མང་རྒྱན་ལགས་ལ་རིམས་ནད་སྐོར་གླེང་བ།__དར་ཆུང་།

11696

གཅིག

ཉེ་ཆར་ཝུའུ་ཧན་ནས་རིམས་ནད་གསར་པ་ཞིག་བྱུང་སྟེ། རྒྱ་ནག་གི་ཡུལ་སོ་སོ་ཙམ་དུ་མ་ཟད། རྒྱལ་ཁབ་གཞན་མང་པོར་ཁྱབ་ནས་རྒྱལ་ཁབ་སོ་སོའི་གཞུང་སྒེར་ཀུན་གྱིས་དེ་ལ་དོ་སྣང་སྔ་ན་མེད་པ་ཞིག་བྱེད་མུས་རེད། ཐག་ཉེ་ས་ནས་བཤད་ན་དཀར་མཛེས་ཁུལ་གཅིག་པོར་རིམས་ནད་དེ་ཕོག་པའི་མི27བྱུང་བ་སོགས་ཀྱིས་ད་ནི་རང་རེ་དག་གིས་ཀྱང་འདི་ལ་སྔར་ལས་ཀྱང་དོགས་ཟོན་ཆེན་པོ་མ་བྱས་ཐུ་མེད་ཀྱི་གནས་སུ་གྱར་ཡོད་ལ། དེ་ལུགས་དཔྱོད་ལྡན་ཚང་མས་སྨྲ་བཞིན་པ་དང་སྒྲུབ་བཞིན་པ་རེད།

ང་ཚོ་བོད་ལ་མཚོན་ན། རིམས་ནད་འདིའི་ངོ་བོ་རང་ལ་ཞིབ་འཇུག་བགྱིས་ཏེ། སྨན་གསར་དང་འགོག་ཁབ་གསར་བཟོ་བྱེད་པའི་ནུས་པ་མེད་ན་ཡང་། ཚན་རིག་པ་དང་གསོ་རིག་ཆེད་མཁས་པའི་ངག་ལ་ཉན་ཏེ། འདུ་འཛོམས་མི་བྱེད་པ་དང་། ཁ་ཐུམ་གོན་པ་དང་། གཙང་སྦྲ་ལ་བརྩོན་པ་བཅས་ཀྱི་ནུས་པ་ཡོད་པས། དེ་ལུགས་ལྟར་བསྒྲུབ་རྒྱུ་ལས་གལ་ཆེན་ཞིག་གང་ན་ཡོད། རྒྱུ་མཚན་ནི་གཅིག་གིས་ཆོག་སྟེ། ད་ལྟའི་ཝུའུ་ཧན་གྱི་གནས་ཚུལ་དེ་རང་ཡུལ་ལ་འབྱུང་རྒྱུར་མི་སྐྲག་མཁན་ཞིག་མེད་པས་སོ། །

འོན་ཀྱང་ཁྱད་མཚར་བ་ཞིག་ལ། དྲ་གྲོགས་མང་རྒྱན་ལགས་ཀྱིས་ནི། ཉིན་ལྟར་བོད་པ་ཚོས་མ་ཤེས་པའི་ཚོད་དཔག་ཅིག་ངས་བྱས་ཡོད་ཟེར་ནས་འུར་ཆེ་ཙམ་རྒྱག་བཞིན་པར་མ་ཟད། རིམས་འགོག་འདི་ལྟར་བྱས་པར་ཅུང་མ་རིངས་པའི་རྣམ་འགྱུར་ཞིག་ཞར་ཞོར་ལ་བསྟན་ཡོང་གི་འདུག་པས། དེ་ལ་བསམ་ཚུལ་ཁ་ཤས་ཤིག་ཞུ་བསམ་བྱུང་།

