དབུས་གཙང་གི་གྲོགས་པོ་ཞིག་ལ་བརྡ་སྤྲོད་ཐད་བཀའ་འདྲི་ཞུས་པའི་ཚིག་དུམ་ཞིག

119



བྱང་སྐར།༽ སྐུ་ཁམས་བཟང་།  ལོ་གསར་ལ་བཀྲིས་བདེ་ལེགས་ཞུ།  ཁྱེད་ལ་བཀའ་འདྲི་ཞིག་ཞུ་རྒྱུ་འདུག  དབུས་དང་གཙང་སྐད་དུ་ ང་ཁ་ལག་ཟ་གི་ཡོད་ ངས་ཕྱིན་པ་ཡིན་ཟེར་རམ།  ཡང་ན་ ངས་ཁ་ལག་ཟ་གི་ཡོད་ ང་ཕྱིན་པ་ཡིན་ཟེར།  གུས་པར་གོ་ནོར་བྱུང་བ་མིན་ན་ལྷ་ས་པའི་ཟེར་སྟངས་ནི་སྔ་མ་གཉིས་མིན་ནམ་སྙམ།  དེ་ཐད་དབུས་གཙང་གཉིས་ལ་ཁྱད་པར་འདུག་གམ་ལགས། 

ཁོང༽ སྐུ་ཁམས་བཟང་།  དེའི་ཐད་ཨ་མདོ་བའི་ཡི་གེ་སྦྱོར་སྟངས་དང་དབུས་གཙང་དབར་ཧེ་བག་འདུག  ད་ལྟ་བ་ལ་བྱེད་སྒྲ་མི་སྦྱོར།    འདས་པར་བྱེད་སྒྲ་སྦྱོར།    དེ་བཞིན་ལ་དོན་ཐད་ལའང་ད་ལྟ་བ་ལ་ང་མེ་འཁོར་སྒུག་གིན་ཡོད།  ང་མི་ཞིག་སྒུག་བསྡད་ཡོད་ཟེར་བ་ལས། ངས་མེ་འཁོར་ལ་སྒུག་བཞིན་ཡོད། ལྟ་བུ་ནི་མི་སྦྱོར་ལགས། 

བྱང་སྐར།༽ ཚུལ་དེ་བྱ་ཚིག་ཐམས་ཅད་ལ་ཁྱབ་བམ། དཔེར་ན། བླ་མ་བཀའ་ཆོས་གསུང་གི་འདུག  བླ་མས་བཀའ་ཆོས་གསུངས་སོང་།  ཟེར་རམ། 

ཁོང༽ ཧ་ལམ་ཁྱབ་འདྲ།  བཀྲ་ཤིས་ཁ་ལག་ཟ་བཞིན་འདུག  བླ་མ་ཞལ་འདོན་གནང་གིན་འདུག་ལྟ་བུའོ། 

བྱང་སྐར། ༽ ལགས་སོ།  །ཐུགས་རྗེ་ཆེ། 

བྱང་སྐར། ༽ དགོངས་དག  ད་དུང་དྲི་བ་ཅིག་བརྗེད་སོང་ལགས། 

ཁོང༽ ལགསོ། 

ཁོང༽ བྱེད་སྒྲ་སྦྱོར་སྟངས་ཐད་ངས་ཀྱང་ལས་ཁུངས་ཀྱི་ལོ་ཙཱ་བ་ལོ་གཞོན་ཚོར་ཡོ་བསྲང་ཐེངས་མང་བྱེད་དགོས་བྱུང་།  ཞི་ཅིན་ཕིང་གིས་ཧྲང་ཧེ་ལ་ཕེབས་ནས་ཅི་ཅི་ཅིག་བྱས་པ་ཟེ་ཡང་ཡང་ཐོན་ཡོང་གི་འདུག   སྐབས་འདིར་བྱེད་སྒྲ་མི་ཐོབ།   ད་ཆ་ཧ་ལམ་ཡོ་བསྲང་ཐུབ་སོང་། 

