ཕངས་སེམས་ཀྱིས་དྲངས་པའི་ཚིག་འགའ།

28769


                                 རྩོམ་པ་པོ། སྒོ་ཤེར།


      ཉིན་ཤས་སྔོན། དགེ་བཤེས་འཇམ་དཔལ་བློ་ཤེས་ལགས་དགོངས་པ་རྫོགས་པའི་གཏམ་ངན་དེ། རྣ་བའི་ནང་དུ་ཚ་རེག་གེར་ཟུག་སོང་། ཡིད་ཀྱི་གཏིང་ལ་ལྗིད་ཏིག་གེར་ལྷུང་སོང་།

         ཁོང་ཉིད་སྙུན་གཞིས་ཟིན་ཚུལ་ཐོས་ནས་རིང་ཙམ་འགོར་ཡང་། གློ་བུར་སྐུ་ཚེ་མ་ཟིན་པའི་འཕྲིན་གྱིས་ཡིད་ལ་སྨྲ་མི་ཤེས་པའི་ཕངས་སེམས་ཤིག་སྐྱེས། ཁོ་བོར་མཚོན་ན། བགྲོ་གླེང་དང་ཚོགས་འདུ་རེ་ཟུང་གི་སྟེང་ནས་དགེ་བཤེས་ཁོང་དང་ཕན་ཚུན་ངོ་ཙམ་ཤེས་པ་ལས། འདྲིས་འགྲོགས་དང་རྒྱུས་མངའ་ཟབ་པ་དེ་འདྲ་མིན་ལ། བོད་ཀྱི་ཆོས་རིག་རྒྱུན་འཛིན་གྱི་ཐབས་ལམ་དང་ལངས་ཕྱོགས་ཐད་ལྟ་ཚུལ་ཅུང་ཟད་མི་འདྲ་བའི་གནས་སྟངས་ཀྱང་ཡོད་པས། ཕན་ཚུན་ཐག་ཉེ་བའི་འབྲེལ་བ་གང་ཡང་བྱུང་མ་མྱོང་།

       ཡིན་ན་ཡང་། མི་སོ་སོར་ལྟ་ཚུལ་སྣ་ཚོགས་ཡོད་པ་ནི་ཆེས་རྒྱུན་ལྡན་ཞིག་ཡིན་གྱི། འཕགས་ཡུལ་དུ་ནང་པའི་གཙུག་ལག་གཞུང་ལུགས་ལ་ཐོས་བསམ་རྒྱ་ཆེན་གནང་རྗེས། ཕྱིར་གངས་རིའི་ལྗོངས་སུ་ཕེབས་ཏེ་བུ་སློབ་ཤིན་ཏུ་མང་པོ་བསྐྱངས་དང་སྐྱོང་བཞིན་པའི་དགེ་བའི་བཤེས་གཉེན་ཞིག་སྐུ་ན་དར་སྒང་ལ་གློ་བུར་འདས་པའི་གཏམ་གྱིས། ཡིད་ལ་ན་ཟུག་དང་ཕངས་སེམས་མི་སྐྱེ་བའི་བློ་ལྡན་ཞིག་ཡོད་མི་སྲིད་ན། ཁོ་བོ་ཡང་དེ་ག་རང་ལས་མ་འདས་སོ། ། ལར་ནས་རི་ཁ་བ་ཅན་པའི་སྲིད་འབྱོར་རིག་གསུམ་གྱི་དཀྱིལ་འཁོར་ལ་ཉིན་རེ་བཞིན་གས་ཆག་འབྱུང་བཞིན་པའི་ཆར། ཕྱག་ལས་ཀྱི་སྡེ་ཚན་མི་འདྲ་བ་སོ་སོའི་ཁོངས་ཀྱི་སྐྱེས་བུ་འཇོན་ནུས་ཅན་རྣམས་རེ་རེ་བཞིན་གཟིམས་འགྲོ་བ་མཐོང་དུས། ཅི་ཡིན་མ་ངེས་པའི་མྱ་ངན་གྱི་སྤྲིན་རིས་ནག་ལྷོག་གེ་ཞིག་སྙིང་ཁའི་ནམ་མཁར་འཐིབ་ཡོང་གི་འདུག་ཀྱང་། ཅི་བྱ་སྟེ། ཅི་ཡང་བྱར་མེད་དོ། །

      གང་ལྟར་དགེ་བཤེས་ལགས་ཕེབས་ཚར་སོང་། གཞུང་ཆེན་ཟབ་མོར་ཐོས་བསམ་མཛད་པའི་གྲུབ་འབྲས་ཀྱིས་སྐུ་ཚེ་བརྒྱན་ནས་ཕེབས་སོང་། སློབ་མ་བརྒྱ་སྟོང་དཔེ་ཁྲིད་ཀྱིས་བསྐྱངས་པའི་བཀའ་དྲིན་མི་ཡུལ་དུ་བཞག་ནས་ཕེབས་སོང་། ཡིག་ཐོག་དང་གཙོ་བོ་ངག་ཐོག་གི་བརྩམས་ཆོས་གཏོས་ཆེན་པོ་ཞིག་ཕྱི་རབས་པའི་བགོ་སྐལ་དུ་བཞག་ནས་ཕེབས་སོང་།