གཉིས།

དྲང་མོར་ཞུས་ན། ནད་འདིའི་ཐད་མང་རྒྱན་ལགས་ཀྱིས་ཚོད་དཔག་མི་འདྲ་བ་ཏིལ་ཙམ་ཞིག་བྱེད་ཐུབ་མེད་ལ། ཐུབ་སར་ཡང་མི་འགྲོ་བས་ཅི་ཁག ནད་ཡམས་འདིར་ཆེད་དུ་ཉམས་ཞིབ་གནང་བཞིན་པའི་སྡེ་ཚན་སོ་སོས་ཀྱང་མ་འོངས་ཚོད་དཔག་གསལ་པོ་ཞིག་མི་ཐུབ་ས་ན། གསོ་རིག་གི་གྲིབ་མ་ཙམ་ཡང་ཕོག་མ་མྱོང་བའི་མང་རྒྱན་ལགས་ཀྱིས་ཚོད་དཔག་ཅིག་གང་ན་ཐུབ། ཁོས་ནད་ཡམས་འདིའི་འགོས་ཚད་མཐོ་ཡང་ཤི་ཚད་མི་མཐོ་ཟེར་ནས་གཞུང་བསྒྲགས་གྲངས་ཀ་རེ་སྟོན་ཞོར་ལ། དེ་ངའི་ཚོད་དཔག་ཡིན་ཟེར། ནད་འདིའི་འགོས་ཚད་དང་། དྲག་ཚད། ཤི་ཚད་ཅི་ཡིན་ཉིན་ལྟར་གསར་ལམ་སོ་སོ་ན་མིག་དང་རྣ་བ་ཚ་རག་བར་དུ་སྟོན་གྱི་འདུག་པས། དེ་ངའི་ཚོད་དཔག་ཡིན་ཟེར་ན། དེ་ལས་གད་མོ་ཆེ་བ་ཅི་ཡོད།

ཁོས་རིམས་འགོག་ལ་མ་རིང་བ་བསྟན་ཚུལ་ལ་བལྟས་ན། ནད་འདི་འགོས་ཀྱང་མི་སྐྱོན་རབས་ཟེར་གྱི་ཡོད་ཚོད། དེ་ལ་ངས་མང་པོ་མི་བཤད། ཁ་སང་ཉིན་གཅིག་པོར་མི་108ཤི་ཡོད་ཚུལ་གཞུང་གིས་བསྒྲགས་འདུག་ཅིང་དོན་ལ་དེ་ལས་མང་སྲིད། དེ་བདེན་པའི་དབང་དུ་བཏང་རུང་108ཟེར་བ་དེ་ཨང་ཀི་ཞིག་མ་རེད། མིའི་ཚེ་སྲོག་རེད། ཚེ་སྲོག་རེ་རེ་ཤོར་དུས་ཁྱིམ་མི་ཁ་འཐོར་དུ་བཏང་ཡོད། ཚེ་སྲོག་རེ་རེའི་རྗེས་ལ་མྱ་ངན་དང་མིག་ཆུ་འཁྱིལ་ཡོད། ད་རུང་མི་སྐྱོན་ཟེར་སྲོལ་ཞིག་ཨེ་ཡོད། གལ་ཏེ་ད་ལྟ་ནང་བཞིན་རིམས་འགོག་བྱས་མེད་པར་ལྷོད་བཞག་ཡོད་ཚེ། ཝུའུ་ཧན་ལས་གཞན་པའི་ས་ཀུན་ཀྱང་ཝུའུ་ཧན་ལྟ་བུར་ཆགས་རྒྱུར་ཟླ་གཅིག་ལས་མི་འགོར་བར་ངེས་པས། གྲོང་ཁྱེར་རེ་རེའི་ནང་ནས་ཉིན་རེར་མི་བརྒྱ་ཕྲག་རེ་འཆི་སྲིད། དེ་དུས་ད་རུང“བརྒྱ་ཆ་བསྡུར་ཚེ་ཤི་གྲངས་མི་མཐོ་བས་སྐྲག་མི་དགོས”ཟེར་རྒྱུ་ཡིན་ནམ།

