི་འཇིག་རྟེན་དང་མི་འདྲ་བར་ཐག་གིས་བཅད་ཆོག དེའི་ཕྱིར་ངས་ཀྱང་ང་རང་དགའ་བོ་ཡོད་པའི་སྲོག་ཆག་ཅིག་གི་མིག་བེད་སྤྱད་ནས་འཇིག་རྟེན་འདི་ལ་བལྟས་པ་ཡིན།  ད་ལྟའང་གཟའ་འཁོར་གཅིག་གི་དུས་ཚོད་བེད་སྤྱད་དེ་བྲིས་པའི《འབུ་མེ་ཁྱེར།》ཞེས་པའི་དེ་དང་འདྲ་ས་ཡོད་པའི་བརྩམས་སྒྲུང་གཞན་ཞིག་ཡོད།

             རྩོམ་སྒྲིག་པ།  རང་གིས་བརྩམས་སྒྲུང་གསར་རྩོམ་ཁྲོད་བྱུང་བའི་དཀའ་ཁག་དང་མི་འདང་སའི་སྟོང་ཆ་མཐོང་སོང་ངམ།

              ཀླད་ཀོར།   དེ་ནི་ངའི་བོད་ཡིག་གི་ཡིག་རྩ་མི་བཟང་བ་དང་རྩོམ་འབྲི་དུས་ཡིག་ནོར་ཅུང་མང་ཙམ་ཤོར་བ་དེ་རེད།  དེའི་རྒྱུ་རྐྱེན་ནི་ཕ་ཡུལ་དང་དཔེ་ཀློག་གཉིས་ལ་ཐུག་འདུག་སྙམ།   ངའི་ཕ་ཡུལ་ནི་གནའ་བོའི་དུས་ནས་རིག་གནས་མ་དར་ས་ཞིག་དང་།  ད་ལྟའི་དུས་སུའང་བོད་ཡིག་ལ་མཐོང་ཆེན་མི་བྱེད་པའི་ས་ཆ་ཞིག་ཡིན།   སློབ་ཆུང་གི་སྐབས་སུ་ང་ཚོའི་སློབ་ཚན་ནང་དམུ་དགེ་བསམ་ཏན་གྱི་བྲིས་རྩོམ་ཞིག་ཡོད།  དགེ་རྒན་གྱིས་ཀྱང་རྩོམ་པ་བོ་ཁོང་ངོ་སྤྲོད་ཡག་པོ་བྱ་ཐུབ་རྒྱུ་མེད་པ་འདྲ།  ང་ཚོ་སློབ་མ་རྣམས་ཀྱིས་དམུ་དགེ་བསམ་གཏན་ནི་ང་ཚོ་སྡེ་བའི་མི་རྒན་བསམ་གཏན་ལ་གོ་བ་ཡིན་ནམ་སྙམ།  ཧ་ཧ།  དེ་འདྲ་ཡིན་མོད་ཀྱང་ང་རང་ནི་བོད་ཡིག་ལ་བླ་ལྷག་ཏུ་དགའ་བོ་ཡོད།  ངས་བརྩམས་སྒྲུང་རེ་བྲིས་ཚར་རྗེས་གློག་ཀླད་ནས་ཡིག་གཟུགས་འདྲ་མི་འདྲ་སྤྱད་ནས་ལྟ་དུས་སུ་བོད་ཡིག་ནི་ཤིན་ཏུ་མཛེས་པའི་ཡིག་གེ་ཞིག་རེད་སྙམ།

           མ་ཟད་དཔེ་ཀློག་ལའང་ཐུག་ཡོད་དེ།  ང་ནི་དགའ་ཕྱོགས་ཤུགས་དྲགས་པོ་ཅན་ཞིག་ཡིན་ཙང་།  དཔེ་ཀློག་བྱེད་སྐབས་རྩོམ་རིག་གི་སྐོར་མ་གཏོགས་གཞན་ལོ་རྒྱུས་དང་།  ཆོས་ལུགས།  དམག་དོན་སོགས་བལྟ་གི་མེད།  རྩོམ་རིག་གི་ནང་དུ་བརྩམས་སྒྲུང་མ་གཏོགས་གཞན་དཔྱད་བརྗོད་དང་།  ལྷུག་རྩོམ།  སྙན་ངག་སོགས་ལའང་དགོས་དབང་གིས་མ་གཏོགས་བལྟ་གི་མེད།  བརྩམས་སྒྲུང་གི་ནང་དུའང་བརྩེ་དུང་ཤུགས་ཆེ་བ།  ཚོང་རའི་ནང་དར་ཁྱབ་ཆེ་བའི་བརྩམས་སྒྲུང་གི་དེབ་ལ་བལྟ་གི་མེད།   

