དབུས་ཀྱི་ན་གཞོན་རྩོམ་འབྲི་བ་སྐོར་ཞིག་གིས་རྟའུ་ལ་ཕུལ་བའི་སྙན་ངག

8091



           ཁྱེད་ཀྱི་དབུ་འཕང་གངས་ལྟར་མཐོ། 
                            -ཡུལ་རྟའུ་ལ་ཕུལ།
                    
                             ___ རྦབ་ཆུ།


སྐྱེ་རྒ་ན་འཆིའི་མེ་ལོང་གི་ལྡེབས་སུ།
སྡུག་བསྔལ་གྱིས་བཅུར་བའི་ཚེ་སྲོག་རེ་རེ།
ཅི་འདྲའི་ཆུང་བ་ལ།
 
ཉིན་ལྟར་ཨང་ཀིའི་ངོས་ལས་འཆར་བའི་ཁྱེད་ཀྱང་།
སེང་གེ་རྨས་མ་ཞིག་ལྟར། ཉམ་ང་བ་ལ།
 
བརྒལ་དཀའ་བའི་དགུན་ཁ་འདིར།
འཆི་བའི་སྔོན་ལ་དེངས་ཏེ།
ཤན་པ་རྒྱུས་མེད་ཅན་དེ་མི་འཚོལ་ཡང་།
འཁོར་བ་ལས་ཀྱི་རྒྱ་མཚོ།
ཆུང་ཆུང་དེ་གྲོལ་བར།
སེམས་དྲོན་མོའི་བདེ་བའི་གྲུ་ལ་ཞུགས་དགོས།
 
ཁྱེད་ཀྱིས་ཅི་ནས་ཀྱང་།
གངས་རིའི་ཉི་ཟེར་སྙིང་དབུས་ལ་ཉར་ཏེ།
སྤོབས་པའི་དབུ་འཕང་མཐོན་པོ།
གངས་ལས་མཐོ་བ་ཞིག་གནང་ཨང་།
                           ༢༠༢༠  ༠༢  ༡༦
         

         རྟའུ། མགོ་བོ་མ་གློད།

                              __དྲེལ་པ།
 
  དགུན་གཞུང་འདི་ཅི་འདྲའི་རིང་བ་ལ།
རླུང་བུ་འདི་ཅི་འདྲའི་འཚུབ་པ་ལ།
རླུང་བུའི་ཁྲོད་ན། གངས་རི་ཡང་ལྷོག་ལྷོག་ཁོལ་གྱིན་འདུག
རྟའུ། ཡིག་དྲུག་གོང་བར་འཁུར་བའི་རྟའུ།
ཆུ་ཚོད་ཀྱི་མདའ་མོ་བཞིན་གཟས་འགྲོ་བའི་ཨང་ཀི་འདི་ཚོ།
ཁྱོད་ཀྱི་མིག་ཟུང་ལ་བཅེར་ནས་ཡོད་པ་མཐོང་ངམ།
ཁྱོད་ཀྱི་རྟུལ་ཕོད་ལ་སྡིགས་ནས་ཡོད་པ་ཚོར་རམ།
རྟའུ། མགོ་བོ་མ་གློད།
མི་རྟག་པའི་རྡོ་བ་མེ་ཏོག་བཞིན་གཏོར་ནས།
ཤེས་རབ་ཀྱི་བདུད་རྩིས་རློན་མཁན་དེ།
ཁྱོད་ཀྱི་མཚན་མོ་བརྒལ་བའི་མིག་ཟུང་ཡིན་པས།
གཉིད་རུམ་ལས་ལྡངས་ཏེ་དཔྱོད་ཤེས་ཀྱི་སྒྲོན་མེ་སྤོར་དང་།
ཁྱོད་ད་དུང་མིའི་རིགས་ཀྱི་བྲང་གཞུང་དུ་འཚོ་དགོས།
རྟའུ། བདག་གི་རྟའུ། ཤེས་རབ་ཀྱི་རྟའུ།
 