བྱང་སྐར། ༽ ཚིག་དེ་ལྟ་བུ་ཇི་ལྟར་སྦྱར་ན་འགྲིག་ལགས།  ཞི་ཅིན་ཕིང་གི་ཚིག་དེ་

ཁོང༽ ཞི་ཅིན་ཕིང་ཨ་རིར་ཕེབས་ནས་རྒྱལ་དོན་འཚམས་འདྲི་གནང་ལྟ་བུའོ། 

བྱང་སྐར། ༽ བཀའ་གནང་རང་། 

བྱང་སྐར། ༽ གལ་སྲིད་གོང་ལྟར་ད་ལྟ་བ་ལ་བྱེད་སྒྲ་མི་འཇུག་ན།  ཚིག་སྦྱོར་འདི་ལྟ་བུ་ཇི་ལྟར་སྦྱར་ན་འགྲིག་གམ་ལགས། དཔེར་ན། སྟག་ཅིག་སེང་གེ་ཞིག་གིས་ཟ་བཞིན་ཡོད་པར་ཆ་བཞག་ན།  ང་ཚོས་ཚུལ་དེ་ལ་ སེང་གེ་སྟག་ཟ་གི་འདུག་ ཟེར་རམ་ཡང་ན་ཅི་ཟེར་ལགས། དེ་དུས་བྱེད་པ་པོ་དང་ལས་གཉིས་གང་ལྟར་དབྱེ་འམ་ལགས། 

ཁོང༽ དེ་ལ་བྱེད་སྒྲ་ངེས་པར་དགོས་འདུག   དཔེར་ན་བླ་མས་ཉེ་གནས་རྡུང་བཞིན་འདུག་ཟེར་བ་དང་།   བླ་མ་ཞལ་འདོན་གནང་བཞིན་འདུག་གཉིས་ལ་ཁྱད་པར་ཆེ་བས་རྒྱུ་མཚན་བརྡ་སྤྲོད་གཞུང་ལུགས་ནང་བཤད་ཡོད་མདོག་ཁ།  ཧཧཧ་

བྱང་སྐར། ༽ འོ་ན།  བླ་མས་གསོལ་ཀྲུམ་ཏོག་ཙམ་མཆོད་གནང་གི་འདུག་ ཟེར་རམ།  བླ་མ་གསོལ་ཀྲུམ་ཏོག་ཙམ་མཆོད་གནང་གི་འདུག་ གང་ཟེར་ལགས། 

བྱང་སྐར། ༽ ང་བརྡ་སྤྲོད་ཀྱིས་མགོ་ན་རུ་བཏང་སོང་ལགས།  དགོངས་དག 

བྱང་སྐར། ༽ ཉིན་འདི་ཚོར་བུ་མོར་བརྡ་སྤྲོད་ཅིག་འཁྲིད་བཞིན་པའི་ཁུལ་ཡིན་ལགས། 

ཁོང༽ ངའི་ངོས་འཛིན་ལ།    གྲངས་དང་ཚད་གཞི་སྔོན་དུ་སོང་བའི་བྱ་ཚིག་མང་ཆེ་བ་འདས་དང་མ་འོངས་ལ་འཇུག་གི་འདུག འོན་ཀྱང་ང་སྤག་ཏོག་ཙམ་ཟ་གིན་ཡོད་ཡང་ཟེར་གྱི་འདུག ཁྱེད་རང་གིས་བུ་མོ་ལ་རྙོག་པོ་དེ་འདྲ་བསླབ་ནས་ཅི་བྱེད།   ཞིབ་འཇུག་བྱེད་ན་མ་གཏོགས།    ངག་ལ་ཇི་ལྟར་ཡོད་པ་ནི་བརྡ་སྤྲོད་མ་ཡིན་ནམ།   

བྱང་སྐར། ༽ རེད་ནི་རེད་དེ།  ང་ཚོའི་སྐད་ཡིག་གི་གནས་བབ་ལ་བལྟས་ན།  སེམས་ཁྲལ་མི་ཡོང་རང་ཡོང་རེད་ལགས།  གུས་པས་ཇི་ལྟར་བསམ་བློ་བཏང་ཡང་།  ཉིད་ཀྱི་དགོངས་པ་ལྟར་དུ།  སྟག་ཟ་མཁན་གྱི་སེང་གེ་དེ་ལ་བྱེད་སྒྲ་སྦྱར་དགོས་ན་ཁ་ལག་ཟ་མཁན་གྱི་གང་ཟག་དེ་ལ་བྱེད་སྒྲ་སྦྱར་མི་དགོས་པའི་རྒྱུ་མཚན་རྙེད་མ་སོང་ལགས།  ད་དེ་གཡུགས་ཞོག  གང་ལྟར་ཉིད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལགས། 

