
ལྷ་གཅིག་ཀོང་ཇོ་བསམ་ནས།།
ལྷ་སའི་ཡུལ་ལ་ཕེབས་ཡོད།།
ཞལ་མཇལ་ཞུས་ན་བསམ་ནས།།
དྲུག་དཀར་སྔོན་པོ་ཕུལ་ཡོད།།
གནམ་གྱི་སྤྲིན་དཀར་ཤིག་ཤིག
རྗེ་བཙུན་སྒྲོལ་མ་ཉེར་གཅིག།
ས་ལ་ཆར་བ་ཤག་ཤག།
སྟོང་ཉིད་ལྷ་མོ་ཕེབས་འདྲ།།
རོགས་འདི་ཞེ་མཐུན་མིན་ན།།
མིག་ཆུ་ཡོང་དོན་མི་འདུག།
དམར་ཆུང་སེམས་ཀྱི་འབྲེལ་མཚམས།།
རྡོ་རྗེའི་ཚིག་གིས་མདུད་ཡོད།།
ལུས་གཉིས་གཅིག་ཏུ་མཐུན་སོང་།།
སེམས་གཉིས་གཅིག་ཏུ་འདྲེས་སོང་།།
ལུས་སེམས་གཉིས་ཀ་མཐུན་པའི།།
རོགས་ཁྱོད་ད་འདྲིས་ཚེ་འདྲིས།།
རི་བོ་རྩེ་ལྔ་བསམ་ནས།།
དགའ་ལྡན་རི་བོ་མ་བཙོང་།།
རྒྱ་རྟ་རྔོག་རིང་བསམ་ནས།།
ཁ་དཀར་གྱི་ལིང་མ་བརྗེད།།
བརྙབས་ན་ཟིན་ཚོད་ཡོད་ཀྱང་།།
ལག་རྔ་རླུང་གིས་ཅག་སོང་།།
དེད་ན་དུས་སྙམ་ཡོད་ཀྱང་།།
རྡོག་སྣེ་རྡོ་ལ་ཐོག་སོང་།།
བློ་ཡིས་མི་བཏང་བསམ་ཡང་།།
བསམ་པ་རང་ལ་མ་དབང་།།
མིག་གིས་མཐོང་ན་བསམ་ཡང་།།
མཐོང་ལམ་ཐལ་བས་བཅད་ཐ།།
ཁྱོད་རང་མ་འགྲོ་ཞུས་པས།།
འགྲོ་དགོས་ལས་ཡིན་གསུངས་བྱུང་།།
ཆང་དེ་གཙང་གཞས་བྱས་ཏེ།།
ཞག་གཅིག་མ་འགོར་ཕེབས་ཐ།།
ཉི་མ་རི་ནས་ཕེབས་སོང་།།
ཟླ་འོད་ནང་ལ་མ་ཤར།།
སྐར་ཚོགས་སྐྱོ་བ་ཅན་པོ།།
སྐྱི་སེར་རླུང་གིས་སྒུལ་བྱུང་།།
རང་ཡུལ་ཆུང་འདྲིས་བྱམས་པ།།
ལན་གཅིག་རྨིས་ན་བསམ་བྱུང་།།
སྙིང་གཏམ་བདུད་རྩི་མངར་མོ།།
ཁམ་གང་བཞེས་ན་འདོད་བྱུང་།།
རི་གསུམ་རྩེ་ནས་འགྲོ་དུས།།
མཐིང་སྨུག་སྦྲ་གུར་དྲན་བྱུང་།།
སྦྲ་གུར་ནང་གི་བདག་མོ།།
ཡིད་ཀྱི་ཞིང་ལ་ཕེབས་རོགས།།
མདོ་བ་རྟ་ལ་གཅེས་གཅེས།།
ཕ་མ་གཉིས་ལ་གཅེས་ན།།
མ་ཤི་དྲིན་ལན་ཟེར་བ།།
ལོགས་སུ་འཇལ་དགོས་མི་འདུག།
སེམས་པ་སྙི་མོ་སྙི་མོ།།
ཟིལ་ཆུ་རྡོག་གཅིག་འདྲ་ལེ།།
གོམ་ཆུང་ག་ལེར་སྤོས་ན།།
དྭངས་ཤ་དུམ་བུར་ཆད་འགྲོ།།
རྟ་ལ་ཅང་ཤེས་འཚེར་བྱུང་།།