         ང་ནི་ཚིག་རྒྱན་ཉུང་ཞིང་ཐད་ཀར་བརྗོད་པའི་རྩོམ་དག་ལ་དགའ་བོ་ཡོད་ཙང་།  བོད་ཀྱི་གནའ་རྩོམ་བཀླགས་དུས་མི་ལ་རས་པའི་རྣམ་ཐར་ནང་གི་འཇིག་རྟེན་འཁོར་བའི་བསྐོར་བྲིས་པ་དེ་དག་བཀླགས།  གཞན་མགུར་གླུ་མང་པོ་ཡོད་པ་རྣམས་ཀྱང་བཀླགས་ཐུབ་མ་སོང་།   དེ་བཞིན་དུ་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ཀྱང་ཤོག་ལེབ་ཁ་ཤས་ཤིག་བཀླགས་རྗེས་བསྐྱུར་བཞག་པ་ཡིན།  དེའི་ཕྱིར་བོད་ཀྱི་གནའ་རྩོམ་མང་པོ་བཀླགས་ཐུབ་མེད།  ཡིག་རྩ་མི་བཟང་བ་དེའི་ཕྱིར་ཡིན་ནམ་སྙམ།   གཅིག་བྱས་ན་དེ་གཉིས་ནི་ཁ་གཡར་ས་ཞིག་ཡིན་ནའང་ཐང་ངོ་། །

              རྩོམ་སྒྲིག་པ།   རེད་རེད།   ཁྱོད་རང་ཉིད་སྙན་ངག་གི་ལམ་བུ་ནས་བརྩམས་སྒྲུང་གི་ལམ་དུ་བསྐྱོད་པའི་གོ་རིམ་ཁྲོད།  དེ་གཉིས་ཀྱི་མཐུན་ཆ་དང་མི་འདྲ་ས་གཙོ་བོའི་ཆ་དེ་གང་ལ་བལྟས་ཡོད།   

                   ཀླད་ཀོར།    རྩོམ་རིག་ལ་མཚོན་ན་སྙན་ངག་ནི་སྲོག་དང་བརྩམས་སྒྲུང་ནི་ལུས་ཡིན།  གསར་རྩོམ་གྱི་སྐབས་སུ་དེ་གཉིས་ལ་ཁྱད་པར་དེ་ཙམ་མི་འདུག དཔེར་ན་རྒྱའི་བརྩམས་སྒྲུང་མཁན་པོ་སུའུ་ཐུང<苏童>ལྟ་བུ་ལ་མཚོན་ན་ཁོ་རང་དང་པོ་སྙན་ངག་འབྲི་མཁན་ཞིག་རེད།  རྗེས་ནས་བརྩམས་སྒྲུང་མ་བཏོགས་སྙན་ངག་མི་འབྲི།   ཀློག་པ་པོ་ཞིག་གིས་ཁོ་ལ་བརྩམས་སྒྲུང་འབྲི་བའི་མན་ངག་ཅི་ཡོད་ཅེས་དྲིས་པ་ན་ཁོང་གིས་བརྩམས་སྒྲུང་ཡག་པོ་ཞིག་འབྲི་བསམས་ན་དང་པོ་སྙན་ངག་ཕྲིས་ཟེར་སོང་།  ཁོའི་བརྩམས་སྒྲུང་གི་སྐད་ཆ་ལ་བརྩམས་སྒྲུང་པ་གཞན་ལ་མེད་པའི་འགུལ་ཤུགས་ཤིག་འདུག  དེའི་རྒྱུ་མཚན་ནི་ཁོའི་བརྩམས་སྒྲུང་གི་སྐད་ཆ་ལ་སྙན་ངག་གིས་སིམ་ནས་འདུག་པ་དེས་ཡིན་སྙམ།  

