ལྗོངས་རྒྱུའི་སྙན་ངག་དབྱངས་ཀྱི་བཞུད་ལམ།

5367


              རྒྱལ་ཁབ་གསུམ་གྱི་མཐོང་ཐོས། ཚིགས་སུ་བཅད་པ་བརྒྱ་རྩ་བརྒྱད་པ།

              རྩོམ་པ་པོ།  མཁས་གྲུབ་རྒྱལ་མཚན།



       ཐེ་ལན་རྒྱལ་ཁབ།

              ༡
མཛེས་སྡུག་ཡིད་དུ་འོང་བ་ལྷ་མོའི་སྐུ།།
ཟླ་བའི་དཀྱིལ་འཁོར་སྟེང་ན་འཇོ་སྒེག་ཅན།།
འཇམ་དཔལ་གཞོན་ནུའི་ཡིད་ཀྱི་འཁྲི་ཤིང་དེ།།
ཚངས་ཆེན་སྲས་མོས་ངག་ལ་བྱིན་རླབས་མཛོད།།
 
སྤྱི་ལོ་ཉིས་སྟོང་བཅུ་དགུ་ཕག་གི་ལོའི།།
སྟོན་དགུན་མཚམས་སུ་ཁྱིམ་ཚེས་རྒྱལ་ཁབ་འགར།།
ལྟད་མོར་འགྲོ་བའི་གོ་སྐབས་བརྩོན་ལེན་བྱས།།
ཐོག་མའི་ཉེར་བསྡོགས་ཟི་ལིང་གྲོང་ནས་བརྩམས།།
 
རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ཆེན་པོ་ནས།།
གནམ་གྲུ་བརྗེས་ཏེ་ཆུ་ཚོད་བཞི་ལ་འཕུར།།
ནམ་སྨད་ཙམ་ལ་གསེར་ལྡན་རྒྱལ་ཁབ་ཀྱི།།
རྒྱལ་ས་མན་ཀོའུ་གནམ་གྲུའི་ཐང་དུ་སླེབས།།
 
མི་ནག་སོ་དཀར་ཕུང་པོ་རྒྱགས་པ་དང་།།
མི་སེར་མགོ་དམར་བོངས་ཚོད་ཆེ་བ་སོགས།།
མི་རིགས་རྣམ་པ་སྣ་ཚོགས་འདུས་པའི་ནང་།།
མི་ཆུང་ང་ཡང་མི་འགྲོ་ཀ་མེད་བྱུང་།།
 
ལོ་རྒྱུས་ཁྲོད་ཀྱི་སྔོན་བྱུང་རྒྱལ་རབས་དང་།།
ཞིབ་འཇུག་བྱས་པའི་བདེན་དོན་གསར་རྟོགས་སོགས།།
གང་ཡང་སྨྲ་རྒྱུ་མེད་པའི་འཁྱམས་པོ་ངས།།
མཐོང་ཐོས་ཐམས་ཅད་གོ་སླའི་ཚིག་གིས་བརྗོད།།
 
ལྷོ་ཕྱོགས་བཀང་ཏུང་ཡུལ་གྱི་རྒྱ་མི་རྣམས།།
མཐོ་སྒང་ཉི་མས་བསྲེགས་པ་ཇི་བཞིན་དུ།།
ཤ་རྩ་སྨུག་ཅིང་གདོང་བ་ལེབ་མོ་ཅན།།
འགུལ་བསྐྱོད་དལ་བའི་རིགས་ཤིག་མིག་ལ་སྣང་།།
 
དགའ་སྡུག་རྣམ་འགྱུར་གདོང་ནས་མངོན་པ་སླ།།
འོན་ཀྱང་རབ་བྱུང་པ་ལ་གུས་ཞབས་ཆེ།།
ཁ་ཤ་མཐུག་ཞད་ཆེ་རྣམས་རྒྱལ་ཁབ་འདིའི།།
གཉུག་མར་གནས་པའི་མི་རྣམས་ཡིན་པ་གོ།
 
                ༢
སྙན་ངག་སྨྲ་པ་དགེ་འདུན་ལྷུན་གྲུབ་ཀྱིས།།
སྙན་ཚིག་འབྲི་བར་མཛོད་ཅེས་སྐུལ་མ་གནང་།།
སྙན་མོའི་ངག་ལ་གོམས་འདྲིས་ཞན་ན་ཡང་།།
སྙན་རྩོམ་ཡིན་ནོ་ལོ་ཞིག་ཅིས་ཀྱང་འབྲི།།
 
ནམ་ཟླ་དགུན་གྱི་མགོ་ལ་སླེབས་ན་ཡང་།།
དྲོ་གྲང་གངས་རིའི་ལྗོངས་ཀྱི་དབྱར་དཀྱིལ་ཙམ།།
སྐྱིད་པའི་ཁོར་ཡུག་ཕུན་སུམ་ཚོགས་པ་ལ།།
བཟོ་ལས་འཛུགས་སྐྲུན་ཞན་པའི་ཚོད་དུ་འདུག།
 
རྒྱལ་ས་མན་ཀོའུ་གནམ་གྲུའི་ཐང་ཆེན་འདི།།
མི་ལོ་བཞི་བཅུའི་ཡུན་ལ་བསྐྲུན་པར་བཤད།།
གཏམ་འདིས་ཁ་བ་ཅན་གྱི་མི་རིགས་ལས།།
སྒྱིད་ལུགས་ཆེ་བ་གཞན་ཡང་ཡོད་པ་ཤེས།།
 
མི་དམངས་ཤོག་སྒོར་རིན་ཐང་འཕར་ནས་འདུག།
རླངས་འཁོར་སྐོར་མཁན་འདུག་ས་བརྗེས་ནས་གདའ།།
ཡུལ་སྲོལ་གོམས་གཤིས་ཆོས་དང་བསྲེས་ནས་ཡོད།།
མི་ཡི་སེམས་ལ་ལྷོད་ཅིག་འཁོར་ནས་ཡོང་།།
 
ཕོ་གཟུགས་མོ་ལ་བསྒྱུར་བའི་མ་ནིང་སྡེས།།
མི་ཚོགས་འདུས་པའི་ཁྲོད་ནས་སྒེག་ཉམས་སྟོན།།
འཕྱོར་མཛེས་ལྟ་ན་སྡུག་པའི་རྒྱབ་ལོགས་ན།།
སྡུག་གི་མིག་ཆུ་ལྷུང་བའི་གཏམ་རྒྱུད་ཡོད།།
 
མཛེས་པའི་གར་དང་སྙན་པའི་གླུ་དབྱངས་ཀྱིས།།
ཀུན་རྟོག་བསླུ་བའི་མ་ནིང་ཟློས་གར་ལ།།
བལྟ་བར་ཞེད་དེ་ཐོག་ཁང་མདུན་ཐང་ནས།།
ཡུལ་སྐོར་གྲོགས་ལ་བསྒུགས་ནས་གཅིག་པུར་བསྡད།།
 