གསེར་གྱི་སྒ་ཆུང་དྲན་སོང་།།
གསེར་སྒ་རིན་ཆེན་ནོར་བུ།།
ཕ་མེས་བཞག་པའི་ནོར་ཡིན།།
ཆང་འདི་ལོ་ཆང་མིན་ན།།
འཐུང་འདོད་ཞེ་ལ་མི་འདུག།
ཆང་དྲི་བག་ཙམ་ཁ་ན།།
དེ་བས་བཞེས་འདོད་མེད་འགྲོ།།
འཇིག་རྟེན་བརྩེ་བ་ཟེར་བ།།
ལ་འདིའི་ཕར་ནང་ཚུར་ནང་།།
ཆུ་ཆེན་ཟམ་ཆེན་མེད་ན།།
རང་རང་སྨྲེང་རོགས་ཡིན་འགྲོ།།
སེམས་གཞས་སྤྲིན་ལ་བསྙལ་བ།།
ནམ་མཁའི་མཐའ་ན་ཡོད་རུང་།།
སྦྲང་ཆར་ཟིམ་ཟིམ་འཇོ་བ།།
དབུ་སྐྲ་བརླན་རོགས་མིན་ནམ།།
བྱ་རྒྱའི་ཁུ་ཡུག་སྔོན་པོ།།
སྟོན་མཇུག་རྒྱ་ཁྲ་ཧོར་བ།།
མྱི་སེམས་མེད་པའི་རོགས་དེ།།
ཚེ་སྨད་སྡུག་གི་ཁུར་བོ།།
གནམ་ན་སྤྲིན་དཀར་ལིང་ལིང་།།
སྦྲང་ཆར་འབབ་ན་བསམ་ཡང་།།
མི་འདོད་སད་དང་སེར་བས།།
མེ་ཏོག་ཐང་མར་བརྡལ་སོང་།།
གཡུ་ཐོག་ཟམ་པའི་ཁ་ནས།།
ཁྱོད་ལ་སྒུག་འདུག་གསུངས་གི།།
རྐང་ཐང་ལམ་ཐག་རིང་བས།།
ཉི་མ་རི་རྩེར་བརྒྱབ་བྱུང་།།
རྒྱ་བྱ་སོག་དཀར་འདྲ་ལེའི།།
རྟ་ཞིག་ང་ལ་ཡོད་དེ།།
རྒྱ་ཚ་ཞལ་དཀར་འདྲ་ལེའི།།
མྱི་ཞིག་ང་རང་མ་རེད།།
བཏབ་པ་ལན་མེད་འདྲ་ལའི།།
གྲི་ཞིག་ང་ལ་ཡོད་དེ།།
ཇོ་སྐྱིད་ཉི་མ་འདྲ་བའི།།
མྱི་ཞིག་ང་རང་མ་རེད།།
གོམ་གསུམ་གོམ་པའི་བར་ན།།
ཚིག་གསུམ་མདུད་པ་བརྒྱབ་ཡོད།།
བློ་ལ་སོང་བའི་མི་དེ།།
འགྱུར་བ་མེད་པའི་སྨོན་ལམ།།
ཟུར་མིག་མདའ་མོ་གཤོག་དྲུག།
འཕེན་འདོད་ཡིད་ལ་མེད་རུང་།།
མེ་ཏོག་འཛུམ་ལུགས་ཡག་པས།།
སེམས་ཀྱི་གཞུ་ལས་ཤོར་སོང་།།
སྦྲང་ཆུང་འུར་འུར་ལྡིང་བ།།
གེ་སར་མངར་བས་ལན་འདུག།
རོ་ལྡན་གེ་སར་གཞོན་ནུ།།
སུ་ཡིས་ཟ་འདོད་མི་ཡོང་།།
ཡུན་རིང་འདྲིས་པའི་བུ་མོས།།
ང་ལ་ངོ་ལོག་བརྒྱབ་བྱུང་།།
སྒོ་ཁར་བཏགས་པའི་ཁྱི་འདིས།།
ང་ཡི་གཞིས་ཀ་བསྲུངས་འདུག།
གཡུ་ཆུ་ཐུར་ལ་ལོས་བཞུར།།
གཡུ་ཐོག་ཟམ་པས་སྒུག་ཡོད།།
བུ་མོ་གནས་ལ་ལོས་འགྲོ།།