              དེ་བཞིན་དུ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་སྒྲུང་མཁན་པོ་ཧེ་སའེ<Hesse>ཡང་དང་པོ་སྙན་ངག་མཁན་ཞིག་ཡིན་པ་དང་།  རྗེས་སུ་བརྩམས་སྒྲུང་པ་ཞིག་ཏུ་གྱུར།   ཁོའི་རྩོམ་རིག་གི་སྐད་ཆ་ལའང་ཁྱད་ཆོས་ཆེན་པོ་ཞིག་ཡོད།  ཡིན་ཡང་།བརྩམས་སྒྲུང་བ་དང་སྙན་ངག་བར་འདྲ་བའི་ཆ་ཤིན་ཏུ་མང་བའི་ངེས་ཤེས་མ་རྙེད་པའི་སྙན་ངག་པ་དག་གིས་བརྩམས་སྒྲུང་འབྲི་སྐབས་ཡག་པོ་ཞིག་འབྲི་ཐུབ་རྒྱུ་མི་འདུག  དེའི་རྒྱུ་རྐྱེན་གཙོ་བོ་ཁོ་རང་ཉིད་ལ་ཐུག་ཡོད།  ཁོ་ཚོས་བརྩམས་སྒྲུང་དེ་སྙན་ངག་བཞིན་དཔེ་དང་ཚིག་རྒྱན་གྱིས་ཁེངས་པ་ཞིག་བྲིས་ནས་མཛེས་པོ་དང་སྙན་པོ་ཞིག་འབྲི་ཁུལ་བྱེད་པའི་རྐྱེན་གྱིས་རེད།  

            གཞན་ཡང་།  ངས་འདི་ནས་ངེས་པར་དུ་བརྗོད་དགོས་པ་ཞིག་ནི་བརྩམས་སྒྲུང་དང་སྙན་ངག་གཉིས་ཁ་ཁ་སོ་སོར་དབྱེ་མཁན་ནི་རྩོམ་རིག་དཔྱད་བརྗོད་པ་དང་གཞུང་ལུགས་པ་དེ་ཚོ་རེད།   བརྩམས་སྒྲུང་ནི་བརྩམས་སྒྲུང་ཉིད་དེ།  ང་ཚོ་བོད་ཀྱི་བརྩམས་སྒྲུང་འབྲི་མཁན་དག་གིས་མི་རིགས་ཤིག་གི་ཁྱད་ཆོས་མཚོན་དགོས་ཟེར་བ་དེ་དགོད་བྲོ།  དེ་བཞིན་མི་དམངས་ཀྱི་བདེ་སྡུག་མཚོན་དགོས་ཟེར་བ་དེའང་ལྟ་བ་རྙིང་པ་ཞིག་རེད།  ལྟ་བ་དེ་ཚོ་མིས་བཟོས་པ་ཡིན་པས་ང་ཚོ་མིས་གཏོར་མི་ཆོག་པ་མེད། དེའི་ཕྱིར་སྙན་ངག་ནི་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པ་ཙམ་མིན་ལ་བརྩམས་སྒྲུང་ནི་མི་སྣའི་གཟུགས་བརྙན་གསར་བཞེངས་བྱེད་རྒྱུ་དེ་ཙམ་ཡང་མིན།  ཡི་གེའི་ཚོགས་ཀྱིས་དོན་མཚོན་པ་དང་དོན་དེས་བརྩམས་སྒྲུང་ནང་གི་མི་སྣ་དང་།  ཁོར་ཡུག་དག་ང་ཚོའི་འཚོ་བའི་ནང་ཅི་ལྟར་མཐོང་བ་བཞིན་མཚོན་ཐུབ་ན་མཆོག་ཡིན།  དེ་ན་བརྩམས་སྒྲུང་གི་མཛེས་པ་ནི་མ་བཅོས་ལྷུན་གྱིས་གྲུབ་པ་དེ་ཡིན་ལ།  སྙན་ངག་གི་མཛེས་པའང་དེ་ལྟར།   སྒྱུ་རྩལ་གྱི་མཛེས་པའང་དེ་ལྟར་རོ། །   