ས་ཁྲ་ལེབ་མོ་རླུང་གི་འཁུར་ཚུལ་འདི།
དེབ་ཐེར་རིང་མོ་ཞིག་གི་མངའ་ཐང་དང་ཅི་འདྲའི་འདྲ་ཨང་།
སྐབས་དེ་དུས། གནམ་སྔོན་པོའི་འོག་གི་རྡོ་བ་ཚང་མ་མགོ་བོ་དགྱེ་ནས།
ཁྱོད་ཀྱི་བློ་སྤོབས་ཉི་ཟླ་འདྲ་བོའི་རོགས་སུ་ཆས་མྱོང་།
རྟའུ། དྲན་ཤེས་རིང་མོ་དག་གྲོགས་སུ་འགུགས་དུས།
འུ་ཚོ་ད་དུང་དཔུང་གདང་ཤིག་ཤིག་གིས་མཉམ་དུ་ཆས་ཡོད་པས།
ཁྱོད་ཀྱང་དཔའ་དང་དཔུང་པ་ཁྲབ་ཏུ་བརྡར་ནས་ཆས་དགོས།
རྟའུ། བདག་གི་རྟའུ། མཐོ་སྒང་གི་རྟའུ།
 
ཉི་འོད་དང་རྩྭ་ཐང་གི་མགྲིན་པ་ནས་ཟགས་པའི་རྟའུ།
རལ་བ་སྨུག་པོ་མཐོངས་ཡངས་སུ་འཕྱོ་བའི་རྟའུ།
ཁྱོད་ནམ་ཡང་གྲོགས་མེད་ཁྱེར་རྐྱང་ཞིག་མིན།
དཔྱིད་ཀ་ཚེས་རྗེས།
འུ་ཚོ་མཉམ་དུ་རྩྭ་ཐང་གི་སྒལ་གཞུང་འགྲིམས་དགོས།
བྱང་སེམས་ཀྱི་ལུ་གུ་བདའ་དགོས།
ཁ་བའི་མེ་ཏོག་འཐུ་དགོས།
རྟའུ། མགོ་བོ་མ་གློད།
                               ༢༠༢༠/༠༢/༡༦

 
        རྟའུ་དྲན་དུས་དགུན་ཁ་ཞིག་རེད།

                                   __རེ་སད།
 

ངས་མཐོ་ཚད་ཀྱི་ཟབ་ས་ཞིག་ནས་ཇི་ལྟར་ཅེར་ཡང་།
མཐོང་དཀའ་བ་ནི་ཁྱེད་རང་རེད། ང་ཡི་རྟའུ།
དྲང་པོར་ཞུས་ན། ཁྱེད་རང་ཉག་ཆུའི་སྟོད་རྒྱུད་དུ་གནས་པའི།
བོད་ཀྱི་ས་ཆ་ཆུང་ཆུང་ཞིག་ཡིན་ཚུལ་ཐོས་དང་པོ་ཡིན།
 
ཁྱེད་རང་ཡང་གནམ་སྔོན་པོའི་འོག་ཏུ་གནས་ཤིང་།
ས་དག་མོའི་ཞིང་དུ་འཚོ་བའི་ས་ཆ་ཆུང་ཆུང་ཞིག་ཡིན་སྐད།
ཁྱེད་ཀྱིས་རྒྱུ་འབྲས་ཀྱི་དཀོན་མཆོག་གཙུག་ཏུ་བཀུར་ཅིང་།
གངས་དཀར་གྱི་སེམས་པ་དྭངས་གཙང་དུ་གནས་པས།
རྟའུ། རྟའུ། ཁྱེད་ཀྱི་རྩ་བ་ནོགས་མི་ཐུབ་པའི་ཡིད་བརྟན་དགོས་ཨང་།
 
ངས་ཁྱེད་རང་དྲན་དུས་ནམ་དུས་དགུན་ཁ་ཞིག་རེད།
དྲན་པ་ཙམ་གྱི་རྔོ་མི་ཐོགས་པ་ངས་ཀྱང་ལོས་ཤེས།*
འོན་ཀྱང་རླུང་ནག་གིས་ས་ཆེན་བཀབ་པའི་དགུན་ཁ་དེའི་རྗེས་སུ།
ལྗང་མདོག་གི་རྨི་ལམ་རྒྱས་པའི་དབྱར་གཞུང་ཞིག་ཡོད་པ་དྲན་རོགས།
 