ཁོང༽ ཧཧཧ  ངས་ཀྱང་དེའི་ཐད་དབྱེ་ཞིབ་ཅིག་བྱེད་དགོས་སྙམ་བྱུང་ཡང་གཅིག་ནས་མཁས་པ་གསེར་རིའི་ཕྲེང་བ་ལྟ་བུས་བསྟན་ཡོད་པར་ངེས་སྙམ་པ་དང་།  གཉིས་ནས་མུག་བྲེལ་དབང་གིས་ལྷོད་ལ་གཏན་ནས་མ་བབ་པས་དེ་ལྟར་ལག་ལེན་བྱེད་པ་ལས་ལུང་རིག་འཚོལ་མ་ཐུབ་པར་ལུས་སོང་།    དེའི་ཐད་འཇར་མན་གྱི་ལོ་ཙཱ་བ་གྲགས་ཅན་མ་ཐིན་ལུ་ཏ་ཡིས་སྐད་ཆ་མཁས་པའི་དེབ་ནང་ནས་འཚོལ་མི་དགོས་པར་ཁྱིམ་ཚང་ནང་གི་བདག་མོ་དང་།   ཁྲོམ་ལམ་ཐོག་གི་མི་ཚོའི་ཁ་ན་ཡོད་ཟེར་བར་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་ལགས། 

བྱང་སྐར། ༽ ཁྱེད་ཀྱིས་གང་གསུངས་པ་དེ་གཞིར་བཞག་པའི་ཐོག  རང་རེའི་མཁས་པ་གསེར་ཕྲེང་ཚར་དུ་དངར་བ་ཇི་སྙེད་པ་དེ་སྙེད་པས་ཐུན་མོང་མ་ཡིན་པའི་ནོར་བུའི་དབྱིག་མཛོད་གཏོས་ཆེ་བ།  དཔང་མཐོ་བ། གྱ་ནོམ་པ།  ཕོན་ཆེ་བ།  སྤམ་མཐོ་བ་ཞིག་ངེད་ཅག་ཕྱི་རབས་པའི་བསོད་ནམས་ཀྱི་བགོ་སྐལ་དུ་གནང་ཡོད་པ་ནི།  གཞན་གང་ཡང་མ་ཡིན་ཏེ།  རྒྱལ་བའི་བཀའ་དང་པཎ་ཆེན་དག་གི་བསྟན་འགྱུར་རིན་པོ་ཆེ་ལགས་ཤིང་།  དེ་དག་ནི་བོད་ལ་འཁྲུངས་པའི་མཁས་དབང་དང་པོའི་ཡང་དང་པོ། རྩེ་གྲའི་ཡང་རྩེ་གྲ་རྣམས་ཀྱི་མཁྱེན་རབ་ཀྱི་སྙིང་བཅུད་གཅིག་ཏུ་སྤུངས་པ།  ལྷན་དུ་བསྡུས་པ།  མཉམ་དུ་རུག་པ་ཤ་སྟག་སྟེ།  སྐད་ཀྱི་བརྡ་སྤྲོད་ཚུལ།  རྩོམ་གྱི་ཚིག་སྡེབ་ཚུལ།  ཚིག་གི་སྐྱོན་སེལ་ཚུལ།  དོན་གྱི་གནད་འབྱིན་ཚུལ།  བརྗོད་པར་ཉམས་གཏོད་ཚུལ་ལ་སོགས་ཀྱི་ཚད་གཞི་དང་སློབ་དེབ་ལེགས་པོ་དང་དམ་པ་དང་རབ་དང་ཕུལ་ཏེ། སྟོད་ལ་དྭགས་ནས་སྨད་རྒྱལ་མོ་ཚ་བ་རོང་གི་བོད་སྐད་སྨྲ་མཁན་ཀུན་གྱིས་བདེ་ལེགས་སུ་གོ་ཞིང་ཡང་དག་པར་རྟོགས་པ་ཁོ་ན་ཡིན་པའི་ཕྱིར་ན། བརྡ་སྤྲོད་མཁན་པོ་དག་གིས་དབུས་པའི་ངེད་ཅག་ཐམས་ཅད་ཀྱིས་དེ་ཉིད་བསླབ་གཞིར་བཟུང་།  དེ་ལ་མིག་དཔེར་བལྟས།  དེ་ཡི་རྗེས་སུ་བསླབས་ནས།  བོད་པས་བོད་པར་རང་སྐད་དུ་བརྡ་གཙང་མ་མི་འཕྲོད་པ།  ཕྱི་ཚུལ་དུ་ཡ་མ་ཟུང་གི་ཚིག་སྦྱོར་ར་མ་ལུག་གི་སྐད་ཆ།  དོན་དམ་པར་ཤེས་པ་རྣལ་དུ་མི་གནས་པའི་སྨྱོན་པའི་ལབ་བརྡོལ་ཏེ།  མེས་པོ་དམ་པར་དྲིན་གཟོའི་ཚབ་ཏུ་ཞབས་འདྲེན་ཞུ་བ་འདི་རིགས་མིང་གི་ལྷག་མར་བཟོ་བའང་ཅི་བས་གལ་ཆེ་སྙམ་ལགས་ཀྱཻ། 