སྙན་ངག་སྨྲ་བའི་སློབ་དཔོན་བཀའ་དྲིན་ཅན།།
མཚོ་བྱུང་འཛུམ་པའི་མེ་ཏོག་རིན་པོ་ཆེས།།
ཐུགས་སྐྱོའི་ཉམས་ཀྱིས་ཟིན་པའི་སྙན་ཚིག་ཅིག།
ཡུལ་ཕྱོགས་འདི་ནས་མཛད་པ་བསྐྱར་ཀློག་བྱས།།
        ༣
རྒྱལ་ཁབ་བཙུགས་ནས་མི་ལོ་བརྒྱད་བརྒྱ་འགོར།།
རྒྱལ་བོའི་ཕོ་བྲང་རྣམས་ལ་གསེར་འོད་འབར།།
རྒྱལ་རབས་བཅུ་ཡིས་ད་ལྟའི་བར་དུ་བསྐྱངས།།
རྒྱལ་བསྟན་དར་ཞིང་རྒྱས་པས་ཡིད་རེ་སྤྲོ།།
 
ངོ་མཚར་སྟོང་ལྡན་གཡང་ཌིའི་སྐུ་བརྙན་ཞིག།
མཆོད་རྟེན་གསེར་འོད་འབར་བའི་རྩེ་ན་བཞུགས།།
རྒྱལ་ཁབ་འདི་ཡི་གཅེས་ནོར་འགངས་ཆེན་དེ།།
ཡུལ་སྐོར་མགྲོན་པོ་དགྱེས་པའི་རྟེན་དུ་མངོན།།
 
ལྷོ་བརྒྱུད་ནང་པའི་བསྟན་པ་རིན་པོ་ཆེ།།
ཐུན་མོང་ཐེག་པའི་སྡེ་སྣོད་འབའ་ཞིག་ལས།།
ཐེག་ཆེན་ཆོས་ཀྱི་དྲི་ཙམ་མི་བྲོ་ཡང་།།
སྤྱོད་ལམ་གཙང་མས་གཞན་སེམས་འཕྲོག་པར་བྱེད།།
 
གངས་ཅན་བོད་ཀྱི་གྲྭ་པའི་ན་བཟའ་ལས།།
ཉིས་འགྱུར་ཙམ་གྱིས་སྟབས་ཀ་མི་བདེ་བའི།།
ངུར་སྨྲིག་འཆང་བའི་དགེ་སྦྱོང་མགོ་རེག་ཚོ།།
གང་ནས་མཇལ་ན་ཞི་དུལ་བག་ཡོད་ལྡན།།
 
དགོན་པའི་ཆོས་ཀྱི་སློབ་གསོ་མ་མྱང་ན།།
ཡ་རབས་སྐྱེ་བོའི་གྲབ་ཏུ་མི་བརྩི་བས།།
རྒྱལ་ཁབ་འདི་ཡི་མངའ་འབངས་ཕལ་མོ་ཆེ།།
བསླབ་ཁྲིམས་བླངས་ནས་ཕུལ་བ་འབའ་ཞིག་གོ།
 
རྣོ་ལ་རིང་བའི་རྩེ་མོ་དགུང་ལ་ཕྱོགས།།
གསེར་སྦྱང་བཙོ་མའི་འོད་མདངས་ལམ་ལམ་འབར།།
སྟོན་པའི་ཚེམས་ཀྱི་རིང་བསྲེལ་སྙིང་པོར་བཞུགས།།
མཆོད་སྡོང་ཆེན་པོ་འཇིག་རྟེན་རྒྱན་དུ་ལྷམ།།
 
སྔོན་བྱོན་ཆོས་རྒྱལ་གོང་མའི་ཕོ་བྲང་དུ།།
རྟེན་མཆོག་བྱིན་རླབས་ཆེ་རྣམས་བཞུགས་སུ་གསོལ།།
ཡུལ་སྐོར་ལྗོངས་རྒྱུའི་སྒོ་ཆེན་འབྱེད་པ་པོ།།
རྒྱལ་རབས་བཅུ་པ་སྤྱང་གྲུང་ལྡན་པར་གླེང་།།
         ༤
གསེར་ལྡན་རྒྱལ་པོའི་ཁབ་ཀྱི་ཉེ་འགྲམ་དུ།།
མཚོ་རྫིང་སྔོན་པོ་གནམ་གྱི་དུམ་བུ་ཞིག།
ས་ལ་ལྷུང་བའི་རླབས་ཀྱི་གདེངས་ཀ་ན།།
གྲུ་གཟིངས་ཆུང་ཆུང་གསེར་ཉ་བཞིན་དུ་འཕྱོ།།
 
གོར་སོབ་དུམ་བུ་ཆུ་ལ་འཕངས་པ་དེ།།
ལྟོ་དཀར་ཉ་མོ་མཆོང་ཐེངས་གཅིག་གིས་བཟུང་།།
སྤོ་ལོའི་རྩེད་མོར་བྱང་ཆ་ལྡན་པ་ཡི།།
ན་ཆུང་གཞོན་ནུའི་ལུས་ཀྱི་སྟངས་སྟབས་དྲན།།
 
རྒྱལ་བོའི་ཕོ་བྲང་དགོན་པའི་ལྷ་ཁང་འདྲ།།
ཕྱི་ཡི་རྣམ་པ་མཐོ་དམན་ཙམ་གྱི་ཁྱད།།
བཟོ་བཀོད་ཕུན་སུམ་ཚོགས་པའི་ཁང་བཟང་སོགས།།
མཛེས་པའི་ཁོར་ཡུག་མིག་གི་བདུད་རྩི་ཉིད།།
 
ལྡེམ་ལྡེམ་ཤུགས་ཀྱིས་བསྐྱོད་པའི་གྲུ་ཆུང་ནང་།།
མཚར་མཚར་ལྟད་མོར་གཡེང་བའི་མགྲོན་པོ་ཚོ།།
སྤྲོ་སྤྲོའི་ཞལ་ལ་འཛུམ་དཀར་འཁྱུད་བཞིན་དུ།།
མྱུར་མྱུར་ཕྱག་གིས་པར་ལེན་སྒྱུ་རྩལ་ངོམ།།
         ༥
སྦྲུལ་གཟུགས་སྣང་བའི་ཁང་ཆེན་ཞིག་ཏུ་སླེབས།།
མི་མང་ཧབ་ཆ་སྒྲོག་པའི་གྲལ་དུ་འཚེངས།།
འཇིགས་རུང་སྦྲུལ་རིགས་ཆེ་ཆུང་དུ་མ་ཞིག།
ཤིང་སྒམ་འགའ་རེའི་ནང་ནས་ཕྱི་ལ་བླངས།།
 