       *བྱ་གཞུང་དབྱངས་བྷའི་ཚིག
                        ༢༠༢༠/༢/༡༦ 


           རྟའུ།    རྟའུ།     རྟའུ།

                                __གངས་བུ་སྨྱུག་རྩེན།
 

གསར་འགྱུར་གྱི་ཡིག་འབྲུ་རྣོ་བོའི་རྩེ་ནས།
རྒྱང་རིང་བའི་ཁྱོད་ཀྱི་ན་ཟུག་རྟོགས།
 
ཁྱོད་ཀྱི་རྨ་ཁའི་གཏིང་གི་མིའི་རིགས་ཀྱི་ནག་ཉེས་དེ།
ཁྱོད་ཀྱི་ཡིན་མི་འོས།
ཚ་བ་ཅུང་ཟད་རྒྱས་པའི་ཁྱོད་ཀྱི་དཔྲལ་བར།
རེ་བ་དང་བརྩེ་དུང་འཁུར་བའི།
འཇམ་པོའི་འོ་ཞིག་བྱ་རོགས།
 
སྐྱ་རེངས་ཀྱི་ཡོལ་བའི་ཕག་གི
གངས་རི་དཀར་ལ་སིལ་བ་དེ་ཁྱོད་ཡིན་འོས།
མི་འཇིགས་པའི་གདངས་དང་འདྲེས་པའི།
སྲིད་པའི་ས་སྒང་འདི་ཡི་ཉག་ཆུ་རིང་མོ།
ཁྱོད་ཡིན་འོས།
 
གཟིགས་དང་།  དུས་ཚོད་ཀྱི་ཡལ་ག་བརྐྱངས་སར།
ནམ་མཁའ་སྔོ་བསངས་བ་ཞིག
གཡུ་ཡི་མེ་ལོང་བཞིན་དཔྱངས་འདུག
དེ་ནི་གདོད་མའི་མཛེས་སྡུག་བསྣམས་པའི་ཁྱོད་ཀྱི་ནམ་མཁའ་ཡིན་འོས།
 
མཐོང་ཨེ་བྱུང་།   མིག་ཟུང་གྲངས་མེད་བརླན་མྱོང་བའི་གཞིས་ཀྱི་དུ་བ།
ཉག་ཆུའི་སྟོད་རྒྱུད་ན་སྨུག་པ་བཞིན་འཁྱིལ་འདུག
 
ད་དུང་།     ད་དུང་།    ཉི་འོད་ཀྱིས་བསེད་པའི་སྤྲིན་དཀར།
རླུང་གིས་གཤོག་པ་ལྗང་ཁུ།
རྩྭ་ལྗང་གི་དྲི་མ་རློན་པ།
མཐིང་མདོག་གི་རྨི་ལམ་ལྟ་བུའི།
དྭངས་གཙང་གྲིབ་མེད་ཀྱི་ཞོགས་པ་དེ་ཁྱོད་ཀྱི་ཡིན་འོས།
 
གསན་གནང་ཤིག     ངའི་རིགས་རུས་ལ་འཐིམས་པའི་རྟའུ།
ཉི་འོད་འོག་གི་ཉི་དགའ་མེ་ཏོག་དང་འདྲ་བར།
ང་ཚོའི་སང་ཉིན་ནི་བདེ་སྐྱིད་ལྡན་པ་ཞིག*
འཚེ་མེད།    ཞི་བདེ།    རང་དབང་ངོ་།།
 
རྟའུ།     རྟའུ།        རྟའུ།
 
*ལྗང་བུའི་ཚིག                        
                ༢༠༢༠/༢/༡༦

 
      ཕ་ཡུལ་དང་གཉིས་སུ་མེད་པའི་བདག་གི་རྟའུ། 

                            __ རིན་གདའ་བ།
 
རྟའུ་ཞེས་ཐོག་མར་གོ་དུས། 
བདག་གིས་ཉི་འོད་འོག་ཏུ་ཁྱོད་ཉིད་ས་ཁྲའི་སྟེང་ནས་འཚོལ་བཞིན་ཡོད། 
རྟའུ་ནི་བྲག་མགོའི་ཉེ་སར་ཆགས་པའི་ལུང་པ་ཆུང་ཆུང་ཞིག་ཡིན། 
རྟའུ་ནི་འཁོར་བའི་བདེ་དོག་གླུ་དབྱངས་ཀྱིས་གསོ་བར་དགའ་མཁན་ཞིག་ཡིན། 
 