                དེ་ན་བརྩམས་སྒྲུང་བ་མཐའ་མ་རྣམས་ཀྱིས་བརྩམས་སྒྲུང་བ་གཞན་རྣམས་ཀྱི་བརྩམས་སྒྲུང་ལ་སློབ་སྦྱོང་བྱེད་བཞིན་ཅི་ཞིག་འཚོལ་བར་བྱེད།  བརྩམས་སྒྲུང་བ་འབྲིང་པ་རྣམས་ཀྱིས་ནི་འབྲི་བའི་ཐབས་ཤེས་ལ་འབད་པར་བྱེད།  མཆོག་ཏུ་གྱུར་བའི་བརྩམས་སྒྲུང་མཁན་པོ་གཅིག་བུས་འཚོ་བ་ཉིད་ཚིག་གིས་ཇི་ལྟར་མཚོན་པ་ལ་འབད་པར་བྱེད་དོ། །   བརྩམས་སྒྲུང་བ་ངོ་མ་ཞིག་ཡིན་ན་དཔྱད་བརྗོད་པ་ལ་ངོ་དགའ་བྱེད་དགོས་དོན་མེད།  བརྩམས་སྒྲུང་ལ་དཔྱད་བརྗོད་བྱེད་པ་ལས་དཔྱད་བརྗོད་ལ་བརྟེན་ནས་བརྩམས་སྒྲུང་འབྲི་དགོས་པ་ནི་མ་ཡིན་ནོ། །  སྙན་ངག་ཀྱང་དེ་ལྟར་རོ། །  

        རྩོམ་སྒྲིག་པ།   སྔོན་མའི་དུང་བརྗོད་སྙན་ངག་ཅིག་བདམས་ཏེ་སྐབས་དེ་དུས་ཀྱི་སེམས་ཁམས་ལ་ཕྱིར་ལྟ་ཐེངས་ཤིག་བྱོས་དང་གོ་རིམ་དེའི་ཁྲོད་ནས་དོ་དགོང་གི་བཅར་འདྲི་མཇུག་བསྡུ་རྒྱུ་བྱ།