སྦྲུལ་ལྗང་དཔུང་བའི་སྦོམ་ཕྲ་འདྲ་བ་ཞིག།
སྐེ་ལ་དཀྲིས་པ་བརྙན་དུ་འགོད་པ་མཐོང་།།
སྦྲུལ་བདག་དེ་ཡིས་ལྐོག་ནས་མཛུབ་ཚེག་བྱས།།
སྙིང་ཆུང་བུ་མོས་ཨག་སྐད་འདོན་བཞིན་བྲོས།།
 
མི་མང་གད་མོ་བགད་ནས་བརྒྱལ་ལ་བྱེད།།
སྦྲུལ་གྱི་སྐེ་མཇུག་བཙིར་ནས་གསོད་ལ་ཁད།།
བླ་མ་དཀོན་གསུམ་གྱིས་ཐུགས་རྗེས་གཟིགས།།
སྦྲུལ་ལ་འཇིགས་སྐྲག་སྡུག་བསྔལ་མེད་པར་སྨོན།།
 
སྦྲུལ་ཤུན་སྦྲུལ་ཤ་སོགས་ཀྱིས་བཟོས་པ་ཡི།།
སྨན་གྱི་རིགས་རྣམས་ནུས་པ་ཆེ་འོ་ཞེས།།
ཨེམ་ཆི་རྒན་པོས་བསྟོད་ར་མང་ཙམ་བྱས།།
ཀུན་དགའ་དོན་འགྲུབ་འགུགས་པའི་ཐབས་མཆོག་གོ།
 
ད་དུང་མེ་མདའི་རྩེ་མོ་ལ་སོགས་པ།།
སྤྲོ་བ་སྤུ་ཙམ་མེད་པ་འགའ་རེ་མཆིས།།
མོས་པ་བྲལ་ཡང་ཀུན་གྱི་གྲལ་དུ་སོང་།།
ཡུལ་སྐོར་ཚོགས་པའི་སྲོལ་ལ་བརྩི་བཀུར་བྱས།།
 
རིན་ཆེན་ཕ་ལམ་འཚོང་བའི་ཁང་ཆེན་དུ།།
ཀུན་གྱི་རྗེས་སུ་འབྲངས་ཏེ་དལ་བར་ཕྱིན།།
ཚོང་ཟོང་ཐང་མར་བརྡལ་བའི་གྲུ་ཟུར་ནས།།
ལྗོངས་རྒྱུའི་མྱོང་ཚོར་གསར་བ་ཡི་གེར་ཕབ།།
         ༦

ཞི་བདེ་རྒྱ་མཚོ་ནམ་མཁའ་ལས་ཀྱང་སྔོ།།
ནམ་མཁའི་མཐའ་ནི་རྒྱ་མཚོའི་ཀློང་དུ་ཐིམ།།
མཁའ་དབྱིངས་མཚོ་མོར་འདྲེས་པའི་བར་མཚམས་ན།།
གྲུ་ཆུང་མང་པོས་ལྡིང་སྐོར་བྱེད་པ་སྣང།།
 
སྐར་མདའ་ལྟ་བུར་ཤར་གྱིས་བསྐྱོད་པ་ཡི།།
གྲུ་ཆུང་ཟླ་བའི་ཚེས་རི་འདྲ་བ་དེ།།
རྟ་ཕོའི་བང་རྩལ་ཇི་བཞིན་འཕར་གཡོ་ཆེ།།
ཇ་ཡུན་ཙམ་གྱིས་གླིང་ཕྲན་ཞིག་ལ་སླེབས།།
 
བྱུ་རུའི་འཁྲི་ཤིང་བཞད་པའི་མཛེས་སྡུག་དང་།།
གསེར་མི་ཉ་མོ་རྩེན་པའི་ཟློས་གར་སོགས།།
ངོ་མཚར་ལྟད་མོ་རྒྱ་མཚོའི་གཏིང་ན་མཆིས།།
ན་བཟའ་བརྗེ་བར་ཞེད་ནས་བཏང་སྙོམས་བྱས།།
 
དབུགས་ལྡན་མཆོང་གདུགས་འཕུར་བའི་སྣེ་མོ་ལ།།
མི་རེ་བཏགས་ནས་གནམ་ན་འཁོར་བསྐྱོད་བྱེད།།
མཚོ་ཡི་སྟེང་ན་འཕྲུལ་རྟའི་བང་རྩལ་འགྲན།།
ཡ་མཚན་རྩེད་མོ་རྣམ་པ་སྣ་ཚོགས་མཐོང་།།
 
འགྱིག་ཟོམ་འཕྲེང་བར་བསྒྲིགས་པའི་ཟམ་པ་ཞིག།
ཆུ་ཁར་གཡེང་བའི་སྟེང་ནས་མཚོ་ཐོག་འགྲིམས།།
དལ་བུར་སྐྱོམ་པས་སེམས་ལ་བྲེད་ཤ་སློང་།།
རྩེད་མོའི་རིགས་བྱེད་བགྲང་ལས་འདས་པ་ཡོད།།
 
མཚོ་ཐོག་གྲུ་གཟིངས་ཐོག་ཁང་ལྟ་བུའི་ནང་།།
ཟས་རིགས་སྣ་རྒུའི་གསོལ་སྟོན་བཤམས་པ་ལ།།
ལོངས་སུ་སྤྱོད་པའི་ཉེར་བསྡོགས་བརྩམས་ན་ཡང་།།
ཆགས་པའི་ཟློས་གར་བསྒྱུར་ལ་བྱོལ་ནས་སོང་།།
          ༧
ཐང་ཆེན་ཕ་མཐའ་བྲལ་བའི་ལྟེ་བ་རུ།།
མན་ཀོའུ་གྲོང་ཁྱེར་མཛེས་པ་ལམ་མེར་ཆགས།།
རྡོ་ཡི་རི་ཆུང་སྙིང་གི་དབྱིབས་གཟུགས་ཅན།།
ལྷང་ངེར་གནས་པ་མི་ཡིས་བསྐྲུན་པའི་རྩེར།།
 
ཉན་ཐོས་སྡེ་བའི་དགོན་པ་མིང་གྲགས་ཅན།།
དད་ལྡན་མང་པོ་འདུ་བའི་གནས་སུ་ཕྱིན།།
རྫོགས་སངས་རྒྱས་པའི་རིང་བསྲེལ་བཞུགས་པའི་གནས།།
རྩེ་མོ་རྣོ་བའི་ལྷ་ཁང་གཟི་བྱིན་འབར།།
 