མཐོ་སྒང་གི་སྟོད་སྨད་བར་གསུམ་ནི་ཁོ་ལག་ཚང་བའི་ལུས་ཕུང་བརྗིད་ཅན་ཞིག་ཡིན་ན། 
རྟའུ་ནི་མཐོ་སྒང་གི་རུས་རྐང་ལ་སིམ་པའི་སྨོན་ལམ་མཚན་ཅན་དེ་ཡིན་འོས། 
སྐྱིད་ཉམས་ཀྱིས་ཁེངས་པའི་ཤིང་ཁང་རེ་རེ།
མི་ཡུལ་གྱི་བདེ་སྐྱིད་ཡོད་རྒུ་ཁོལ་བུར་བསྡུས་པ་དང་འདྲ་ཨང་། 
 
བདག་གི་སྤུན་ཟླ་ལྕམ་སྲིང་ཚོ་རྟའུ་ན་བཞུགས་ཡོད། 
འཚོ་བ་རྣལ་མོའི་མངར་ཁ་མྱོང་གིན་བཞུགས་ཡོད། 
ཕྱི་ནས་སྨག་རུམ་གྱི་ལག་པ་ཞིག་བདག་གི་རྟའུ་ལ་གློ་རྡེག་ཏུ་བསྲིངས་བྱུང་།
རྒྱབ་རྫི་སྡོངས་གྲོགས་མེད་པའི་རྟའུ་ཡ། 
ཤ་གསེང་རུས་གསེང་ནས་ལྡང་བྱུང་བའི་བདག་གི་རྟའུ།
རྟའུ།
"ལུས་ནི་རིང་ན་གནས་ན་ཡང་། །
སེམས་དག་མཛའ་བ་མི་ཉམས་ཏེ། །
དཔག་ཚད་དུ་མའི་བར་གནས་པའི། །
པད་མའི་གཉེན་དང་པད་ཚལ་བཞིན། །*
ཞེས་པ་ཁོ་ནས་མཚོན་ནུས་པ་ཞིག་ཡིན་ཨང་། 

*རྗེ་བླ་མ་ཙོང་ཁ་པས་ཀརྨ་པ་དེ་བཞིན་གཤེགས་པར་ཕུལ་པའི་འཕྲིན། 
                    ༢༠༢༠/༢/༢༦


          བདག་གི་རྟའུ།

                     ___ བསྟན་ཆོས།
 
 ལོ་ཟླའི་ཁྱུད་མོ་རལ་བའི་དུས་ཚིགས་དེར།
 རླུང་གཤོག་བཞིན་ཁ་ལོ་མེད་པའི་ནད་ཡམས་ཀྱི་འགོང་པོ།
 ཁྱེད་ཀྱི་སེམས་པའི་རབ་ཁ་བརྒལ།
 
 བརྩེ་བ་རུམ་གང་གིས་བྲིས་པའི།
 ལན་ཆགས་མི་ཚེའི་རྣམ་ཐར་རིང་མོ།
 འཁོར་བའི་པང་ནས་གྲུམ་བཞིན་འདུག
 
 ཡང་ན། སྐྱེ་འཆིའི་སྟངས་འཛིན་ལ་རང་དབང་མེད་པས་ལན་ནམ།
 འཁོར་བའི་བཞིན་རས་སྣང་ལ་མ་ངེས་པས་ལན།
 དེ་རིང་གི་ཁྱེད། རྒྱ་རྙིར་ཚུད་པའི་རི་དྭགས་བཞིན།
 དབུགས་ལྷེམ་མེ། དབུགས་ལྷེམ་མེ། 
 
 ཡིན་ཡང་། སང་ཉིན་གྱི་ཁྱེད་རང་།
 སླར་ཡང་། ལན་ཆགས་མི་ཚེའི་རྣམ་ཐར་མུ་རུ་བྲི་རྒྱུའི།
 སྨོན་ལམ་འདེབས་བཞིན་ཡོད།
 ་                  ༢༠༢༠/༠༢/༡༦

 
      རྟའུ་ནི་ཁྱེད་ཀྱི་ཕ་ཡུལ་ཡིན་ལ་ངའི་ཕ་ཡུལ་ཡང་ཡིན།

                                 __འཕན་ཕྲུག་ཆོས་འཕེལ།
 
རྟའུ་ཞེས་བོས་ཚེ། ང་ལ་ཆ་རྒྱུས་ཤིག་མིན་འདུག
མ་རེད། ཆ་རྒྱུས་མེད་པ་ག་ལ་ཡིན་ཏེ།
དེ་ནི་ཁྱེད་ཀྱི་ཕ་ཡུལ་ཡིན་ལ་ངའི་ཕ་ཡུལ་ཡང་ཡིན།
 
