སྒྲོལ་མའི་གསོལ་འདེབས།__སྒོ་ཤེས་རབ།

9209



     ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།

མ་བཅོས་གཡོ་བ་མེད་པའི་སྐུ་མངའ་ཡང་། །
བཅོས་མའི་སྤྱན་རས་འགྲོ་ལ་ཉེར་གཡོ་བ། །
འཕྲིན་ལས་ལྷ་མོ་གཡུ་ཡི་མདངས་ཆགས་མ། །
དེ་ཡི་ཚེམས་ཕྲེང་བདག་ལ་བཞད་གྱུར་ཅིག །

དད་པའི་རི་དྭགས་རི་ལ་ཤོར་བའི་མིག །
ཡུམ་གཅིག་ཁྱོད་ཀྱི་ཞལ་ལ་མངོན་ཕྱོགས་ན། །
བྱང་ཆུབ་སེམས་མ་གང་གི་ཐུགས་རྗེའི་ཆབ། །
ཉམ་ཐག་ཡིད་ངོར་ལྷུང་ལྷུང་བཞུར་བར་སྨོན། །

སྣང་བ་སྒྱུ་མའི་མཛེས་སྡུག་ལྷུན་རྫོགས་མ། །
སྟོང་བ་ཚིག་གིས་མི་ཟིན་མཐའ་བྲལ་མ། །
ཡུམ་མཆོག་རྗེ་བཙུན་ཨརྱ་ཏཱ་རེ་མའི། །
བརྩེ་ཆེན་ཞགས་པས་སྐྱེ་རྒུ་འཛིན་པར་སྨོན། །

རྒྱལ་པོའི་སྲས་མོ་ཡེ་ཤེས་ཟླ་བའི་ཐུགས། །
འགྲོ་ལ་མངོན་པར་ཆགས་པའི་སྨོན་ལམ་མཐུས། །
སྐྱེ་བོ་རིམས་ནད་དྲག་པོས་གཙེས་ཀུན་ལ། །
གདུང་སེལ་བདུད་རྩིའི་ཆར་བཟང་འཇོ་བར་སྨོན། །

འཆི་བའི་རླུང་གིས་ཁྱེར་བའི་ཉམ་ཐག་འགྲོ། །
ཀུན་རྨོངས་འཇིགས་སྣང་བློ་ཡི་གཤོག་སྒྲོ་ཅན། །
བར་དོའི་གྲོང་དུ་ངེས་མེད་འཕུར་བ་དག །
ཆོས་ཉིད་དག་པའི་ནམ་མཁར་འཁྲིད་པར་སྨོན། །

མི་ཆགས་དབང་མེད་ལས་ཀྱིས་དམ་པོར་སྦྱར། །
ཆགས་ཀྱང་དོན་མེད་རྨི་ལམ་འཁྲུགས་འདྲ་བའི། །
སྐྱེ་འཆིའི་འཁོར་ལོ་རྨོངས་པའི་ཡུ་བ་ཅན། །
གཉིས་མེད་ཡེ་ཤེས་མེ་ལྕེས་བསྲེག་པར་སྨོན། །

རྒྱལ་ཀུན་འཕྲིན་ལས་གཟུགས་སུ་ཤར་བ་མ། །
ཚོགས་གཉིས་ལྷུན་རྫོགས་སྤྱན་ལ་འོད་འཕྲོ་མ། །
ཆུ་ལ་རི་མོ་བྲིས་འདྲའི་འཇིག་རྟེན་གྱི། །
སྡུག་བསྔལ་འཁྲུལ་བའི་སྨིག་རྒྱུ་དྭངས་པར་སྨོན། །


        དེང་ཆར་ཕྱོགས་ཀུན་རིམས་ནད་ཀྱིས་གཙེས་དང་གཙེ་བཞིན་པའི་སྐབས་འདིར། རང་སྡེ་གངས་ཅན་པའི་ཡུལ་གྲུ་སོ་སོར་ཡང་། ཚན་རིག་མཁས་པའི་ཞལ་གདམས་ཇི་བཞིན་རིམས་འགོག་དྲིལ་སྒྲོག་གི་བགྱི་བ་ལྷུར་བཞེས་མཁན་ལྷག་བསམ་ཅན་མོད་པ་དགའ་འོས་པའི་གནས་སུ་མཐོང་བས། དེའི་ཐད་གུས་པོ་ལྟ་བུས་བསྐྱར་ཟློས་བྱེད་དགོས་ཅི་ཡང་མ་མཆིས། རྒྱུན་དུ་གཅིག་པུར་ནང་དུ་སྡོད་དགོས་ཁེལ་བའི་སྐབས་འདིར། སྐྱེ་བོ་མང་པོ་རིམས་ནད་ཀྱིས་སྡུག་ལ་སྦྱར་བའི་ཆ་འཕྲིན་སྣ་ཚོགས་དང་། ལྷག་པར་བོད་ཤར་ཕྱོགས་རྟའུ་ས་ཆར་རིམས་ནད་ཀྱི་འཇིགས་པ་ཆེ་ཙམ་འབྱུང་བཞིན་པ་ཐོས་ཐེངས་རེར་ཞེ་ཤིན་ཏུ་མི་བདེ་རུང་ཅི་ཡང་བྱར་མེད་པར་བརྟེན། འཕྲིན་ལས་ཀྱི་བདག་མོ་ཨརྱ་ཏཱ་རེ་མར་གསོལ་འདེབས་ཀྱི་ཚིག་ཁ་ཤས་འབྲི་འདོད་བྱུང་བ་ལྟར་བྲིས་པ་ལགས་ན། འདི་ལ་དགེ་ཚོགས་ཇི་སྙེད་ཅིག་མཆིས་པ་ཀུན་ཀྱང་འགྲོ་རྣམས་རིམས་ནད་ཀྱི་འཇིགས་པ་ལས་གྲོལ་བའི་རྒྱུ་རུ་བསྔོའོ། །

2020-2-16



0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།