ནོར་བུ་བཟང་པོས་སྒུག་ཡོད།།
ཁྲུང་ཁྲུང་དཀར་མོ་མིན་ན།།
གཤོག་རྩལ་གཡར་དགོས་མི་འདུག།
རྒྱ་ཁྲ་ཧོར་བས་དེད་ན།།
གནམ་འཕང་སྤྱོད་ན་མི་ཐུབ།།
མཚོ་ཆེན་ཁ་སྔོན་གཏིང་སྔོན།།
ངང་བ་སྒྲོ་གཤོག་སེར་པོ།།
བསམ་པ་ཡིད་ནས་མཐུན་ན།།
དགུན་འཁྱག་དར་གྱིས་མི་ཐུབ།།
ལ་དགུ་ལུང་དགུ་བརྒལ་ཡོད།།
ཆུ་དགུ་ལམ་དགུ་བཅད་ཡོད།།
བྱམས་པ་བཙལ་ནས་མ་རྙེད།།
རྐང་གི་རུས་པ་ཟད་འདུག།
ཆང་འདི་མི་འཐུང་བསམ་ཡང་།།
བྱམས་པས་ཞལ་སྟབས་བྱས་བྱུང་།།
ཆང་ལ་དགའ་སྣང་མེད་ཀྱང་།།
བྱམས་པའི་སྐུལ་ངོ་མ་ལྕོག།
འབབ་པའི་རྫ་ཆུ་ཟིལ་མ།།
རྫ་རའི་འོག་ནས་བཞུར་སོང་།།
ཆུ་རྒྱུན་མ་མཐོང་ལུས་པ།།
མིག་གི་ལན་པ་མ་རེད།།
སེམས་ཀྱི་སྨིག་རྒྱུ་རིང་མོ།།
ཇོ་བོའི་ཐུགས་ལ་ཤོར་ན།།
ལྷ་སའི་ཇོ་བོའི་མདུན་ནས།།
སྨོན་པ་སུ་ལ་བཏབ་ཡོད།།
སྐྱོ་ཉམས་གདོང་ལ་དོད་ཀྱང་།།
སྐྱོ་དོན་སེམས་ལ་ཡོད་རེད།།
སྐྱོ་བའི་མིག་ཆུ་ཟེར་བ།།
མངོན་ལྐོག་གཉིས་ནས་བཞུར་ཡོང་།།
བསམ་པ་གླིང་དཀར་སྟོད་རེད།།
བསམ་རྒྱུ་སྨུག་པོ་མཁར་རེད།།
མཁར་དེའི་ཕྱི་ནང་གཉིས་ན།།
སྒྲོལ་མའི་བྱིན་རླབས་ཨེ་ཡོད།།
བལྟས་ན་རྒྱ་སེལ་དམར་པོ།།
ཚོར་བ་ཡོངས་སུ་རྐུ་ཡོང་།།
རེག་ན་དུག་ཤིང་ཚེར་མ།།
དོན་ལྔ་སྣོད་དྲུག་གཏོར་འགྲོ།།
ལྷམ་ལ་དྲལ་ཐིག་ཕོག་ཡོད།།
སེམས་ལ་རྡོག་ཁྲིས་ཁུར་ཡོད།།
ལས་ཀྱི་ཆད་པ་ཕོག་པའི།།
འཁྱམ་པོ་ས་མཐའི་ཁྱི་རེད།།
གདོང་ཕྱེད་ལྷ་ཡི་ལྷ་མོ།།
ངོ་ཕྱེད་བདུད་ཀྱི་བུ་མོ།།
ཆ་ཡོད་ཆ་མེད་འདྲ་བའི།།
རོགས་འདི་ང་ལ་མི་དགོས།།
སེང་ལྕམ་འབྲུག་མོ་འདྲ་ལེའི།།
མ་ཞིག་ཁྱོད་རང་ཡིན་ན།།
སྐྱིད་སྡུག་སྒོ་རྭ་སྨུག་ཆུང་།།
མཉམ་དུ་རྒས་ན་ལོས་ཆོག།།
ས་ལ་དཔྱིད་དཔལ་བཞད་ནས།།
སྤང་ལ་མེ་ཏོག་བཀྲ་བྱུང་།།
མེ་ཏོག་བཀྲ་ཤིས་རྟགས་བརྒྱད།།
བུ་མོའི་ཐུགས་ལ་ཨེ་འབབ།།