རྟའུ་ལ་ངའི་རྐང་རྗེས་འཇོག་མྱོང་མེད་ཀྱང་།
སེམས་པ་སྔ་མོ་ནས་རྟའུ་ལ་འབྱོར་ཡོད།
གནས་དེ་རུ་ང་ཚོའི་སྐད་དང་ཡི་གེ་ཡོད།
གནས་དེ་རུ་ང་ཚོའི་སྤུན་ཟླ་དང་མིང་སྲིང་ཡོད།
 
ད་ལྟ་རྟའུ་ལ་ན་ཟུག་ཅིག་གི་གཙེས་ཀྱིན་འདུག
ངུ་ཤུམ་གྱི་སྐྱོ་གདུང་རིང་མོས་མཐོ་སྒང་གི་རྨི་ལམ་དཀྲོག་གིན་འདུག 
ངའི་ཨ་མྱེ་ཚོས་སྨོན་ལམ་འདོན་གྱིན་གཡའ་དག་པའི་ནམ་མཁའ་སྲུང་བཞིན་འདུག
ངའི་བྱིས་པ་ཚོའི་མིག་ཟུང་ལས་རེ་འདུན་གྱི་ཁ་བ་འབབ་ཀྱིན་འདུག
 
རྟའུ། བོད་ཆོལ་ཁ་གསུམ་གྱི་ཨ་ལོང་གྲོལ་མེད།
རྟའུ། བོད་གདུང་རྒྱུད་སྨུག་པོའི་རྨུ་ཐག་ཆད་མེད།
སེམས་དང་སེམས་ཀྱི་བར་ནས།
བརྩེ་བའི་ལག་ཟུང་འཇམ་པོས་ཁྱེད་ཀྱི་རྨ་ཁ་འཚེམ་གྱི་ཡོད།
གཏམ་དང་ཚིག་གི་བར་ནས།
དཀོན་མཆོག་གསུམ་གྱི་སྐྱབས་མགོན་ཐུགས་སྨོན་འཁྲུངས་ཡོད།
 
ད་ནི་དགུན་ཁ་རྫོགས་གྲབ་འདུག
རིམས་ནད་དེ་ཡང་དགུན་ཁའི་རླུང་བུ་བཞིན་ག་ལེར་ཞི་ངེས་ཡིན།
ང་ལ་དཔྱིད་ཀའི་དྲི་ཞིམ་འཐུལ་བྱུང་།
རྟའུ། ཁྱོད་ལ་དཔྱིད་ཀའི་དྲོ་སྐྱིད་ཀྱི་གཡང་ཆགས་ཚེས་པར་ཡིད་ཆེས་གནོངས་དང་།
གངས་ཆུ་སིལ་མ་ཁྱེད་ཀྱི་ཕྱོགས་སུ་བཞུར་ནས།
མི་གཙང་བའི་ནད་དག་གཙང་མར་བཀྲུ་ཡོང་།
མེ་ཏོག་གི་བསུང་ཞིམ་འཇམ་པོས་ཁྱེད་ཀྱི་ཞིང་ཁམས་ལ་བསང་སྤོས་བདུག་ཡོང་།
སྐབས་དེ་མཚམས་སུ་ང་ཚོས་ཀི་འབོད་བྱེད། ཁ་བཏགས་བཏེག
སྐྱིད་པའི་གླུ་དང་དགའ་བའི་བྲོ་བརྡུང་ཆོག
ང་ཡི་རྟའུ། བོད་ཁ་བ་ཅན་གྱི་རྟའུ།
                                            ༢༠༢༠/༠༢/༡༦


             རྟའུ།   རྟའུ།   རྟའུ།

                                       ___གཙང་དྲག་ཆར།

 
ངས། ཞོགས་པ་རེར། རྟའུ། རྟའུ་ཞེས་འཚོལ་དགོས་པར་གྱུར།
 
ངས་ང་རང་། རྟའུ་ཞེས་པའི་ཡིག་འབྲུ་གཉིས་སམ།
སྐྱེ་འཆིའི་ཚོམས་ལས་ཁ་ཁར་ཕྱེ་མ་ཐུབ་པའང་།
དཔེར་ན།    ཆུ་དང་འོ་མ་བཞིན།
 