དེ་ཧུའུ་པེ་དང་ཝུའུ་ཧན་གྱི་གནས་ཚུལ་ཡིན་པས་དམིགས་གསལ་ཡིན་རབས་མི་བཤད་རོགས། ད་ལྟའི་བཀག་སྡོམ་བཙན་པོ་དེའི་དྲིན་མིན་ན། ཡུལ་ཐམས་ཅད་ཧུའུ་པེ་དང་གཅིག་མཚུངས་སུ་འགྱུར་ངེས་པ་ལས་སླ་པོས“ཚོད་དཔག”ཐུབ་པ་མ་རེད་དམ། དུས་ངེས་ཅན་ཞིག་ལ་བཀག་སྡོམ་བགྱིས་ཏེ་འགོས་མཚམས་བཅད་པའི་དབང་གིས། ཁ་སང་དེ་རིང་ཧུའུ་པེ་ལས་གཞན་པའི་ཡུལ་རྣམས་སུ་ནད་པའི་གྲངས་འཕར་ཚད་ཅུང་ཟད་མར་འཆག་གི་ཡོད་ས་རེད། ནད་འགོས་མཚམས་མ་བཅད་ཚེ་ནད་པའི་གྲངས་ཡར་འཕར་བ་དང་། ནད་འགོས་མཚམས་བཅད་ཚེ་ནད་པའི་གྲངས་མར་འཆག་པ། གྲངས་མར་འཆག་པའི་རྒྱུན་བསྲིངས་ན་ཚོད་འཛིན་བྱེད་ཐུབ་སྟེ་བཀག་རྒྱ་ལྷོད་རུང་བ་སོགས་ནི། ཟས་ཟོས་ན་གྲོད་ཁོག་རྒྱགས་པ་དང་། མ་ཟོས་ན་ལྟོགས་པའི་གནས་ལུགས་དང་མཚུངས་པས། དེ་འདྲའི་ཐུན་མོང་གི་ཡུལ་དུ་གྱུར་པའི་གནས་ཚུལ་རགས་པ་རེ་ཡང་དང་བསྐྱར་དུ་བསྒྲགས་ནས། “ངའི་ཚོད་དཔག”དང་། “ང་ཡི་དབྱེ་ཞིབ”ཟེར་ནས་བཤད་ཕོད་པའི་སྙིང་སྟོབས་འདི་འདྲ་གང་ནས་བྱུང་།

འདི་ལྟར་རིམས་འགོག་གི་རྒྱུན་མ་ལྷོད་ན། ད་གཟའ་འཁོར་གཉིས་གསུམ་ཞིག་གིས་ནད་ཡམས་ཚོད་འཛིན་ཐུབ་རྒྱུ་དང་ལས་ཀ་རྒྱུན་ལྡན་དུ་ཆགས་རྒྱུ་ནི་ཀུན་གྱི་རེ་བ་ཡིན་ལ། དེ་ལྟར་ཡོང་སྲིད་ཅེས་ཆེད་མཁས་ལ་ལས་གསུང་བཞིན་པ་དང་། ཡང་ཆེད་མཁས་ལ་ལས་ད་རུང་དཀའ་རབས་གསུང་གི་འདུག་པས། གཞན་གྱིས་དེ་ལྟར་གསུང་སྐབས་ཟུར་ནས་ངའི་ཚོད་དཔག་ངའི་ཚོད་དཔག་ཟེར་ནས་རྩེད་མོ་བརྩེས་ན་སྙིང་པོ་ཡོད་དམ།