     ཡང་རྣམ་པ་གཅིག་ཏུ་ན། ཁོང་ཉིད་དེ་ལྟར་ཕེབས་པ་ནི་དོན་ལ་ནམ་ཡང་ཕེབས་མེད་པའི་རྟགས་ཀྱང་ཡིན་ཏེ། ཁོང་གི་སྐུ་ཚེ་འདིའི་རིགས་མཐུན་གྱི་ཕུང་པོ་རེ་ཞིག་ཐོར་ཞིག་ཕྱིན་ཡང་། སྐྱེས་སྦྱངས་ཡོན་ཏན་གྱི་ཆུ་རྒྱུན་གཏན་དུ་ཆད་མེད་པས་སོ།། དེ་ཡང་རྫ་སེར་ཤུལ་དགོན་གཙོ་བོར་གྱུར་པའི་ཆོས་སྡེ་ཁག་ཅིག་ཏུ། ཁོང་གིས་ལོ་ངོ་མང་པོར་དཀའ་བ་སྤྱད་དེ་བསྐྱངས་པའི་བུ་སློབ་རིགས་སྨྲའི་ཁྱུ་ཚོགས་མེ་ཏོག་བཞད་པ་ལྟ་བུ་རྣམས་ནི། ཁོང་གི་ཟབ་ཡངས་ཡོན་ཏན་གྱི་ཆུ་བོའི་རྒྱུན་དངོས་ཡིན་ལ། ཁོང་གིས་བོད་ཁ་བ་ཅན་ལ་ཕུལ་པའི་ལེགས་སྐྱེས་ཡག་ཤོས་ཀྱང་ཡིན་པ་རེད། དེ་ལྟ་ན། ལེགས་སྐྱེས་དེའི་རྒྱུན་གཅིག་ནས་གཅིག་དུ་བརྒྱུད་དེ་འཁོར་ལོ་རིན་པོ་ཆེ་དང་མཚུངས་པར་ཇི་སྲིད་གནས་པ་དེ་སྲིད་དུ། ཁོང་ཉིད་རྟག་ཏུ་གསོན་པོར་བཞུགས་པ་དང་ཁྱད་མེད་པས། ཁོང་གི་བུ་སློབ་ཀུན་གྱིས་དེ་གནས་ཐབས་སུ་བརྩོན་པ་ལྷོད་མེད་གནང་རྒྱུ་ནི། རང་གི་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་འཇལ་སྟངས་ཡག་ཤོས་ཀྱང་ཡིན་ངེས་སུ་སྙམ་སོང་།

     ཁོ་བོ་དང་ཁོ་བོ་ལྟ་བུའི་བསམ་ངོར། དགེ་བཤེས་ལགས་ཀྱི་སྐུ་ཚེའི་རིན་ཐང་ཆེ་ཤོས་ནི། གཞུང་ཆེན་སློབ་གཉེར་མཐར་ཕྱིན་གནང་རྗེས། བུ་སློབ་མང་པོ་དཔེ་ཁྲིད་ཀྱིས་བསྐྱངས་ཏེ་བོད་རང་གི་མཚན་ཉིད་བཤད་གྲྭ་འཕེལ་རྒྱས་སུ་བཏང་བ་དེ་ག་རང་ཡིན་གྱི། རྒྱ་ནང་དུ་དགེ་ལུགས་པ་སྤེལ་དགོས་རབས་དང་དེའི་ཆེད་དུ་ཅི་ཡང་བྱེད་རིགས་ཚུལ་སྨྲ་མཁན་གྱི་རྒྱ་བླ་ཤེས་མདོག་ཅན་རེའི་ཁ་ལ་ཅུང་ཟད་གསན་རྒྱུ་ཤོར་པའི་སྦྱོར་བ་ཡན་ལག་དང་བཅས་པ་དག་གཏན་ནས་མིན་པས། ཁོང་གི་རིན་ཐང་གར་ཡོད་ཀྱི་གནད་མི་འཆོར་རྒྱུ་ཡང་གལ་འགངས་ཆེན་པོ་ཞིག་མིན་ནམ་སྙམ་མོ། །

       མདོར་ན། ཁོང་ཉིད་ཚེ་རབས་ཕྲེང་བ་ཀུན་ཏུ་བླ་མ་སྤྱན་རས་གཟིགས་ཀྱི་ཐུགས་སྲས་སུ་འཁྲུངས་ཏེ། བསྟན་དང་འགྲོ་བར་སྨན་པའི་མཛད་བཟང་རྒྱ་ཆེན་བསྐྱང་ཐུབ་པའི་སྨོན་འདུན་སྙིང་ནས་ཞུའོ། །


                ཕྱི་ལོ2019ལོའི་ཟླ10ཚེས22ལ།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།