རྟའུ།   ང་དང་ཁྱོད་ཀྱིས།
ནང་སེམས་ཀྱི་སྐུད་པ་ཐུང་དུ་ཐོང་དང་།
 
སང་ཉིན་ལྟ་བུའི། དྭངས་ཁྲུམ་ཁྲུམ་གྱི་དཔྱིད་ཀ
དཔྱིད་ཀ །སླར་ཡང་མཐོང་འོང་ཨང་།
 
རྟའུ།    རྟའུ།   རྟའུ།
                               ༢༠༢༠/༠༢/༡༦
 

            རྟའུ།   ངེད་ཅག་གི་སྤུན་མཆེད།

                                 ___གསར་བུ།
 
རྣ་ལམ་དུ་འཇབ་པའི་བསེར་བུའི་སྒྲ་དབྱངས།
མི་བུ་སྟོང་གི་ངུ་ངག་དང་ལྷན་དུ་འགྲོགས།
ཆ་རྒྱུས་མེད་མའི་གྲིབ་གཟུགས་ཤིག་གི་འཕྲིན་པ།
སྙིང་རྩ་ལ་ཁེན་པའི་བདུད་ཀྱི་མདའ་མོ་བཞིན།
ངེད་ཅག་གི་སྤུན་ཟླ་ན་ཟུག་གི་མཐའ་རུ་སྤྱུགས།
 
ཕ་མེས་ཀྱི་ཡུལ་ལུང་གཙང་མར་ལུས་འདུག་གམ།
རྒྱུ་འབྲས་ཀྱི་སྤུན་མཆེད་བདེ་བར་གནས་ལགས་སམ།
མཚན་མོ་ཨང་ཀིས་ཟིན་པའི་བདག་གི་མལ་སར།
ཁྱེད་ཀྱི་མགྲོན་པོར་རློམས་པའི་མཚན་ལམ་གྱི་མུན་པས་བཀང་།

མུན་པ་ལ་སྔ་ཕྱི་མི་འདུག   མུན་པ་ལ་སྙིང་རྗེ་མི་འདུག
རྟའུ།   ཁྱེད་གང་འདྲ་འདུག་གམ།    ངེད་ཅག་གི་སྤུན་མཆེད་ཀྱེ།
 
གངས་དཀར་པོའི་འོག་ཏུ་ཡོད་པའི་ངེད་ཅག་གི་རྟའུ།
སྔ་མོ་ཞིག་ནས་ལ་རྩེའི་དར་ལྕོག་གི་ཁུད་དུ་ཡིབ་སྟེ།
མ་ཎི་ཡིག་དྲུག་རིགས་ཀྱི་གདངས་དབྱངས་སུ་བཀུག་ཡོད།
ལྭ་བའི་ཕྱི་ནང་དུ་རིག་གནས་ཀྱི་གསང་བ་འབྲུམ་ཡོད།
རྟའུ།   ངེད་ཅག་གི་ཡིག་ཚང་དུ་ལུས་པའི་ཡིག་འབྲུ་རྐང་གཅིག
 
ཐང་ཡངས་པོའི་སྟེང་དུ་ཡོད་པའི་ངེད་ཅག་གི་རྟའུ།
རྟ་ནོར་ལུག་གསུམ་གྱི་ཕ་གཞིས་བསྙོར་ཏེ།
ཤ་མར་ཐུད་གསུམ་གྱི་ནོར་བ་རྒྱན་དུ་བསྟར་ཡོད།
ཀ་ཁ་ག་ང་འཚོ་གནས་ཀྱི་ལམ་དུ་འཁྱེར་ཡོད།
རྟའུ།  ངེད་ཅག་གི་དབྱངས་གསལ་ལས་བཏེགས་པའི་ང་རོ་ཞིག
 
བར་ཆད་ཀྱི་རྙི་ལ་ཚུད་པའི་ངེད་ཅག་གི་རྟའུ།
མནར་གཅོད་ཀྱི་མུན་པས་ཡོངས་སུ་བསྡམས་ཏེ།
སྐྱོ་གདུང་གི་གཙང་པོར་ཐིམ་སོང་།
ཟུག་གཟེར་གྱི་ཁབ་རྩེར་འཁོན་སོང་།
རྟའུ།  ཅིས་ཀྱང་བཟོད་དཀའ་བའི་མཚན་མོ་ཞིག་ཨང་།
 
