ཐེའུ་རང་གི་གསར་བྲིས་སྙན་ངག་དྲུག

31045



            ལན་གྲུའི་མགྱོགས་བྲིས།


 མཚན་མོའི་རྦ་རླབས་ཁྲོད། 
ཁེར་རྐྱང་དང་རྒྱང་རིང་ཁུར་པའི་གཡོར་གྲུ།
ལང་ཚོའི་བ་དན་རྩེ་ཡི་ང་རྒྱལ་དང་རྨི་ལམ་གྱི་ཆང་མ།
ད་ལྟ་གང་ན་ཡོད།

གདུང་སེམས་ཀྱིས་གསོས་པའི་སྣང་བའི་རི་དྭགས།
ལས་ཀྱི་སྐྱོགས་ཆུང་ནང་ནས་ཟགས་པའི་བརྩེ་དུང་གི་བདུད་རྩི།
ད་ལྟ་གང་ན་ཡོད།

བྱ་རྒོད་ལྟ་བུའི།
ཝུ་བ་སོབ་སོབ་ལྟ་བུའི།
ཡང་ན་སྨྱོན་པའི་ཉིན་ཐོ་ལྟ་བུའི།
རྐང་པའི་སྒྲུང་དང་སྨྲ་ལྕེའི་གར།
ད་ལྟ་གང་ན་ཡོད།

དགུན་ཁ་ཞིག་ལ།
ཁ་བ་བཞིན་ཞུ་བའི་ལག་ནང་གི་འབྲི་དེབ་དཀར་པོ།
འབྲི་དེབ་ངོས་ན་ཡུལ་གྱར་དུ་ལུས་པའི་ཡིག་འབྲུ་འཁྱག་པོ།
ད་ལྟ་གང་ན་ཡོད།

                2019.9.4ཉིན་ལན་གྲུ་ནས།


      ཁ་ན་མ་ཐོ་བའི་མདོ་བཞུགས་སོ།།


 
དབང་པོ་མ་ཚང་བར་གྱུར་པའམ།
ཀླ་ཀློར་གྱུར་པའམ།
ལྟ་བ་ལོག་པར་འཛིན་པར་གྱུར་པའམ།
                      
ཟས་སུ་མི་གཙང་བ་ཟ་བ་དང་།
ཟས་སུ་བསྐྱུགས་པ་ཟ་བ་དང་།
ཟས་སུ་གཅིན་འཐུང་བ་དང་།

མགོ་མེད།
མིག་མེད།
རྣ་མེད།
རྣམ་པར་ཤེས་པའང་མེད་དོ།།


       གནའ་སྔོན་མའི་སྒྲུང་ཞིག



 
ཆུ་ཕྲན་ཤག་ཤག
འདབ་ཆགས་ཀྱུར་ཀྱུར།
བྲང་ཁོག་གི་མཉེས་གཤིན་འཕྲོག་པའི།
ཟུར་མིག་གི་རི་དྭགས།

ལས་ནི་ཆུ་རྒོད་བཞིན་གདུས་ཤིང་།
སླར་ཡང་ཆུ་རྒོད་བཞིན་འཐག་སྟེ།
ཚེ་རབས་གཅིག་གི་མེ་ཏོག་བརླན་ནའང་།
རུས་པ་སྲོ་བྱེད་ཀྱི་མེ་ལྕེ་འཁྱག་མེད།

འཛུམ་གྱི་སྤྲི་རྩིར་ཆགས་པའི།
ཁ་གཤིས་པདྨ་འདབ་བརྒྱད།
མྱོས་བྱེད་བདུད་རྩི་ལྟ་བུའི་ངག་གྲོལ་ཚེ།
སེམས་ཅན་གྱི་སྣང་བ་འདྲེན་ཅིང་སངས།

ཨ། རྙེད་ཅིང་བོར་བའི་གདུ་བུ།
སྐྱེ་བ་འདིའི་ཆེས་མཛེས་པའི་བག་ཆགས།
རྒ་བའི་ལུས་པོ་ཞིག་ཚེ།
གསང་བའི་རྣམ་ཤེས་ཕྲ་མོ།
གར་འགྲོ་མི་ཤེས་ནའང་།

བརྩེ་དུང་གིས་གསོས་པའི་ལས་འཕྲོ་ཁོ་ན།
ཚེ་ཡི་བྱང་ལམ་དུ་འཁྱེར།
སྲོག་གི་རྟིང་མ་རུ་འཇོག

            2019.9.11ཉིན།



                      རྟ་ཕོ།




གཡང་གི་རྩྭ་ཆུ་དང་བྲལ་བའི་རྟ་ཕོ།
རྣོ་ལྕགས་ཀྱི་ཁ་ར་དང་ཕྲད།
རྟ་ཕོ་ནི་སེམས་དཔའ་ཆེན་པོ་ཡིན་པས།
གདུག་ཅན་གྱི་སྒ་སྟན་རྒྱབ་ནས་གཡུག་སྟེ།
རང་གི་ཆུང་འདྲིས་ཀྱི་རྟ་ཁྱུ་དང་འཕྲད་ཐུབ་པར་སྨོན།