        ཀླད་ཀོར།  

<མཚན་གྱི་སྣང་བ།

སྐར་མ་དུ་སྤྲིན་གྱིས་བཀབ་པའི་མཚན་མོ

མཚན་སྨག་ཁྲོད་ཀྱི་གློག་འོད་ནི

མེ་ལོང་ནང་གི་སྐར་མ་དེ་ཡིན་ནམ   ཡང་ན

རྨི་ལམ་དང་བརྩེ་དུང་གིས་བསྐྲུན་པའི་མཚན་མོ

རྨི་ལམ་གྱི་རྒུན་ཆང་གིས་མྱོས་པའི་བུ་ཆུང་ནི

བརྩེ་དུང་ཁྲོད་ཀྱི་བུ་ཆུང་དེ་ཡིན་ནམ  ཡང་ན

མེ་ལོང་ཁྲོད་ཀྱི་སྐར་མ་དང་སྐར་མའི་ཁྲོད་ཀྱི་མེ་ལོང་གང་ཡིན་ཡང

བརྩེ་དུང་ནང་གི་བུ་ཆུང་དང་བུ་ཆུང་གི་བརྩེ་དུང་གང་ལགས་ཀྱང

བསླུ་བ་དང་རྡུལ་གྱིས་འཁོར་བའི་ཟླུམ་གཟུགས་ཀྱི་མཚན་སྨག་ན

སྐར་མའི་མིག་ཟུང་རྡུལ་ཕྲན་གྱིས་ལོང་ཞིང

         བུ་ཆུང་གི་བརྩེ་དུང་ཡང་བསླུ་བྲིད་ཀྱིས་བཅོམ་སོང>ཞེས་པའི་ངའི་སྙན་ངག་དེ་ནི་ལོ་རིམ་དང་པོའི་སྐབས་སུ་བྲིས་པའི་སྙན་ངག་ཅིག་རེད།  ད་ལྟ་ཕྱིར་ལྟ་ཞིག་བྱས་ན་དགོད་བྲོ་བོ་ཞིག་ཡིན་མོད།  ང་རང་རྩོམ་རིག་གི་ཞིང་ཁམས་སུ་ཉུལ་བའི་སྐབས་ཀྱི་སྐས་ཐེམ་གལ་ཆེ་བ་ཞིག་རེད།   སྔོན་དུ་བཤད་ཟིན་པ་བཞིན་ལོ་རིམ་དང་པོའི་སྐབས་སུ་ངས་དུང་བརྗོད་སྙན་ངག་རྐྱང་རྐྱང་བྲིས་ནས་བསྡད་པ་ཡིན།  གཅིག་ནས་སྐབས་དེར་རྩོམ་འབྲིའི་ལམ་དུ་ཞུགས་མ་ཐག་ཡིན་པས་ཆུ་ཚད་དམའ་བ་དང་།  གཉིས་ནས་ཁོར་ཡུག་གསར་པ་ཞིག་ཏུ་ཐོན་པས་སེམས་པ་དེ་སྐྱོ་སྣང་གིས་ཁེངས་ཡོད་པ་འདྲ།  ངས་སྙན་ངག་འདི་འབྲི་སྐབས་སློབ་བྱོལ་བྱེད་པའི་གོམས་གཤིས་ཤིག་ཆགས་བཞིན་པའི་སྒང་ཡིན།   སློབ་ཁྲིད་ལ་ཉན་སྙིང་མི་འདོད་པ་དང་ཕྱི་རོལ་ལ་འཆམ་འཆམ་དུ་འགྲོ་བ།  ཞོར་དུ་སྙན་ངག་འབྲི་བ།  སྙན་ངག་འདི་ཡང་ཕྱི་རོལ་དུ་ཉུལ་ཉུལ་ནས་ས་སྲོད་ལ་སླེབས་དུས་གཞི་ནས་སློབ་ཁང་དུ་ལོག་སྐབས་ཤིག་ལ་བྲིས་པ་ད་ལྟའང་དྲན་རྒྱུ་འདུག  ད་ལྟ་བལྟས་ན་སྙན་ངག་འདིའི་བརྗོད་བྱེད་ཚིག་དང་།   ནང་དོན་གང་ཅིའི་ཐད་ནས་རང་ཉིད་ཀྱི་ཁྱད་ཆོས་གང་ཡང་མེད་པའི་སྙན་ངག་ཅིག་རེད།  ཡིན་ཡང་སྙན་ངག་འདི་ལས་རོལ་དབྱངས་ཀྱི་ལང་ཚོ་ཚེས་མ་ཐག་པའི་གཞོན་ནུ་ཞིག་གི་ངུ་འབོད་ཐོས་ཐུབ།

        རྩོམ་སྒྲིག་པ།   མཇུག་ཏུ་ཉིད་ཀྱི་བརྩམས་སྒྲུང་གི་འཕྲིན་ལས་ཕྱོགས་བཅུར་རྒྱས་ཤིང་།  ཁྱོད་ཀྱིས་གོང་དུ(བོད་ཡིག་ནི་ཤིན་ཏུ་མཛེས་པའི་ཡི་གེ་ཞིག་རེད)ཅེས་པ་བཞིན་ཕ་སྐད་མ་ཡིག་གི་བརྩམས་ཆོས་ཀྱིས་འཛམ་གླིང་རྩོམ་སྟེགས་བསྙེགས་ཐུབ་པའི་སྨོན་ལམ་བཏབ་པ་ཡིན།   ཞལ་དྲོ།

       ཀླད་ཀོར།  ང་རང་ནི་དུས་དེབ་ཀྱི་ཐོག་ཏུ་རྩོམ་འགོད་ཨེ་ཐུབ་མི་ཐུབ་བྱེད་མཁན་ཞིག་མིན་ལ་བཀོད་ཐུབ་ན་བླ་ལྷག་ཏུ་དགའ་མཁན་ཞིག་ཀྱང་མིན།  ཡིན་ཡང《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》དང་། 《རྫ་ཆུའི་རླབས་སྒྲ》གཉིས་ཀྱིས་ང་དང་ངའི་བརྩམས་སྒྲུང་ལ་རང་དབང་གི་ཞིང་ས་ཞིག་བསྐྲུན་པར་རྩོམ་སྒྲིག་པའམ་དྲ་བདག་གཉིས་པོ་ལ་དཀའ་དྲིན་སྙིང་ནས་ཞུའོ།།  དེ་རིང་ཁྱེད་ཀྱི་བཅར་འདྲི་འདིས་མ་བསམ་ས་ནས་ངའི་སློབ་ཆེན་ལོ་བཞིའི་སློབ་སྦྱོང་ལ་བསྡོམས་ཚིག་འགོད་པ་ལྟ་བུ་ཞིག་ཆགས་སོང་།  དེ་རིང་ཉིན་གང་བོར་ང་རང་སློབ་ཐོན་གྱི་བྱ་བ་ཙག་ཙིག་མང་པོར་མགོ་འཁོར་ནས་བསྡད་པ་ཡིན།  ད་ལྟ་ཕལ་ཆེར་བསྒྲུབས་ཚར་སོང་། ཉིན་གཉིས་ཀྱི་རྗེས་སུ་ང་རང་ཕ་ཡུལ་དུ་ལོག་འགྲོ།   ངས་འདི་ནས་ཁྱེད་ལ་བདེ་མོ་འཇོག་པ་ཡིན།

 

                                 (རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།)

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།