རྟའུ།    ཁེར་རྐྱང་ལ་བཅོལ་བའི་ལོ་ཟླ་ཞིག་ཏུ།
ཁྱེད་ཀྱིས་མཐོ་སྒང་གི་ཤག་པོ་ལ་ཅེར་ཡོད།
ཁྱེད་ཀྱིས་སེམས་མཐུན་གྱི་གཉེན་ཉེ་ལ་སྒུག་ཡོད།
སྐད་དང་ཡི་གེའི་དམ་ཚིག་གི་བར་ན།
ང་ཚོ་ལ“ས་ཁྲ”ཟེར་བ་ཞིག་མེད་ལ།
ང་ཚོ་ལ“མདོ་དབུས་ཁམས”གསུམ་ཟེར་བ་ཞིག་མེད།
ང་ཚོ་ནི་ཁྱིམ་ཚང་གཅིག་གི“བོད”ཅེས་པ་དེ་ཡིན།
 
རྩམ་པ་ཁ་གང་གི་ཉིང་བཅུད་ཁོག་ཏུ་མིད་དུས།
རྟའུ།  ངས་ཁྱེད་ཉིད་ཀྱི་རུས་པ་སེམས་སུ་མུར་ཡོད།
མར་རྡོག་པོ་གཅིག་གིས་ལུས་ཟུངས་བསྙོར་དུས།
རྟའུ།  ངས་ཁྱེད་ཉིད་ལ་སྨོན་ལམ་འདེབས་བཞིན་ཡོད།
སེམས་པ་མི་སྐྱོ།  དངངས་སྐྲག་མི་བྱེད།   ང་ཡི་རྟའུ།
རིགས་ཀྱི་རྟའུ།    ངེད་ཅག་ནི་ཁྱེད་ཀྱི་སྤུན་མཆེད་ཡིན།
 
སེམས་པ་མ་སྐྱོ།   ངེད་ཅག་གི་སྤུན་མཆེད།
ཡིད་ཆེས་དང་བརྩེ་དུངས་དབུས་སུ།
ང་ཚོ་ལ“སྐྱབས་འགྲོ”ཡོད་པས་ལྷོད་ལ་འབབ་ངེས།
ང་ཚོ་ལ་ཚན་རིག་གི་གསོ་བཅོས་ཡོད་པས་ནད་ལས་ཐར་ངེས།
                              ༢༠༢༠/༢/༡༦


                རྟའུ། ང་ལ་མཚོན་ན་ཅི་ཞིག་ཡིན།

                                     ___ སྨར་བརྩེ་སྨྱོན།
 
རྟའུ་ཟེར་ན་རྟ་གོང་ན་ཡོད་པའི་ཕོ་གསར་ཞིག་རེད།
རྟའུ་ཟེར་ན་འབྲི་འོག་ན་ཡོད་པའི་བེའུ་ཞིག་རེད།
རྟའུ། བོད་པའི་བྲང་ཁ་ཡི་གཡུ་ཆུང་གྲུ་དཀར།
ཡོད་ན་ཕྱི་ལ་ངོམ་རྒྱུ་ཡིན།
མེད་ན་སེམས་ཀྱིས་འཚོལ་རྒྱུ་ཡིན།
 
རྟའུ་ཟེར་ན་ཐོད་ཀྱི་མིག་ཆུ་རེད།
རྟའུ་ཟེར་ན་ཁོག་གི་གཟེར་ཟུག་རེད།
རྟའུ། བོད་པ་ཁྲི་མ་འབུམ་གྱི་སྙིང་ཆུང་ལྡིག་ལྡིག
སྐྱིད་ཀྱི་ཀ་ར་མཉམ་དུ་མུར་རོགས་ཡིན།
སྡུག་གི་མིག་ཆུ་ཁོག་ཏུ་འཇིབ་ཡ་ཡིན།
རྟའུ། བདག་གི་རྟའུ། བོད་པའི་རྟའུ།
འཇའ་བཞིན་ཤར་ཤོག
འབྲུག་བཞིན་གྲགས་ཤོག
                ༢༠༢༠/༢/༡༦
 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།