ཁོང༽ ཁྱེད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། འོན་ཀྱང་བརྡ་སྤྲོད་མཁས་པ་རེས་ལུགས་རེ་གཏོད། སྔོན་ཚེ་ཀུན་གྱིས་ཚད་མར་བརྩི་ཞིང་སྦྱོར་བདེ་བ།  བརྡ་སྤྲོད་ཨ་མའི་ངག་ན་ཡོད་ཅེས་པ་ལྟར་ཨ་མའི་ངག་དང་མཐུན་པ་ལ། མི་རེས་གསར་བཟོ་རེ་དང་མན་ངག་རེ་བརྩམས་ཏེ་རྗེས་རབས་པ་བློ་རྨོངས་པར་བྱེད་པ་མང་།    དེ་བཞིན་སྔ་མོའི་སྦྱོར་ལུགས་ཁོ་ན་གཙིགས་སུ་བཟུང་བ་ཡང་མི་འཐད་དེ།    ཆོས་གཞུང་དང་འབྲེལ་བའི་གཏམ་རྒྱུད་དེ་དག་སྐབས་དེ་དུས་ཚང་མས་གོ་ནུས་པར་སྲིད་ཀྱང་།    དེང་དུས་གཞོན་སྐྱེས་ལྟ་ཞོག    སྦྱངས་པ་ཕྲན་བུ་སོང་བའི་ཀློག་པ་པོས་ཀྱང་གོ་བ་ལོན་པ་ཧ་ཅང་དཀའ་བས།  དེ་གཉིས་དབར་གྱི་འགལ་སེལ་ཐབས་ནི་གནད་དུ་མཐོང་ངོ་། 

བྱང་སྐར། ༽ ཐུན་མོང་གི་སྐད་ཅིག་སྟེ།  ལྟོས་བཅས་སུ་སྐད་དང་ཡི་གེ་གཉིས་གཅིག་གྱུར་བྱུང་ཟིན་པའི་མི་རིགས་ཤིག་ཡིན་ཕྱིན།  ཇི་སྐད་ཁྱེད་ཀྱིས་གསུངས་པ་དེ་བཞིན་དུ།  ཨ་མའི་ངག་ལ་བསྟུན་པས་འགྲིག་དང་འགྲིག་སྟེ་མ་འགྲིག་པ་གང་ཡང་མེད་དོ།  །ཡིན་ན་ཡང་ངེད་ཅག་གི་གནས་བབ་དངོས་དེ་ལྟར་མ་ཡིན་པས་དཀའ་ངལ་ཏོག་ཙམ་འདུག་སྙམ།  དཔེར་ན། དབུས་ལྷ་སའི་ཨ་མས།  རང་ག་པ་ཕྱིན་པ་ཡིན།  ཟེར།  ཁམས་སྒ་བའི་ཨ་མས།  ཧོ་ག་ལ་སོང་ལེ།  ཟེར།  ནུབ་སྤུ་ཧྲེང་གི་ཨ་མས།  ཁྱོད་གན་ལ་སོང་འ།  ཟེར།   སྨད་ཨ་མདོའི་ཨ་མས།  ཁྱོ་གང་ང་སོང་ནིས།  ཟེར།  ལྷོ་མཚོ་སྣ་རྫོང་གི་ཨ་མས། ཁྱོད་ག་ལེ་ཡོད། ཟེར། སྟོད་ངམ་རིང་གི་ཨ་མས།  ཁྱོང་ག་མ་སོང་པོའོ།  ཟེར་བ་ལྟ་བུ་ལགས།  དེས་ན་ང་རང་ཚོས་ཡང་སྙིང་ཨ་མ་སུའི་ངག་ལ་བསྟུན་ན་འགྲིག་གམ། 