ཟངས་ཀྱི་འཁར་རྔ་ཆེན་པོ་ལན་གསུམ་བརྡུངས།།
འཕྲེང་བར་བསྒྲིགས་པའི་དྲིལ་བུ་དཀྲོལ་བཞིན་སོང་།།
སྐས་ཐེམ་གཙང་མ་བརྒྱུད་ནས་གཡས་སྐོར་བྱས།།
རྡོ་ལས་གྲུབ་པའི་དུར་ཁྲོད་ཆུང་ངུ་མཐོང་།།
 
གསེར་མདངས་རབ་ཏུ་མཛེས་པའི་སྐུ་བརྙན་དང་།།
མཆོད་རྟེན་གསར་རྙིང་ཚོམ་བུར་སྤུངས་ན་ཡང་།།
རྒྱལ་བའི་གསུང་རབ་མཇལ་རྒྱུ་ཤིན་ཏུ་དཀོན།།
ལུང་གི་བསྟན་པ་གནས་སམ་འཕྱང་མོ་ཉུག།།
 
ལྷ་སྐུའི་མདུན་དུ་ན་ཆུང་སྐོར་ཞིག་གིས།།
གསོལ་བ་འདེབས་ཀྱིན་ཚེན་ཤིང་དཀྲུག་པ་ཡང་།།
མ་འོངས་ཁྱོ་ཤུག་དོན་དུ་ཡིན་པ་འདྲ།།
རེ་འབྲས་དོན་སྨིན་ཡོང་བའི་བཀྲ་ཤིས་ཤོག།
        ༨
སྤྱོད་ལམ་གཙང་མ་འདུལ་བའི་གཞུང་ལྟར་བྱེད།།
ཉམས་ལེན་གཙོ་བོ་ཞི་གནས་སྒོམ་ལ་བརྩོན།།
བཟའ་བཅའ་བཏུང་བ་བསོད་སྙོམས་ཐབས་ལ་བརྟེན།།
ཉན་ཐོས་དགེ་སྦྱོང་རྣམས་ལ་ཕྱག་འཚལ་ལོ།།
 
བྲག་རི་མཐོན་པོའི་ངོས་སུ་སྟོན་པའི་སྐུ།།
གསེར་གྱིས་བྲིས་པའི་དཔངས་ཚད་བློ་ལས་འདས།།
མིག་རྒྱང་གང་གི་མཚམས་ནས་འཁྱུག་ཙམ་མཇལ།།
གསང་གསུམ་བྱིན་རླབས་རྒྱུད་ལ་འཕོ་བར་ཤོག།
 
སངས་རྒྱས་ཞལ་བཞི་ཞེས་བྱའི་ལྷ་ཆེན་དེ།།
ཚངས་པ་གདོང་བཞི་ཡིན་ཀྱང་སྲིད་པ་འདྲ།།
གསོལ་བ་བཏབ་ན་འདོད་དོན་འགྲུབ་པའི་ཚུལ།།
འདི་སྐད་སྨྲ་འོ་རྣ་བ་གཏོད་ལ་ཉོན།།
 
མདུན་ནས་གསོལ་བ་བཏབ་ན་བདེ་འཇགས་འོང་།།
གཡས་སུ་བཏབ་ན་བྱ་གཞག་འགྲུབ་ཅེས་ཟེར།།
རྒྱབ་ཏུ་གསོལ་བ་བཏབ་ན་གཉེན་དོན་འགྲུབ།།
གཡོན་ནས་བཏབ་ན་དཔལ་འབྱོར་རྒྱས་པར་སྨྲ།།
 
རྒྱ་ནག་ཡུལ་གྱི་འཁྲབ་སྟོན་གྲགས་པ་ཅན།།
རྒད་པོ་ཁྲིན་ལུང་ཐོན་ནས་གསོལ་བ་བཏབ།།
རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་ཚུལ་སོགས།།
མང་དུ་སྨྲས་པ་བདེན་པར་གྱུར་ཅིག་གུ།།
 
རབ་མཛེས་མེ་ཏོག་སེར་པོའི་འཕྲེང་བ་དང་།།
དྲི་ཞིམ་སྤོས་ཀྱི་མཆོད་པ་འབུལ་བ་སོགས།།
སྔོན་དུ་བཏང་སྟེ་ཆོས་ཀྱི་རྒྱལ་ཁབ་འདིར།།
ཐེག་ཆེན་བསྟན་པ་དར་བའི་སྨོན་ལམ་བཏབ།།
 
     ༩  ཁུག་རྟའི་ཚང་།
 
སྙན་ཚིག་ངག་གི་ལྷ་མོ་ཞལ་བཟང་མ།།
ཐག་རིང་མགྲོན་པོའི་ལམ་གྲོགས་བཟང་པོ་སྟེ།།
འདི་ཉིད་མེད་པར་རྒྱལ་ཁམས་འགྲིམས་པ་ནི།།
ལག་འཕྲིན་ཐོགས་པའི་པར་ལེན་ཕལ་བ་ཙམ།།
 
ཁུག་རྟའི་ཚང་ཞེས་འབོད་པའི་གསོས་སྨན་གྱི།།
ཕན་ནུས་ཆེས་ཆེར་བརྗོད་པ་ཚོང་གི་ཆེད།།
ངོ་མཚར་ལོ་རྒྱུས་ལྷ་ཡི་སྒྲུང་རིང་གི།།
གནད་ཀྱི་སྙིང་པོ་བསྡུས་ན་འདི་ལྟ་སྟེ།།
 
སྔོན་ཞིག་མ་ཧཱ་ཙི་ནའི་དམག་དཔུང་ཞིག།
གནས་འདིར་སླེབས་ཚེ་ལམ་རྒྱགས་ཟད་པར་གྱུར།།
ལྟོགས་ཤི་ཐེབས་པའི་ཉེན་ཁར་ཕྲད་པ་ན།།
ཁ་ཟས་འཚོལ་ཕྱིར་དམག་རྣམས་གང་སར་མངགས།།
 
ཁུག་རྟའི་གནས་མལ་བཅས་པའི་ཚང་སྒོ་རུ།།
བྲག་ལ་ཟགས་པའི་ཁ་ཆུ་ཟོས་རྐྱེན་གྱིས།།
ཁམས་གསོའི་སྨན་མཆོག་ཐོག་མར་བཟོ་བ་པོ།།
དམག་དཔོན་རྣམ་དཔྱོད་ཅན་ཞིག་ཡིན་པར་གླེང་།།
 
དེ་ལྟའི་སྒྲུང་གཏམ་རིང་བོ་འཆད་བཞིན་དུ།།
མིས་བཟོས་རྡོ་ཡི་ལུང་བ་ཞིག་ཏུ་ཁྲིད།།
གཏམ་གྱི་ནང་དོན་འབུར་གཟུགས་རི་མོར་བཀོད།།
མཛུབ་མོ་བཙུགས་ཏེ་འགྲེལ་བཤད་མང་དུ་བྱས།།
 
