དྲན་ཤེས་ཀྱིས་མ་ཟིན་པའི་མི་ཚེ། __གྲོག་མ།

45286



 མི་ཚེ་ཟེར་བ་འདི་ནི་སྐད་ཅིག་ཙམ་ཡང་སྡོད་དབང་མེད་པའི་གཙང་པོ་ཞིག་མདུན་ནས་མདུན་དུ་རྒྱུག་བཞིན་པ་དང་འདྲ་བྱུང་། གཙང་པོ་འདི་ཐང་བདེ་མོ་དང་ཐུར་གཞོལ་པོ། འགག་ཕྲ་མོ། རོང་དོག་མོ། གཡང་གཟར་པོ། བྲག་བཙན་པོ་སོགས་ཅི་འདྲ་ཞིག་ལ་ཐུག་ཀྱང་ངེས་པར་དུ་མདུན་ཕྱོགས་སུ་བཞུར་དགོས་བྱུང་སོང་། ཡུལ་དང་ལུང་པ་མང་པོ་ཞིག་བརྒྱུད་དེ་ལོ་དང་ཟླ་བ་ཞག་དང་ཟ་མ་བྱས་ནས་བཞུར་དགོས་བྱུང་སོང་། དལ་མོར་འབབ་པ་དང་དྲག་ཏུ་བཞུར་བ། གཡང་ནས་མཆོང་བ། སྦུབས་སུ་འཛུལ་བ། རྩིག་རགས་བཏོལ་བ། རི་བྲག་བཤིག་པ་སོགས་ནི་མི་ཚེ་ཡི་གཙང་པོ་འདིས་གཡོལ་ཐབས་མེད་པའི་བརྒྱུད་རིམ་དང་འགྲོ་ལུགས་རྣལ་མ་དེ་ཡིན་པ་འདྲ།

  གཙང་པོ་ལྟ་བུའི་མི་ཚེ་འདིའི་བརྒྱུད་རིམ་མི་འདྲ་བ་དེ་དག་གི་ཁྲོད་ནས་སམ། ཡང་ན་ལོ་ཟླ་དེ་དག་གི་ཀློང་ནས་གངས་དང་བུ་ཡུག་བརྒྱ་ཕྲག་མང་པོ་ལ་གྱེས་བརྡ་བཏང་ཞིང་། རྡོ་དང་ཕ་བོང་སྟོང་ཕྲག་མང་པོར་ཐུག་ཕྲད་བྱུང་སོང་། སྐྱེ་བོ་བཟང་ངན་སྣ་ཚོགས་པ་ཞིག་དང་བྱ་བ་ལེགས་ཉེས་བགྲང་གིས་མི་ལང་བ་ཞིག་དང་འཕྲད་དེ། གཙང་པོ་ཞིག་དང་འདྲ་བར་འཕྲད་མ་ཐག་གྱེས་བྲལ་གྱི་དགའ་སྐྱོ་མྱོང་དགོས་བྱུང་སོང་ཨང་།

   མི་ཚེ་དང་མིའི་རྣམ་ཤེས་ཀྱི་དགོས་མཁོ་ལྟར་ན་རང་ཉིད་ཀྱི་འབབ་རྒྱུན་ཁྲོད་ནས་བྱུང་བའི་བྱ་བ་དང་དངོས་པོ་གང་འདྲ་ཞིག་ཡིན་རུང་། ངེས་པར་དུ་བརྗེད་ངས་ཀྱི་མུན་ནག་ཁྲོད་དུ་ལུས་སུ་མི་རུང་ཞིང་། ཅི་ནས་ཀྱང་དྲན་ཤེས་ཀྱི་ལྕགས་ཀྱུས་ཟིན་པ་ཞིག་ཡིན་པར་འོས། དེ་ལྟ་ན་ཡང་། མི་ལོ་ཡི་ཐེམ་པ་སུམ་ཅུ་བརྒལ་ཟིན་པའི་མི་ཚེ་ཡི་གར་ཆུང་འདིའི་ཁྲོད་ནས། དགའ་སྐྱོ་འདྲེས་མ་ཡང་ཡིན་ལ་རྒྱལ་ཕམ་བསྲེས་མ་ཡང་ཡིན་པའི་བྱ་བ་དང་དངོས་པོ་ཅི་འདྲའི་མང་པོ་ཞིག་དང་འཕྲད་ཡོད་ཅིང་། དེ་ལྟ་བུའི་གྲངས་མེད་པ་ཞིག་དྲན་ཤེས་ཀྱིས་མ་ཟིན་པར། བརྗེད་ངས་ཀྱི་རྐུན་པོར་འཁྱེར་དུ་བཅུག །ད་ལྟ་འདི་ནས་བློ་ཞིབ་མོར་བསམ་བློ་རེ་བཏང་ན། ངའི་མི་ཚེའི་ནང་གི་དགའ་བའི་འཚོ་བ་དང་ཞིམ་པོའི་བཟའ་བཏུང་དེ་ཙམ་ཞིག་བརྗེད་ངས་ཀྱིས་ཁྱེར་ཞིང་། དུས་གསུམ་གྱི་ནང་གི་འདས་པ་ཟེར་བའི་མུན་དོང་གི་ནང་དུ་ལྷུང་སོང་བ་དེ་ཡིད་ལ་འཁོར་ཐུབ་ལ། མི་ཚེ་ཡི་འཚོ་བ་མང་པོ་ཞིག་དྲན་པ་དང་ཤེས་བཞིན་གྱིས་མ་ཟིན་པར་རྒྱ་ཡན་བརྗེད་ངས་ཀྱི་དབང་དུ་ཤོར་སོང་བ་ནི། དངོས་གནས་རང་གི་ཅ་ལག་རྩ་ཆེན་ཁ་ཤས་བོར་སྟོར་དུ་སོང་བའི་ཕངས་སེམས་དང་བསྡུར་ཐབས་མེད་པ་ཞིག་མ་རེད་དམ། སྙིང་ཉེ་བའི་ཀློག་པ་པོ་ལགས། ངས་འདི་ལྟར་ལབ་ན་ཁྱེད་ཉིད་མི་འཐད་དམ།