ཁྱེད་ཚོད་དཔག་ལ་དེ་འདྲ་མཁས་ན། ད་ལྟའི་རིམས་ནད་འདིས་ཝུའུ་ཧན་དུ་ཡང་སྙིང་མི་ཅི་ཙམ་ཤི་ཡོད་དམ། གཞུང་གིས་བསྒྲགས་པ་དང་དོན་དངོས་གཉིས་མཐུན་ནམ། འདས་པོ་དེ་དག་གི་ཁྲོད་ན་སྨན་པར་སྟོན་ས་མ་རག་པར་ཤི་བ་ཅི་ཙམ་ཡོད་སྲིད་དམ། བསྟན་ཀྱང་མ་དོ་བར་ཤི་བ་ཅི་ཙམ་ཡོད་སྲིད་དམ། རིམས་ནད་ཀྱི་མགོ་མཇུག་གི་བྱ་བ་བསྒྲུབ་ཚུལ་ལ་བརྟེན་ནས་རྒྱལ་ཁབ་འདིའི་གཞུང་དམངས་བར་གྱི་ཡིད་རྟོན་ལ་ཤུགས་རྐྱེན་ཅི་འདྲ་ཐེབས་སྲིད་དམ། ལི་ཝུན་ལིའང་གི་དོན་རྐྱེན་གྱིས་མགོ་ཁྲིད་སུ་སུ་སྐྱོན་ལ་འཐོག་སྲིད་དམ། དེ་ཚོར་ཚོད་དཔག་བྱས་ཏེ་རྩོམ་ཡག་རེ་ཕྲིས་དང་བོད་ཡིག་ཐོག་མཐོང་དཀོན་པའི་ཚོད་དཔག་ཡིན་པས་བསྔགས་བརྗོད་ཡོད། དེ་ཙམ་རེ་བྲིས་རུང་སྐྱོན་ཆ་ནི་ཆེར་མེད་ཚོད་རེད། པོད་འཕྲིན་སོགས་སུ་རྒྱ་རྩོམ་དེ་འདྲས་ཁྱབ་འདུག དེ་མིན་ཀུན་གྱིས་མཐོང་བསྡད་པའི་གནས་ཚུལ་ཉི་ཤར་ནམ་ལངས་སུ་སོང་བ་རྣམས་ལ“ངའི་ཚོད་དཔག”ཟེར་ནས་ཉིན་ལྟར་ས་ལྡིང་གནམ་ལྡིང་བྱས་ན་མིག་དང་ཡིད་ལ་ཅུང་གཟན་གྱི་འདུག

གསུམ།

ད་དུང་། ཁྱེད་ཀྱིས་བཤད་པའི་སྐད་ཆ་མང་པོ་ཞིག་གི་དོན་བསྡུས་ན། ནད་འདི་ལ་དེ་ཙམ་འཇིགས་མི་དགོས། རིམས་འགོག་བྱས་པ་ཚབས་ཆེ་སོང་། འདི་འདྲ་བྱས་ན་རྒྱུ་གྱོང་ནོམ་གྱོང་ཆེ་དྲགས་འདུག་ཟེར་གྱི་ཡོད་ཚོད། དེ་ང་ཚོ་ལ་བཤད་པས་ཕན་མི་ཐོགས། ནད་ཡམས་དེའི་དབང་གིས་རྒྱ་ནག་ཧྲིལ་པོར་འགྲུལ་ལམ་གཅོད་མཁན་གྱི་ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཁག་ལ་ཤོད། ནད་ཡམས་དེའི་དབང་གིས་ཝུའུ་ཧན་སོགས་ཧུའུ་པེའི་གྲོང་ཁྱེར་ཕལ་མོ་ཆེའི་འགྲུལ་ལམ་བཙན་གཅོད་བྱེད་མཁན་གྱི་དབུས་གཞུང་ལ་ཤོད། ཞིང་ཆེན་སོ་སོ་དང་། གྲོང་ཁྱེར་སོ་སོ། སྡེ་བ་སོ་སོ་ཚུན་གྱི་འགྲུལ་ལམ་དམ་བསྒྲགས་བྱེད་མཁན་གྱི་ས་གནས་སྲིད་གཞུང་དག་ལ་ཤོད། “ཁྱེད་ཚོས་ནད་དུག་དེས་ཐད་ཀར་བསད་པའི་ཤི་བོའི་གྲངས་ཀ་ལས། རིམས་ནད་སྔོག་འགོག་གོ་རིམ་ཁྲོད་ཀྱི་ཞར་བྱུང་གི་གོད་ཆག་གཞན་དག་ལ་བསམ་བློ་གཏོང་མི་ཤེས”ཟེར་ནས་ཤོད་དང་། “འོ་བདེན་གི་ཡ། ང་ཚོས་གཞི་གྲངས་ལ་གཞིར་བཟུང་ནས་ཚོད་དཔག་བྱེད་མ་ཤེས་པས། ཁེ་གྱོང་གཉིས་ལས་གྱོང་རག་འདུག”ཟེར་ཏེ་ཁྱེད་ལ་བཀའ་དྲིན་ཞུ་ན་ཐང་། དེ་དུས་བོད་པ་ཞིག་གིས་འཛམ་གླིང་ལ་བློ་སྐྱེད་འཕུད་ཐུབ་སོང་ཟེར་ནས་ང་ཚོས་ཀྱང་ཁྱེད་ཀྱིས་སློང་མི་དགོས་པར་བསྟོད་བསྔགས་དང་བརྒྱུད་སྐུར་མང་པོ་བྱེད་ངེས། རིམས་འགོག་བཙན་པོ་བྱེད་མཁན་གྱི་གཞུང་དང་རྩ་འཛུགས་ཤེད་ཅན་དེ་དག་ལ་སྟོན་རི་བའི་སྒྲུབ་བྱེད་བཙན་པོ་ཚིག་གཅིག་མེད་ཚེ། བོད་པ་ཚོར་གོ་ལོག་བརྡ་ལོག་མི་སྤྲོད་པའི་རེ་བ་ཡོད།