སྨན་གྱི་ལོ་རྒྱུས་རྡོ་ཡིས་བཞེངས་པ་ཡང་།།
ཚོང་མགྲོན་འགུགས་པའི་ཐབས་ལམ་བཟང་ཤོས་ཏེ།།
རྒྱུ་འབྱོར་ཕུན་སུམ་ཚོགས་པའི་རྒན་རྒོན་ཚོ།།
ཡིད་ཆེས་གཏིང་ནས་སྐྱེས་ཏེ་ཉོ་བར་བྲེལ།།
 
སྨྱུག་མའི་འཁྲི་ཤིང་བསྟར་ལ་བརྒྱུས་པའི་སྟེང་།།
རྩྭ་གདན་སྲམ་ལྤགས་འདྲ་བས་ལེགས་པར་བཀབ།།
གནའ་བོའི་ཁང་ཁྱིམ་ཡིད་ལ་མཛའ་བ་གང་།།
སྔོན་བྱུང་འདས་དོན་དྲན་ཕྱིར་ཆེད་དུ་བསྐྲུན།།
          ༡༠

སྔོ་ཞིང་དྭངས་ལ་ཕ་མཐའ་བྲལ་བ་འདི།།
ནམ་མཁའ་མ་ལགས་ཞི་བདེ་རྒྱ་མཚོ་སྟེ།།
མཚར་སྡུག་རྣམ་པར་བཀྲ་བའི་ཁང་བཟང་ཆེ།།
བརྒྱ་བྱིན་ཕོ་བྲང་མ་ཡིན་ཕྱུག་པོའི་ཁྱིམ།།
 
འབྱོར་ལྡན་བསོད་ནམས་རྒྱས་པའི་ཕྱུག་ཆེན་གྱིས།།
བྱམས་ལྡན་ཨ་མ་དགྱེས་པའི་སྐྱེས་སུ་བསྐྲུན།།
ཨ་མས་ཐེ་ལན་རྒྱལ་ཁབ་གཞུང་ལ་གནང་།།
ཕན་སེམས་ཅན་གྱི་ཨ་མ་རླབས་ཆེ་འོ།།
 
ཤིན་ཏུ་རྒྱས་སྤྲོས་ལྡན་པའི་གཞིས་བྲང་ནང་།།
རིན་ཆེན་སྐུ་བརྙན་གསེར་དངུལ་མཆོད་རྟེན་མང་།།
ཚར་དུ་དངར་བས་རྒྱལ་པོའི་ཕོ་བྲང་ཡང་།།
འཕྱི་བའི་ཚང་དུ་སྒྲུབ་པའི་ཁྱད་ཆོས་རྫོགས།།
 
གནས་འདིའི་མཛེས་སྡུག་ཕུན་སུམ་ཚོགས་ལ།།
བརྒྱ་བྱིན་མིག་སྟོང་ལྡན་པ་ཡིད་ཆགས་ནས།།
ཡུལ་སྐོར་དཀྱུས་མའི་བརྟུལ་ཞུགས་ཉེར་བཟུང་སྟེ།།
ལྗོངས་རྒྱུར་ཕེབས་པ་ཡོད་སྙམ་འཕྱང་མོ་ཉུག།
 
གླང་ཆེན་ཞོན་ཏེ་ལྗོན་པའི་སྐྱེད་ཚལ་འགྲིམས།།
ཤིང་རྟར་བསྡད་ནས་གཙང་འགྲམ་དལ་གྱིས་བསྐོར།།
སིལ་ཏོག་གསར་བའི་རིགས་ཀྱི་བྲོ་བ་མྱང་།།
ཆུ་རྩེད་ཟློས་གར་ཞིག་ཀྱང་མིག་གིས་མཐོང་།།
 
     ༡༡ གླང་ཆེན་ཞོན་པ།
 
གླང་པོ་ཆེ་ནི་སྲོག་ཆགས་ཀུན་ལས་བརྗིད།།
ཤི་ཡང་གསེར་སྲང་སྟོང་གི་རིན་ཐང་ལྡན།།
ཤིང་ཁང་ཉིས་ཐོག་ཅིག་གི་བོངས་ཚད་ཡོད།།
ཉམ་ཆུང་མི་ཡིས་ཞོན་ཀྱང་དལ་གྱིས་འགྲོ།།
 
མགོ་ཡི་ཞྭ་མོ་ས་ལ་ལྷུང་བ་ཡང་།།
སྣ་ཞགས་རིང་པོ་བརྐྱངས་ནས་ལེན་པར་བྱས།།
འགྲམ་པ་གཉིས་ཀ་རྣ་བ་ལེབ་མོས་བཀབ།།
རྔ་མ་ལྕག་ཚན་འདྲ་བོ་གཡུག་གཡུག་བྱེད
 
ཀ་བ་ལྟར་དུ་སྦོམ་ཞིང་རིང་བ་ཡི།།
རྐང་ལག་བརྡབ་ན་ས་ཡང་འདར་ཡོམ་ཡོམ།།
ཁ་སྣ་གཉིས་ཀས་ཆུ་གཙང་བཏུང་ནུས་པས།།
གཉིས་འཐུང་ཞེས་སུ་མངོན་བརྗོད་གཞུང་ན་གྲགས།།
 
གླང་གི་ལོ་ལ་འཇིག་རྟེན་འདི་རུ་སྐྱེས།།
ལོ་སྙིང་གླང་ཆེན་ཡིན་ཞེས་རྫུན་གཏམ་བསྒྲིགས།།
ནུ་བོ་སྲིང་ཆུང་རྣམས་ལ་མགོ་སྐོར་བཏང་།།
བྱིས་པའི་དུས་ཀྱི་གཏམ་རྒྱུད་དེ་རིང་དྲན།།
 
སྟོན་མཆོག་ཤཱཀྱ་སེང་གེ་ཕེབས་པའི་ཚུལ།།
གླང་ཆེན་འགྲོས་ལ་དཔེ་རུ་བླངས་ནས་གསུངས།།
དམ་ཆོས་འདུལ་བའི་བཀའ་དང་བསྟན་བཅོས་ནང་།།
གླང་པོ་ཆེ་དང་འབྲེལ་བའི་གཏམ་རྒྱུད་མང་།།
 
བ་སོའི་ཆེད་དུ་གླང་ཆེན་གསོད་པ་ཡི།།
ལས་ངན་དེ་ཡི་མིང་ཡང་མི་འབྱུང་ཤོག།
སྙན་ཚིག་ཐུང་ངུ་འདི་ཡང་གླང་ལོ་པས།།
གླང་ཆེན་དངོས་སུ་ཞོན་པའི་དྲན་ཐོར་བྲིས།།
 