ང་རང་འདི་ལྟར་མུ་མཐུད་དེ་མདུན་དུ་བཞུར་དགོས་བྱུང་ཚེ། ང་ཡི་མི་ཚེ་ནི་རས་ཀྱི་ཁུག་མའི་ནང་དུ་ཆུ་བླངས་པ་དང་འདྲ་ལ། ཕྱི་ཁུང་འདྲུ་མཁན་གྱི་རྨོངས་ཤིང་རྟུལ་བའི་དྲེད་མོང་ཞིག་དང་ཡང་འདྲ། ཆེས་མཐའ་མཇུག་གི་ཕྱི་བ་དེ་ཡང་རང་གི་ཁ་ནང་དུ་མ་ཡོང་བའི་དྲེད་མོང་ཞིག་དང་འདྲ་ལ། མེ་ཏོག་སྙིམ་པ་གང་བཏུས་ཏེ་ལོག་ཡོང་བའི་བྱིས་པ་ཞིག་ཁྱིམ་ལ་ཐོན་དུས་མེ་ཏོག་ཡོད་ཚད་བོར་སོང་ཡང་། རང་ཉིད་ཀྱིས་ཅི་ཞིག་སྟོར་སོང་བ་ཙམ་ཡང་མ་ཤེས་པ་དང་ཧ་ཅང་འདྲ། དེ་ལྟ་ན་ཡང་ད་ལྟ་ངའི་ཡིད་ཀྱི་མེ་ལོང་གི་ངོས་སུ་དྲན་ཤེས་ཀྱིས་ལེགས་པར་ཟིན་པའི་འོ་མ་ཕོར་པ་གང་ཡོད་དེ། དེ་ནི་ངས་ཁྱེད་ལ་ཇི་ལྟར་བཤད་ན་ལེགས་པ་དང་གང་ནས་དབུ་བཟུང་ན་བཟང་བ་སོགས་ཡག་པོ་ཞིག་མི་ཤེས་རུང་། འཆད་པར་བྱ་བ་ལེགས་ཤོས་དེ་ཡིན་པར་ངེས་ནས་ཡོད།