གཟའ་འཁོར་གཅིག་གི་རིང་ཡིན་ན་ཆོག ཟླ་གཅིག་གི་རིང་ཡིན་ནའང་ཆོག ལོ་གཅིག་གི་རིང་ཡིན་ནའང་ཆོག ནད་ཡམས་འདིའི་འཇིགས་པ་མ་སེལ་བར་དུ་མི་སྒེར་སོ་སོའི་ངོས་ནས་རིམས་འགོག་ལ་ལྷོད་གཡེང་མེད་པར་བརྩོན་རྒྱུ་ལས་གལ་ཆེན་མེད་པ་ཁྱེད་ཀྱིས་ཀྱང་ཤེས་ངེས་ཏེ། ཐོག་མར་རང་སྟེང་ནས་ནད་ཡམས་འདི་ལ་གདོང་ཇི་ལྟར་གཏོད་ཀྱི་ཡོད། སོ་སོའི་བཟའ་ཚང་བུ་ཕྲུག་ལ་ཅི་ཟེར་གྱི་ཡོད། “ནད་ཡམས་ལ་གཟབ་གཟབ་གྱིས། ཁྱིམ་ལ་སྡོད། ཁ་ཐུམ་གོན། ལག་པ་ཁྲུས”ཟེར་གྱི་ཡོད་དམ། ཡང་ན“འདིའི་འགོས་ཚད་མཐོ་ཡང་ཤི་ཚད་མི་མཐོ་བས་སྐྲག་མི་དགོས། འགོས་ཀྱང་མི་འཆི་ན་ཐང་། འདུ་ཚོགས་ལ་སོང་། ཁ་ཐུམ་གོན་མི་དགོས”ཟེར་གྱི་ཡོད། འདིའི་ཐད་ནས་སོ་སོས་ནང་མི་ལ་ཇི་ལྟར་བཤད་ཀྱི་ཡོད་ན། མི་གཞན་ལའང་དེ་ལྟར་བཤད་ཚེ་རྒྱུ་འབྲས་དང་མཐུན་གྱི། གཞན་དུ་ན་རྒྱུ་འབྲས་སྣོག་པར་མི་འགྱུར་རམ། སྐད་ཆ་འདི་ནི། མང་རྒྱན་རང་གི་ནམ་རྒྱུན་གྱི་སྒྲོས་ལྟར“དྲང་གཏམ”ཞིག་ཞུས་པ་ཙམ་ཡིན་པས། ཐུགས་ལ་མི་གནོད་པར་འཚལ།

2020.2.11


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།