གཡུ་ཤུག་ལྗོན་པའི་རྩེ་ན།།
བྱ་རྒྱའི་ཁུ་ཡུག་བཞུགས་ཡོད།།
བསམ་ནག་རྒྱ་སྟར་ངར་མས།།
རྩ་བ་བཅད་དགོས་མ་ཟེར།།
རྨ་ཆུ་ལུ་མའི་ཁ་ན།།
རྨ་ཁུག་གྱི་ལིང་ཨེ་བཞུགས།།
རྟ་བདག་བསམ་པའི་དོན་འགྲུབ།།
སྐུ་གཟུགས་བདེ་མོ་ཨེ་ཡིན།།
རྒྱ་ཡི་ཚོང་དཔོན་བཅུ་གསུམ།།
རྨ་ཡུལ་བརྒྱུད་ནས་ཕེབས་ཐལ།།
རིན་ཆེན་གསེར་གྱི་སྒ་སྲབ།།
ལག་ལ་འབྱོར་བ་ཨེ་བྱུང་།།
ཨ་འགྲིག་སེམས་པ་དགུ་སྒྲིལ།།
མདུད་མཚམས་དམ་པོ་ཨེ་ཡིན།།
ཇོ་ཇོ་ཐུགས་ཁོམ་ཡོད་ན།།
ང་ལ་སྐོར་ཞིག་མ་བརྗེད།།
ཆུ་བོ་རྒྱལ་མོ་རྔུལ་ཆུ།།
ཡར་འགྲོ་ཡིན་ན་དགའ་བ།།
རང་ཡུལ་ཕྱོགས་ཀྱི་ན་ཟླ།།
དྲན་པའི་འཕྲིན་ཞིག་བསྐུར་ཆོག།
མཆོད་པའི་ལྷ་ཞིག་ཡོད་དེ།།
ལམ་གྱི་འགྲོ་རོགས་མ་བྱུང་།།
བྱམས་པས་གནོངས་བའི་གཡུ་དེ།།
སེམས་ཀྱི་ཁེན་ས་ཉན་སོང་།།།
ས་ལ་མེ་ཏོག་ལྡེམ་ལྡེམ།།
སྦྲང་ཆུང་སྐད་སྙན་འུར་འུར།།
དགུན་འཁྱག་བ་མོ་མིན་ན།།
འབྲལ་བའི་བསམ་པ་མི་འདུག།
མཐུན་པ་སྤུན་བཞི་འདྲ་ལེའི།།
མཐུན་པོ་ཞེ་ནས་ཡོད་དེ།།
གོང་ཆེན་དཔོན་ལུའི་བཀའ་འདི།།
གནམ་ལྕགས་ཐོག་ལས་བཙན་ཁི།།
ཉི་ཟླ་རི་བོའི་རྩེ་ནས།།
ཉི་ཟླ་འཆར་རེས་ནུབ་རེས།།
སྡེ་ཆེན་ཁྲོམ་པའི་དཀྱིལ་ནས།།
ངེད་གཉིས་འགྲོ་རེས་འདུག་རེས།།
སྐྱིད་ཆུ་བརྒྱུད་ནས་སླེབས་ཡོང་།།
རྨ་ཡུལ་བསྐོར་ནས་ཐོན་ཡོང་།།
ཆུང་འདྲིས་བྱམས་པ་ངེད་གཉིས།།
ཁྲ་མོ་གླིང་ནས་འཛོམས་འགྲོ།།
ལྷ་སའི་དྲུག་དཀར་སྔོན་པོ།།
ཇོ་ཇོའི་འགུལ་ལ་སྒྲོན་ན།།
གཡུ་འདི་མཐོང་ཐེངས་རེ་ལ།།
ང་རང་ལན་རེ་དྲན་ཆོག།
མི་འགྱུར་གསེར་གྱི་རི་ལ།།
ལྷ་ཤིང་ཤུག་པ་བཙུགས་ཡོད།།
གཡུ་ཤུག་ལོ་མ་སྔོན་པོའི།།
བདག་པོ་ང་ལས་མི་འདུག།
ཨ་ཅེ་འབྲོག་པའི་བུ་མོ།།
སྐྲ་ལོ་རིང་སོང་མ་ཟེར།།
ཡིད་འོང་སྐྲ་ཡི་ལན་བུས།།
དྭངས་གཙང་ཁྲེལ་གཞུང་མཚོན་ཡོད།
ཆུང་ཆུང་སྙིང་གི་བརྩེ་རོགས།།