ཁ་རྔོག་ཤིག་ཤིག་གི་རྟ་ཕོ།
ཕ་ཡུལ་དང་རྩྭ་ཐང་གིས་བོར།
རྟ་ཕོ་ནི་སངས་རྒྱས་ཀྱི་ལྷ་རྟ་ཡིན་པས།
བཀྲ་ཤིས་པའི་མགོ་རྣ་ཨ་སྔོན་གནམ་ལ་བཏེགས་ཏེ།
རང་གི་རྨིག་འོག་གི་རྩྭ་ཐང་ལ་ལོག་ཐུབ་པར་སྨོན།



                      རྩུབ་མོ།



དུས་ཚོད་ཆུ་བོ་བཞིན་འཁེངས་པས།
བདག་གི་སྨྲ་ར་ཆུ་བོ་བཞིན་བྲུག
ཁང་པའི་ཕྱི་ནང་དུ།
བསེར་བུ་ཁོ་ན་འགྲོ་འོང་བྱེད།

དུས་ཚོད་ཉི་མ་བཞིན་ནུབ་པས།
བདག་གི་སྨྲ་ར་མུན་པ་བཞིན་འཐིབས།
མིག་ཟུང་ནི་ཡུལ་ལྗོངས་དང་བྲལ་ཏེ།
གྱང་དང་འདྲ་བའི་རང་ཉིད་གཅིག་པུར་བལྟས།

ཡུལ་དེར་དུས་ཚོད་ཀྱི་མདོག་ཡལ།
བདག་གིས་རང་གི་སྨྲ་ར་ལས་ཅི་ཡང་མི་མཐོང་།
སྨྲ་ར་ནི་དུས་ཚོད་ཀྱིས་གནང་བའི་རྩིད་པ་སྟེ།
རྩུབ་མོ་རྩུབ་མོ་སྐྱེས་ཡོད།

བདག་གི་གདོང་བ་ནི།
རྩུབ་མོ་རྩུབ་མོ་དེའོ།།



             མཛོད་དགེ།



སྐྱེས་བུ་དག་ནི་མི་མཐོང་ངོ་།།
ཤེས་རབ་དང་དབུ་འཕང་ཡང་མི་མཐོང་ངོ་།།
མེས་པོ་དག་ཀྱང་མི་མཐོང་ངོ་།།
བུ་རབས་ཚ་རྒྱུད་རྣམས་ཀྱང་མི་མཐོང་ངོ་།།

མཐོ་སྒང་གི་བྲང་ཁ་ནས་མ་ལྷུང་གོང་།
འོད་ལམ་ལམ་གྱི་མུ་ཏིག་ཅིག་ཡིན་སྐད།
ས་ལ་ལྷུང་རྗེས་ཀྱི་མིག་ཆུ།
མཚོ་ཁྱ་ཁྲབ་བཞིན་བསྐམས་ཏེ།
“མེ་ཏོག་མཚོ”*ལྟ་བུའི་ར་ལག་མང་དུ་འཕེལ།

ཨ་མྱེ་བླ་སྒོ་ཁོ་ན་འགྱིང་འདུག་གིས།
ཤིན་ཏུ་ཁྲོས་པའི་བྲག་དམར་གྱི་རྩེ་མོ་གནམ་ལ་ཟུག་ནའང་།
གཟའ་རུ་སྒོ་མོའི་ཐང་ནི།
ཆོ་མེད་པའི་ནག་མོ་ཞིག་ལྟར་ཐང་ཉལ་བྱས་ཡོད།

མཛོད་པ་དགེ་འདུན་ཞེས་བྱའི།
སྐྱེས་རབས་ཀྱི་ཞལ་ཐང་བོར་རྗེས།
ཁྱོད་ནི་རྭ་ཁ་ཐུར་ལ་བསྒུར་བའི།
ཤན་པའི་ལག་གི་མཛོ་བོ་ཞིག་གོ།


*མེ་ཏོག་མཚོ། མཛོད་དགེ་གཟའ་རུ་སྒོ་མོའི་ཐང་ན་ལྟེམས་མེར་འཁྱིལ་བའི་མཚོ་དེའི་མིང་ལ། ཕ་མེས་ཚོས་མཚོ་ཁྱ་ཁྲབ་ཅེས་བོས་པ་ཡིན་ལགས་ཀྱང་། ཉེ་བའི་ལོ་འགའི་སྔོན་དུ། ཡུལ་སྐོར་མགྲོན་འོང་བ་དག་གིས་མཚོ་ཁྱ་ཁྲབ་ལ་花湖ཞེས་རྒྱའི་སྐད་ཀྱི་མིང་བཏགས་པ་ལ། རང་ས་རང་ཡུལ་གྱི་མ་མྱི་ཤ་སྣག་འདྲ་བ་ཚོའང་འུར་ཞོགས་ཆེན་པོ་ལངས་ཏེ། ཕ་ཚེ་མའི་རིང་གི་མཚོ་ཁྱ་ཁྲབ་ལ་ “མེ་ཏོག་མཚོ”ཞེས། མ་ནིང་ལྟ་བུའི་མིང་ཞིག་བཏགས་སྐད།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།