ཁོང༽ ཧཧཧ   དེ་ངོ་མ་རེད། 

བྱང་སྐར། ༽ རྩེད་མོ་ཡིན་ལགས།  དེ་རིང་ཁྱེད་ཀྱི་བཀའ་སློབ་ལས་གུས་པར་བློ་སྐྱེད་མི་ཉུང་བ་ཐོབ་སོང་།  སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ། 

ཁོང༽ དཔེར་ན་འདི་ལྟ་བུ་ངག་ལ་བདེ་པོ་དང་བྱེད་སྒྲ་ཐོབ་བམ།

བྱང་སྐར། ༽ སྤྱིར་བརྗོད་པ་ཞིག་ལ་བྱེད་སྒྲ་འཇུག་དང་མི་འཇུག་པ་དེ།  བྱེད་པ་པོའམ་བྱེད་པ་དང་།  ལས་དང་། བྱ་བ་གསུམ་ཐ་དད་སོ་སོར་མཛུབ་མོ་འཛུགས་ས་ཡོད་མེད་དང་།  ཡང་བྱ་ཚིག་དེ་ཐ་དད་པའི་བྱ་ཚིག་ཡིན་མིན་ལ་བལྟ་དགོས།  དེ་དག་སོ་སོར་ཡོད་པའི་ཐོག  བྱ་ཚིག་ཀྱང་ཐ་དད་པ་ཡིན་ན།  བྱེད་སྒྲ་འཇུག་ལ་དངོས་པོ་བདག་གཞན་གྱི་དབྱེ་བའང་ཡོད་པ་གནའ་དེང་གི་མཁས་པ་ཀུན་ཞལ་མཐུན།  དེའི་ཕྱིེར་བརྗོད་པ་ཞིག་ལ་བྱེད་སྒྲ་འཇུག་དང་མི་འཇུག་ཀྱང་ཚད་གཞི་དེ་ཁོ་ནས་འཇལ་དགོས་གསུངས།  དེ་ནས་གོང་གི་གསུང་དེ་ཚད་ཤིང་དུ་ཁྱེར་ནས་འཇལ་ན།  ཁྱེད་ཀྱིས་བསྐུར་བའི་ཚིག་དེ་རུ།  བྱེད་པ་པོ་དང་ལས་གཉིས་གཞི་གཅིག་ཏུ་གྱུར་ཏེ་འཇུག་པ་པོ་༼དཔའ་མོ༽མ་གཏོགས་ལས་ཤིག་གུད་དུ་མི་འདུག་ལ། བྱ་ཚིག་༼ཞུགས༽ཞེས་པ་དེའང་ཐ་མི་དད་པ་ཡིན་པར་ཚིག་མཛོད་དུ་གསལ་ན།  བྱེད་སྒྲ་འཇུག་ས་མི་འགྲོ་བར་སྣང་། 

བྱང་སྐར། ༽ འཇང་བཀའ་འགྱུར་གྱི་ཚིག་དེར་གཟིགས་དང་།  རྒྱལ་པོའི་འཁོར་གྱིས་གཡུལ་དུ་ཞུགས་།  ཞེས་གྱིས་སྒྲ་མི་འདུག་ག 

བྱང་སྐར། ༽ སྡེ་དགེ་བཀའ་འགྱུར་དུའང་།  མི་གླེན་པ་ཞིག་གིས་་་་་གཡུལ་དུ་ཞུགས་ཞེས་གིས་སྒྲ་མི་འདུག་ག

ཁོང༽ སྐུ་ཉིད་ནས་དཔང་རྟགས་མང་པོ་བཙལ་འདུག

བྱང་སྐར། ༽ བཙལ་ན་ཁྱེད་ལའང་རྙེད་ངེས་ལགས།

བྱང་སྐར། ༽ ད་འོ་ན་ངེད་གཉིས་ཀྱི་སྐད་ཆ་དག་སྤེལ་བར་ཁྱེད་མོས་མཐུན་ཨེ་ཡོད་ལགས།

ཁོང༽ མོས་མཐུན་ཡོད་ལགས། 


བྱང་སྐར་དུ་འབོད་པས་གཞོན་ནུ་རྣམས་ལ་དཔྱད་གཞི་ཁོ་ནའི་ཚུལ་དུ་ཕུལ།

2020ལོའི་ཕྱི་ཟླ3པའི་ཚེས8ལ།



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།