  ……ཉི་མ་དེར་ང་རང་རྟ་རྫི་རུ་སོང་བ་དྲན་ཞིང་། ལ་དང་ལུང་པ་མང་པོ་ཞིག་བརྒལ་བའི་རྗེས་སུ་ངེད་ཚང་གི་རྟ་ཕོ་སྨུ་གུ་རྡོ་རྗེ་ཟེར་བ་དེ་རི་ཁ་ནས་བཟུང་སྟེ་ཕྱིར་ཁྱིམ་དུ་ལོག་ཡོང་བ་དེ་ཡང་དྲན། རྟ་འཚོལ་བའི་ཆེད་དུ་ཡུན་རིང་ཞིག་ལ་རི་ལུང་ཉུལ་བའི་རྐྱེན་གྱིས་ལྟོགས་སྐོམ་ཅུང་ཟད་མྱོང་བཞིན་ཡོད་ཅིང་། ལྟོགས་སྐོམ་གྱི་དབང་གིས་ངའི་ལུས་ཀྱི་རྩ་ཁམས་ལས་སུ་རུང་བའམ། ཡང་ན་རིག་པ་དྭངས་གསལ་སོ་ན་གནས་པ་ཞིག་ཏུ་གྱུར་ཡོད་ལས་ཆེ། དེ་དུས་ངའི་ཨ་མ་ལགས་ཀྱིས་བདག་ལ་འོ་མ་ཕོར་པ་གང་སྟེར་བྱུང་སྟེ། ཨ་མས་ཚུལ་ཇི་ལྟར་གནང་བ་དང་ངས་ཇི་ལྟར་བླངས་བ། ཕོར་པ་དེའི་ཆེ་ཆུང་དང་རི་མོ་གང་འདྲ་འདུག་པ། འོ་མ་བཏུང་དུས་ཀྱི་རོ་དང་བྲོ་བ་ཅི་འདྲ་ཞིག་བྱུང་བ། རང་ཉིད་གང་དུ་ཇི་ལྟར་བསྡད་ཡོད་པ་སོགས་དེ་དང་དེ་དག་ཚང་མ་དྲན་ཤེས་ཀྱི་མེ་ལོང་ནང་དུ་གསལ་པོར་དཔར་རྒྱག་ཐུབ་པ་བྱུང་ཡོད་ཅིང་། དུས་ད་ལྟ་ཡང་ངའི་རིག་པའི་ཕོ་བྲང་གི་ནང་དུ་པར་རིས་དེ་ས་ལེར་བཤམས་ནས་ཡོད་པ་མ་ཟད། དུས་ནམ་ཡང་རྙིང་རྒྱུ་མེད་པའི་འཇིག་རྟེན་སོ་མ་དེར་ཐེངས་མང་པོའི་བར་དུ་མངོན་སུམ་བཞིན་དུ་ཕྱིར་ལོག་རྒྱུའི་སྐལ་བ་བྱུང་ཡོད། དེ་ནི་མི་ལོ་ཡི་འཁོར་མོ་བཅུ་བདུན་ཙམ་གྱི་ཡར་སྔོན་ཞིག་སྟེ། སྟོན་པ་སངས་རྒྱས་ཟེར་བ་སུ་ཞིག་ཡིན་པ་གོ་ཐོས་ཅུང་ཟད་མྱོང་བ་ཙམ་ལས། དྲན་པ་དང་ཤེས་བཞིན་ཟེར་བ་ནི་ཅི་ཞིག་ཡིན་པ་གཏན་ནས་ཧ་གོ་གི་མེད་པའི་དུས་ཤིག་ཀྱང་ཡིན།

  ངོ་མ་བཤད་ན་འདི་དང་འདི་ལྟ་བུའི་བདེ་སྡུག་གི་འཚོ་བ་ཞིག་དྲན་ཤེས་ཀྱིས་ཟིན་པར་བྱེད་པ་ནི་ཆེས་སྟབས་བདེ་དང་ལས་སླ་མོ་ཞིག་མ་ཡིན་ནམ། རེད་དེ་ངའི་མི་ཚེ་ཡི་གཙང་པོའི་ནང་གི་འཚོ་བ་བརྒྱ་ཆ་དགུ་བཅུ་གོ་དགུ་ལྷག་ཙམ་བརྗེད་ངས་ཟེར་བའི་ཁྲམ་པ་རྒྱ་ཡན་པོ་དེར་ཤོར་ཟིན་ཅིང་། དུས་ད་ལྟ་ཡང་འཆོར་བཞིན་པ་འདི་འདྲ་ཡ་རེ་ང་། ང་ཡི་ཀློག་མཁན་སྐུ་ཞབས་ལགས། ཁྱེད་ཀྱི་མི་ཚེའི་གཙང་པོ་དེ་གང་འདྲ་ཞིག་ཡིན་ནམ། དྲན་ཤེས་ཟེར་བའི་བྱིའུ་དེ་དང་བརྗེད་ངས་ཟེར་བའི་འུག་པ་དེ་གཉིས་ཀྱི་གནས་ཚུལ་གང་འདྲ་ལགས་སམ། ཁྱེད་ཀྱིས་དུས་ད་ལྟ་རྩོམ་ཡིག་ཅིག་ཀློག་བཞིན་པ་ཤེས་ཀྱིན་ཡོད་དམ།

  ང་ནི་དེ་སྔོན་ཨེན་ཙམ་གྱིས་མ་འགྲིག་པར་འདུག་སྟེ། རང་ཉིད་གོམ་པ་བརྒྱབ་ནས་འགྲོ་བཞིན་པའི་སྐབས་སུ་རང་ཉིད་འགྲོ་བཞིན་ཡོད་པ་བརྗེད་འདུག་པ་ཙམ་དང་། མལ་ཁྲིའི་སྟེང་དུ་ཉལ་བཞིན་པའི་སྐབས་སུ་རང་ཉིད་ཉལ་བསྡད་ཡོད་པ་མ་ཚོར་བར་ལུས་འདུག་པ་དེ་དང་། དེ་བཞིན་དུ་ཁ་ལག་འཁྲུད་བཞིན་པ། ཟས་ཞིམ་ལ་རོལ་བཞིན་པ་སོགས་སྐབས་དེ་དང་དེར་རང་ཉིད་ཀྱིས་ཅི་ཞིག་བྱེད་ཀྱིན་པ་དེ་བརྗེད་ངས་སུ་གྱུར་འདུག་པ་ཙམ་གྱིས་མ་འགྲིག་པར་གདའ་འོ།།