 
༡༢ སིང་ག་ཕོ་རྒྱལ་ཁབ།
 
ཁོར་ཡུག་གཙང་བའི་མཛེས་པ་ཡི།།
སྙན་གྲགས་འཛམ་བུའི་གླིང་ན་མཐོ།།
གནམ་ཐང་གསར་བའི་བཟོ་བཀོད་ཀྱང་།།
ས་སྒང་ཟླུམ་པོའི་ཏོག་ཏུ་བརྩི།།
 
གཙང་འགྲམ་གླིང་གའི་མཚར་སྡུག་ལ།།
སྲེད་པའི་ཀུན་རྟོག་གཡོ་པ་པོ།།
ཕྱོགས་ཀྱི་མགྲོན་པོ་འཛུམ་དཀར་ཅན།།
མེ་ཏོག་ཚལ་གྱི་བུང་བར་འགྲན།།
 
ཅང་ཤེས་རྟ་ཕོའི་རྔོག་མ་དང་།།
གཡུ་འབྲུག་སྔོན་མོའི་ཟེ་བ་ལ།།
འགྲན་ཡ་སློང་བའི་ཡལ་འདབ་ཅན།།
ལྗོན་ཤིང་སྣ་ཚོགས་གཡུར་དུ་ཟ།།
 
གྲོང་དཀྱིལ་རི་བོའི་དབུ་རྩེ་ནས།།
ཕྱོགས་ཀྱི་ཐ་གྲུ་ཀུན་ལ་བལྟས།།
རྒྱལ་ཁབ་གསུམ་དང་རྒྱ་མཚོ་གཉིས།།
ཕྱོགས་ཙམ་མཐོང་ཞེས་སྨྲས་ཀྱང་ཆོག།
 
རྣམ་འདྲེན་ཙིནྟ་མ་ཎིའི་ཞབས།།
ཌཱ་ཀི་མུ་མེད་མཚོ་མོ་མཆོག།
མཁན་ཆེན་ཤཱི་ལ་མ་ཏི་སོགས།།
ཡུལ་འདིའི་མགོན་དུ་ཕེབས་པས་སྤྲོ།།
 
འཛམ་གླིང་དངུལ་གྱི་གཏེར་མཛོད་ཆེ།།
བ་གམ་མཐོ་བའི་ཁང་བཟང་མང་།།
མཁའ་ལ་བསྙེགས་པའི་རྩེ་མོ་ཡིས།།
གནམ་གྱི་ལྟོ་བ་རལ་སྙམ་བྱེད།།
 
རིན་བྲལ་རྡོ་རྗེ་ཕ་ལམ་ཡང་།།
གཅལ་དུ་བཀྲམ་པའི་ཁྲོམ་ར་དང་།།
རྒྱན་འགྱེད་ཁང་བཟང་ཆེན་མོ་སོགས།།
དཔལ་ཡོན་ལྡན་པའི་ཁྱད་ཆོས་མང་།།
 
ཁ་ལུད་ས་རུ་འཕེན་མཁན་གྱི།།
འཕོངས་ལ་ལྕགས་ཀྱི་དབྱུག་པས་གཞུ།།
ཐ་མག་ལོངས་སུ་སྤྱོད་པ་དེར།།
དངུལ་གྱི་ཆད་པ་ལྕི་བར་གླེང་།།
 
ས་འོག་ཀླུ་ཡི་ལོངས་སྤྱོད་རྣམས།།
ས་སྟེང་འདི་རུ་སྤུངས་པ་འདྲ།།
ས་བླའི་ཡུལ་གྱི་མཚར་སྡུག་འབུམ།།
ས་ལ་འཕོས་པ་ཇི་བཞིན་ནོ།།
 
འཛམ་གླིང་ཤར་གྱི་ཡུལ་གྲུ་ན།།
འབྱོར་ཕྱུག་ཀླུ་ཡི་དཔེར་འགོད་པའི།།
དཔལ་དང་ལྡན་པའི་རྒྱལ་ཁབ་འདི།།
བདེ་ཞིང་སྐྱིད་པའི་སྨོན་ལམ་འདེབས།།
 
ཆོས་རྗེ་ཉི་མ་གཞོན་ནུ་ཡི།།
འཕྲིན་ལས་སྣང་བའི་མུ་འཁྱུད་ཀྱིས།།
ཡོངས་སུ་ཁྱབ་པའི་དགའ་སྟོན་མཆོག།
ནམ་ཡང་ཉམས་པ་མེད་པར་སྨོན།།

 
     ༡༣ མ་ལེ་ཞིས་ཡ།
 
རྒྱལ་ཁབ་བཙུགས་ནས་ལོ་འཁོར་རེ་ལྔ་འགོར།།
ཁོར་ཡུག་སྐྱིད་ཅིང་ས་རྒྱ་ཤིན་ཏུ་ཆེ།།
དཀར་ནག་རྒྱ་ཡི་མི་རིགས་ཧ་ཅང་མང་།།
ཧེ་ཧེའི་རྒྱལ་ཁབ་འདི་ལ་ཁ་སང་ཐོན།།
 
ཁ་ཆེ་གཅིག་གིས་ཆུང་མ་བཞི་རེ་བསུ།།
བུ་ཕྲུག་གང་འདོད་སྐྱེ་བའི་རང་དབང་ཡོད།།
རིགས་རྒྱུད་ཅི་ཙམ་འཕེལ་ཡང་དཀའ་ལས་མེད།།
ས་ཡི་རྒྱ་ཁྱོན་ཤིན་ཏུ་ཆེ་བས་སོ།།
 
རེས་འགའ་ཚ་བའི་དྲོད་ཀྱིས་བཞུ་ལ་བྱེད།།
རེས་འགའ་ཆར་བའི་རྒྱུན་གྱིས་སྦང་ལ་བྱེད།།
གནམ་གཤིས་འགྱུར་ལྡོག་སྐྱེན་པའི་མཐུན་དཔེ་རུ།།
ངུ་རྒོད་སླ་བའི་བྱིས་པ་ཆུང་ཆུང་འགོད།།
 
ཁ་བ་ཅན་གྱི་སོས་ཀའི་གནམ་ངོ་དང་།།
མ་ལེ་ཞིས་ཡའི་དུས་བཞིའི་གནམ་གཤིས་གཉིས།།
འདུས་བྱས་མི་རྟག་པ་ཡི་དཔེ་ཟླར་འོས།།
ནམ་ཡང་ཆར་གདུགས་ཟུང་ཞེས་དྲན་སྐུལ་བྱེད།།
 