འུར་ཆ་འུར་རྡོ་འཕེན་རོགས།།
ཚིག་གསུམ་ཚིག་གི་བར་ནས།།
བརྗེད་རྒྱུ་སླ་མོ་མ་རེད།།
མི་དེ་དམྱལ་བའི་མགྲོན་པོ།།
ཕྱིར་ལ་ནམ་ཁྲིད་མི་ཤེས།།
ཆོས་རྒྱལ་ལས་ཀྱི་བདག་པོ།།
དེ་ནས་འཛོམས་ལེ་བྱེད་རོགས།།
ཀི་གསུམ་རི་ལ་བཏབ་ཡོད།།
རླུང་རྟ་སྒང་ལ་མཆོད་ཡོད།།
སྨོན་ལམ་སེམས་ནས་བྱས་ཡོད།།
རེ་བ་ཡིད་ལ་བཞག་ཡོད།།
ལམ་དེར་ཀྱོག་ཀྱོག་མང་ཡང་།།
རྟ་དེ་འགྲོས་ལྡན་ཅང་ཤེས།།
འགྲོ་ཚུལ་སྟོང་དང་ལྡན་པས།།
ང་རང་སེམས་ཁྲལ་མ་བྱུང་།།
དྲན་པ་སེམས་ཀྱི་ནད་རེད།།
མིག་ཆུ་མིག་གི་ནད་རེད།།
དུང་བའི་ཞེ་འདང་ཆེ་བ།།
ཡིད་དང་ཡིད་ཀྱིས་བར་ནས།།
ཁྱེད་ལ་འཁྲེངས་བའི་ནད་རེད།།
འོ་མ་དཀར་པོ་མཆོད་ཡོད།།
འགྲོ་ལམ་བདེ་མོ་ཡོང་རོགས།།
ཚེ་རིང་མཆེད་ལྔ་བོས་ཡོད།།
ཚེ་ཐག་རིང་གི་སྨོན་ལམ།།
མཇུག་དུམ།
ཤྭ་ཕོ་ཆེན་རི་འགྲོ་རི་འདུག།
རྩྭ་རྩི་ཐོག་ཟ་ས་རི་རེད།།
ཞེ་སྣང་བ་མཐུན་གི་རི་བོ།།
མགོ་དུང་ར་འཕེན་ས་རི་ཡིན།།
གློག་དམར་པོ་ལ་འཁྱུག་ལུང་འཁྱུག།
ཐོག་འཕེན་ས་བྲག་དཀར་རྩེ་རེད།།
བྲག་དཀར་པོར་ལྷ་ཞིག་བཞུགས་ན།།
འབྲུག་ཕོ་ཐང་ཐང་ལ་ལོས་འཕེན།།
བོད་ཀྱི་བུ་མོ་གཤིས་བཟང་མ།།
མ་བཟང་བུ་མོའི་རིགས་རྒྱུད་རེད།།
ཆོས་ཀྱི་སྒྲོལ་མ་སེམས་བཟང་མ།།
འོད་གསལ་ལྷ་ཡི་གདུང་རྒྱུད་རེད།།
ན་མཉམ་གྲོགས་པོ་རུ་ཟུང་གིས་ཁྱེད་ཀྱི་དུང་བརྗོད་སྙན་ངག་དག་ལ་དམིགས་བསལ་གྱི་སྙན་ཆ་འདུག་པས་མུར་ནས་འབྲི་བར་བསྐུལ་བའི་རེ་འདོད་ལྟར་སྒང་དྲུག་རི་ཡི་ཡ་གྱལ་ཟལ་མོ་སྒང་གི་སའི་ཆར་དུ་གཏོགས་པའི་གནས་ག་གེ་མོར་གང་དྲན་ཡི་གེའི་རིས་སུ་བཏབ་པའི་ཚིག་འདི་དག་2017-12-པའི་ནང་ཚན་དུ་གྲུབ་པར་བྱས་སོ།།
3
མེ་ལོང་།, རྩོམ་གསར། མ་གཅིག་ཀུན་དཔལ་གྱི་དུང་བརྗོད་སྙན་ངག་ཅིག
རྫ་ཆུའི་རླབས་སྒྲ་དྲ་བའི་རྩོམ་སྒྲིག་པ།
འབྲེལ་ཡོད་རྩོམ་ཡིག