མ་འགྲིག་པ་ཆུང་ཆུང་དེ་འདྲ་ཞིག་གིས་ངའི་མི་ཚེའི་བདེ་སྐྱིད་དང་བདེན་ལུགས་ཧ་ཅང་མང་པོ་བོར་བརླགས་སུ་སོང་ཞིང་གཏོར་བཤིག་བཏང་བ་རེད། མ་ཟད་དྲིན་ལན་གསབ་པར་འོས་པའི་དྲིན་ཆེན་རྣམས་ཀྱང་སེམས་ཀྱི་གཏིང་རུམ་ནས་བརྗེད་པར་གྱུར། མཛེས་པའི་ཡུལ་ལྗོངས། མཛའ་བའི་གྲོགས་པོ། དགའ་བའི་གཉེན་ཉེ། དེ་དང་དེ་དག་མང་ཆེ་བ་དྲན་པ་དང་ཤེས་བཞིན་གྱིས་མ་ཟིན་པར་གྱུར་འདུག་ཨང་།

  ད་ནས་བཟུང་ཅུང་ཟད་ཙམ་ཞིག་གཟབ་པས་ཆོག་སྟེ། གཞན་ལ་ལེ་འདེད་དང་འཁང་ར་བྱེད་བཞིན་པའི་སྐབས་སུ་གཞན་ལ་ལེ་འདེད་དང་འཁང་ར་བྱེད་ཀྱིན་པ་ཚོར་བར་བྱས་པས་ཆོག་ལ། གཞན་ལ་སྐྱོན་བརྗོད་དང་སྨད་ར་གཏོང་བཞིན་པའི་སྐབས་སུ་རང་ཉིད་ཀྱིས་དེ་ལྟར་བྱེད་བཞིན་པ་ཧ་གོ་བར་བྱས་པས་ཆོག །དེ་བཞིན་དུ་རང་ཉིད་ཀྱིས་གཞན་ལ་ལད་མོ་བྱེད་བཞིན་པའི་སྐབས་སུ་གཞན་ལ་ལད་ཟློས་བྱེད་བཞིན་ཡོད་པ་དྲན་ཤེས་ཀྱིས་གསལ་ཐག་ཆོད་པ་ཞིག་ཟིན་པར་བྱས་པས་ཆོག་ནས་འདུག

ཆོག་ནས་འདུག་སྟེ། འདི་གཅིག་པུས་ང་ཡི་ཚད་དང་མུ་མེད་པའི་ཞན་ཆ་དང་ཉེས་ལྟུང་གི་འཁྱོགས་པ་ཡོ་བསྲང་བྱེད་ནུས་པ་ཡིན་ལ། རང་ཉིད་ཀྱི་བསམ་བློ་ལ་རང་གིས་ཚོད་བཟུང་སྟེ་རྟ་རྒོད་པོ་སྲབ་ཀྱིས་བཏུལ་བ་ཇི་བཞིན་གང་འདོད་འདོད་དུ་བཀོལ་ཞིང་སྤྱོད་པར་ཐུབ་ངེས་ཡིན། དེ་བཞིན་དུ་རང་སེམས་རྩྭ་ལྡུམ་རླུང་གིས་སྐྱོད་པ་དང་འདྲ་བ་འདི་འམ། ཡང་ན་རྡེའུ་འདམ་ཆུའི་ནང་དུ་བྱིང་བ་ལྟ་བུ་འདི་ཉིད་འཆལ་ཞིང་གཡེང་བའི་བརྗེད་ངས་ཀྱི་སྨུག་སྤྲིན་ལས་ཡོངས་སུ་ཐར་བར་ངེས་པ་ཡིན་ནོ།།

ཨ་མའི་འོ་མ་ཕོར་གང་དེ།།
ཁྱོད་ཀྱི་ཚེ་ནོམ་ཉག་ཅིག་སྟེ།།
ལྷ་ཆོས་ཡིན་ལ་མི་ཆོས་ཡིན།།
ཁ་བཤད་ཡིན་ལ་ཉམས་ལེན་ཡིན།།
ཟེར་ནས་རང་གིས་རང་ཉིད་ལ།།
ལྷང་ལྷང་འབོད་ཅིང་དུང་དུང་དྲན།།

2020.2.8


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།