མེ་ཚལ་ལྗང་གུའི་དབྱིབས་དང་མཚུངས་པ་ཡི།།
ལྗོན་པའི་ཚོགས་ཀྱིས་མགོ་བོ་དགྱེས་ནས་བལྟ།།
གཡུ་ཡི་སྦར་མོ་ཅན་གྱི་ལྗོན་ཤིང་གིས།།
ལོ་འདབ་ཐུར་དུ་དུད་ནས་གུས་པ་བྱེད།།
 
ལྗོན་ཤིང་ལ་ལ་ལྷ་ཡི་གར་མ་འདྲ།།
འཕྲེང་བར་བསྒྲིགས་ནས་ཞབས་བྲོ་འཁྲབས་སམ་ཅི།།
ཡང་ན་ཁ་བ་ཅན་གྱི་སྐུ་མགྲོན་ལ།།
ཁམས་བདེའི་འཚམ་འདྲི་ཞུ་བར་ཕྱིན་པའོ།།
 
ལྗོན་ཤིང་ལ་ལ་བསིལ་གདུགས་བརྩེགས་པ་འདྲ།།
ལ་ལ་སྤང་གི་ཤ་མོའི་དབྱིབས་དང་མཚུངས།།
ཁ་ཅིག་ལོ་མའི་སྤྱིལ་བུ་ཆུང་ཆུང་བཞིན།།
ཉམས་དགའི་ནགས་ཚལ་ལྟ་ན་སྡུག་པ་མང་།།
 
རང་བྱུང་ཁོར་ཡུག་སྐྱེ་དངོས་ཕུན་སུམ་ཚོགས།།
མེ་ཏོག་ཚོགས་རྣམས་དགའ་སྟེ་འཛུམ་མདངས་སྟོན།།
ནམ་མཁའི་ལྷ་མོས་སྦྲང་ཆར་ཡང་ཡང་འབེབས།།
ཐག་རིང་མགྲོན་པོའི་སེམས་པ་སྐྱིད་ལ་འཁོར།།
          ༡༤
ཁང་བཟང་ཟླུམ་པོ་གསེར་གྱི་རྒྱ་ཕིབས་ཅན།།
རྒྱལ་བོའི་ཕོ་བྲང་འདི་ཡང་མིག་ལ་ཤོམ།།
དགུང་གྲངས་གོ་བཞིར་སོན་པའི་སྲིད་འཛིན་ལ།།
ད་དུང་གཞོན་ཉམས་ལྡན་ཞེས་བསྟོད་པ་འཐེན།།
 
 
རྒྱ་གར་བུ་མོ་དུང་གི་ཞལ་རས་ཅན།།
ཨུཏྤལ་ལྟ་བུའི་མིག་ལ་གྲུང་ཉམས་དོད།།
དཔྲལ་བ་ལི་ཁྲིའི་ཐིག་ལེས་རྣམ་པར་མཛེས།།
སྙན་ངག་མེ་ལོང་མ་ཡི་བརྗོད་བྱ་མཐོང་།།
 
གཞན་ཡང་ཕོ་གཞོན་ལུས་སྟོབས་ལྡན་པ་ལ།།
སྨུག་ནག་རྫིག་ཉམས་ཅན་ཞིག་གྲོགས་སུ་མཆིས།།
མི་ཚོགས་མང་པོའི་ཁྲོད་ན་ལྷང་སེ་འདུག།
ན་བཟའ་ངུར་སྨྲིག་ཅན་ལ་དགའ་གུས་བྱེད།།
 
འཛམ་གླིང་ཤར་ནུབ་མི་རིགས་ཐམས་ཅད་ཀྱི།།
ལྗོངས་རྒྱུའི་སྐུ་མགྲོན་གྲོག་ཚང་རྡོལ་བ་འདྲ།།
ཚ་དྲོད་རབ་ཏུ་འབར་བའི་ཉེར་ལེན་གྱིས།།
བག་ཡངས་འཆམ་བསྐྱོད་བྱེད་པ་བཏང་སྙོམས་བྱས།།
 
རི་བོ་སྤྲིན་དཀར་ཏོག་གི་དབུ་རྩེ་རུ།།
འབྲེང་འཁོར་དལ་མོས་གནམ་ལ་ཁྱེར་ནས་སོང་།།
ཆུ་འཛིན་ས་ལ་ལྷུང་བའི་ལྗོན་གསེབ་ཏུ།།
སྙིང་དུ་སྡུག་པའི་མཆོད་རྟེན་ཞིག་ཀྱང་སྣང་།།
 
ཚན་རིག་ལག་རྩལ་དཔལ་ལས་འཁྲུངས་པ་ཡི།།
ཐོག་ཁང་གློག་འོད་སྒྱུ་འཕྲུལ་འབར་བར་སླེབས།།
དུས་རབས་གསར་བའི་རྩེད་འཇོའི་ལྡིང་ཁང་དང་།།
འཛམ་གླིང་ཐོན་རྫས་གྲགས་ཅན་སྣ་མང་འདུས།།
 
འཇར་པན་དམག་གིས་དབྱིན་ཇི་རྩ་མེད་བཟོས།།
རྒྱ་ནག་དཔུང་གིས་འཇར་པན་ཕམ་པར་བརྒྱབ།།
མ་ལེའི་རིགས་ལ་རང་བཙན་ཐོབ་ཡུལ་སོགས།།
ལོ་རྒྱུས་ཅན་གྱི་གནས་སུ་བལྟ་སྐོར་བྱས།།
 
རྒྱལ་ཁབ་སྲིད་འཛིན་ཆེན་མོ་སྡོད་གནས་དང་།།
རྒྱལ་ཡོངས་ཁ་ཆེའི་ལྷ་ཁང་ཆེན་མོ་སོགས།།
རྒྱལ་སའི་གྲོང་ཁྱེར་ཡོངས་ཀྱི་སྙིང་པོ་རྣམས།།
རྒྱལ་ཁའི་ངང་ནས་ལྟ་སྐོར་ལེགས་འགྲུབ་བྱུང་།།

       ༡༥
 
རྒྱལ་པོའི་བཀའ་ལ་འབངས་ཀྱིས་བརྩི་བ་བཞིན།།
བྱ་རྫིའི་ངག་ལ་བྱ་ཡིས་ཉན་པ་མཚར།།
དེ་རིང་བྱ་དང་ལྷན་དུ་རྩེད་མོ་རྩེད།།
བྱ་བ་ལམ་དུ་འགྲོ་བའི་རྟེན་འབྲེལ་ཡོད།།
 
ལྕགས་ཀྱི་དབྱུག་པ་ལག་ཏུ་ཐོགས་པ་ན།།
ལྷ་བྱ་སྔོན་མོ་འཕུར་ཏེ་རྩེ་རུ་བབས།།
གུང་མཛུབ་མཆུ་ཏོ་གྱོང་བོའི་བར་ལ་བསྡམས།།
ལྕགས་ཀྱི་སྐམ་པས་ལྷོད་ཀྱིས་གཅིར་བ་འདྲ།།
 
དུང་བྱ་དཀར་པོ་ཕྲག་པ་གཡོན་ལ་བབས།།
སྐེ་ཡི་འཕྲེང་བ་མཆུ་ཡིས་བཟུང་སྟེ་འཐེན།།
དངུལ་བྱ་སྐྱ་བོ་ལག་ངར་སྟེང་ལ་བབས།།
པྲ་ཚག་མི་བྱེད་སོས་དལ་ལྷོད་ཀྱིས་འདུག།
 
གཡུ་བྱ་ལྗང་གུ་སྤྱི་བོའི་གཙུག་ཏུ་བབས།།
དན་འཕྲུ་བཙུགས་པ་ལྟར་དུ་གཡོ་འགུལ་བྲལ།།
ད་དུང་བྱ་གཅིག་འབབ་སྟངས་མ་འགྲིགས་པས།།
བྱ་རྫི་རྒད་པོ་ཁྲོས་ནས་གཤེ་གཤེ་གཏོང་།།
 
བྱ་བ་མ་འགྲུབ་སྙམ་པའི་གནོང་འགྱོད་ངང་།།
བྱ་ཕྲུག་ཆུང་ཆུང་སྐྲག་ཅིང་འདར་བ་མཐོང་།།
བྱ་རིགས་འདི་ཚོར་སྦྱོང་བརྡར་སྤྲད་པའི་ཚེ།།
བྱ་ངན་གཅར་རྡུང་མང་དུ་བྱས་པ་འདྲ།།
 
བདེ་ཆེན་ཞིང་གི་རྒྱན་དུ་བཞུགས་པ་ཡི།།
བདེ་གཤེགས་དམ་པ་ཙིནྟ་མ་ཎི་མཁྱེན།།
བདེ་བ་ཕྲན་ཙམ་མེད་པའི་བྱ་རྣམས་ལ།།
བདེ་ལྡན་ཞིང་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས།།
 
ཆུང་ངུའི་དུས་སུ་བྱ་དང་བྱེའུའི་རིགས།།
ཆེད་དུ་བསད་པ་ཡིད་ལ་མི་འཆར་ཡང་།།
བྱ་ལ་པྲ་ཚག་བྱས་པ་དྲན་བཞིན་དུ།།
ལྕགས་ཀྱི་བྱ་རྒྱལ་རྒོད་པོའི་ནང་ནས་བྲིས།།

        ༡༦
མཛེས་ལྗོངས་སྐྱིད་སར་ཐོན་ན་འདྲ་པར་ལེན།།
རླངས་འཁོར་ནང་ནས་གཉིད་དུ་ཡུར་ནས་འགྲོ།།
ས་ལ་བབ་དུས་ཆབ་ཁང་འཚོལ་ཏེ་རྒྱུག།
ཡུལ་སྐོར་མགྲོན་པོ་སྤྱི་ཡི་མཚན་ཉིད་དོ།།
 
རྒྱལ་ཁབ་འདི་དག་ཚ་བའི་ཁུལ་ན་མཆིས།།
གྲང་བའི་རེག་བྱ་བཙལ་ཀྱང་རྙེད་དུ་མེད།།
ཞྭ་ལྷམ་གྱོན་པ་འགྲོ་འདུག་སྤྱོད་ལམ་སོགས།།
ཡོད་ཚད་སྣེ་ཤན་པ་ཡི་ངག་བཞིན་གྱིས།།
 
ཤ་མེད་དཀར་ཟས་ལོངས་སུ་སྤྱོད་མཁན་ལ།།
གང་འདོད་ཁ་ཟས་འཚོལ་བར་སྟབས་བདེ་མེད།།
མར་ཆུར་གཉིས་དང་ལྷན་དུ་སྦྱར་བ་ཡི།།
ཟས་མཆོག་སྦྲང་དཀར་རྩམ་པ་ཆས་སུ་ཟུང་།།
 
རྒྱལ་ཁམས་བསྐོར་ན་ལྟད་མོ་མང་དུ་མཐོང་།།
ལྟད་མོ་རེ་རེ་ཡུལ་དངོས་སློབ་ཁྲིད་ཡིན།།
རང་དང་འཚམ་པའི་བློ་སྐྱེད་གང་མང་ཡོད།།
བག་མེད་སྐྱིད་ཉལ་མཁན་རྣམས་ཡར་ལ་ལོངས།།
 
ལྟ་རྒྱ་ཆེ་ན་སེམས་རྒྱ་ཡངས་པར་འགྱུར།།
འགུལ་བསྐྱོད་མང་བས་ལུས་ཕུང་བདེ་བར་བྱེད།།
སྙན་ངག་གསར་བའི་འབབ་ཁ་རྙེད་འགྱུར་བས།།
རྒྱལ་ཁམས་འགྲིམས་པ་སྐྱོ་བསང་ཁོ་ན་མིན།།
 
ཙིནྟ་མ་ཎིས་རྒྱལ་ཁམས་ཆོས་ཀྱིས་བསྐོར།།
སཾ་གྷ་ངྷརྨས་རྒྱལ་ཁམས་རིག་པས་བསྐོར།།
ཤཱི་ལ་མ་ཏིས་ལེགས་བཤད་གཏམ་གྱིས་བསྐོར།།
རྒྱལ་ཁམས་བསྐོར་བའི་ལོ་རྒྱུས་ད་དུང་མང་།།
 
དེ་སྐད་གོ་ལ་ཟླུམ་པོའི་ཤར་ཕྱོགས་ཀྱི།།
རྒྱལ་ཁབ་གསུམ་གྱི་མཐོང་ཐོས་ཇི་སྙེང་ཀུན།།
མིང་ཚིག་སྲད་པུར་བརྒྱུས་པའི་མགུལ་རྒྱན་འདི།།
ཀློག་པ་པོ་རྣམས་དགའ་བའི་སྐྱེས་སུ་འབུལ།།
 
ད་དུང་སིང་ག་ལ་ཡི་རྒྱལ་ཁབ་དང་།།
ནུབ་ཕྱོགས་ཡོ་རོབ་གླིང་གི་ཡུལ་གྲུ་འགར།།
ལྟད་མོར་འགྲོ་བའི་འདུན་པ་ཇི་སྙེད་མཆིས།།
བསམ་དོན་འགྲུབ་དུས་སྙན་ཚིག་འདོད་རྒུར་སྤེལ།།
 
20191116 ཉིན། མ་ལེ་ཞིས་ཡའི་རྒྱལ་ས་རུ་
    མཇུག་རྫོགས་པར་བྲིས་སོ།།


0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།