ས་བོན་གལ་ཆེན། དགེ་སྒྲུབ་རྩ་ཆེན།

364


                 རྩོམ་པ་པོ། སྒོ་ཤེས་རབ།


ཉིན་གཉིས་ཀྱི་སྔོན་དུ་ཕ་ཡུལ་རྔ་པ་རུ། “ནང་པའི་ལྟ་གྲུབ་དང་ཚན་རིག་རྒྱུན་ཤེས་སྐོར་གྱི་བགྲོ་གླེང་ཐེངས་གསུམ་པ”འཚོགས་འདུག །


དོན་སྙིང་ཟབ་པའི་བགྲོ་གླེང་འདི་ནི། མི་ཚང་སྒེར་པ་ཞིག་གི་ཐེབས་རྩའི་ངོས་ནས་བསྡུས་པ་ཡིན་ལ། འདས་པོ་ཞིག་གི་དགེ་རྩར་བཙུགས་པའི་ཐེབས་རྩ་འདིས་ལོ་ལྟར་སློབ་ཆེན་ཁག་དང་རིག་གནས་ལས་ཁུངས་སོ་སོ་ནས་དགེ་རྒན་མཁས་པ་རེ་ཟུང་གདན་ཞུས་ཀྱིས། རང་ཡུལ་གྱི་སེར་སྐྱ་དོན་གཉེར་ཅན་ཚོར་ཐ་སྙད་རིག་གནས་ཀྱི་གསབ་སྦྱོང་ཐེངས་འགར་བསྡུས་པར་མ་ཟད། དུས་དང་དུས་སུ་འཆད་ཁྲིད་སྣ་ཚོགས་ལ་ཉན་པའི་གོ་སྐབས་ཀྱང་སྐྲུན་གྱི་ཡོད་པས། ཤིན་ཏུ་ཡི་རངས་པའི་གནས་སོ། །


དེས་མི་ཚད། གཞེས་ནིང་ནས་བཟུང”ནང་པའི་ལྟ་གྲུབ་དང་ཚན་རིག་རྒྱུན་ཤེས་སྐོར་གྱི་བགྲོ་གླེང”ཞེས་པའི་བགྲོ་གླེང་ཞིག་ལོ་རེར་ཐེངས་རེར་འཚོག་མགོ་བརྩམས། ལྷག་པར་གལ་ཆེ་བ་ཞིག་ལ། ད་ལོའི་ལོ་མགོ་ནས་བཟུང་། ནང་པའི་ལྟ་གྲུབ་དང་འབྲེལ་བའི་བརྗོད་བྱ་གང་རུང་ལ་དེང་གི་དཔྱད་ཐབས་ཀྱི་འགྲོས་དང་མཐུན་པའི་དཔྱད་རྩོམ་འབྲི་མཁན་སེར་སྐྱ་མི་དྲུག་ལོ་གསུམ་གྱི་རིང་གཏན་ཁེལ་བྱས་པ་དང་། གྲྭ་པ་དཔེ་ཆ་པ་འགའ་ཞིག་ལ་རེ་བ་ཕུལ་ཏེ་ཚན་རིག་སློབ་སྦྱོང་གི་འཛིན་གྲྭ་ཆུང་ངུ་ཞིག་ཀྱང་ཆེད་དུ་བཙུགས་ནས། བགྲོ་གླེང་དེའི་ངོ་བོ་ཇེ་ལེགས་སུ་འགྲོ་ཐབས་སུ་འབད་བརྩོན་གནང་ཡོད་འདུག །



དེར་བརྟེན། ད་ལོའི་བགྲོ་གླེང་དངོས་གཞིའི་སྐབས། སེར་བྱེས་ལྷ་རམས་པ་རྒན་ཡ་མ་བསོད་ནམས་དང་། དགའ་ཤར་ལྷ་རམས་པ་རྒན་ཀླུ་སྒྲུབ་བཟོད་པ། ཀིརྟིའི་ལྷ་རམས་པ་རྒན་བློ་བཟང་བཀྲ་ཤིས། རྫ་དབོན་པོའི་ཁྲི་པ་རྒན་དགྲ་ལྷ་བཅས་ཀྱིས་གཙོས། བན་བོན་གྲུབ་མཐའ་རིས་མེད་ཀྱི་དཔེ་ཆ་པ་ལྔ་བཅུ་ཙམ་གདན་ཞུས་མཛད་པའི་དབུས་སུ། དཔྱད་རྩོམ་འབྲི་མཁན་ཚོས་རང་རང་གི་དཔྱད་རྩོམ་སྒྲོག་སྦྱངས་ཞུས་རྗེས། གདན་ཞུས་བརྒལ་བརྟག་པ་རྣམས་ཀྱིས་དེ་ཚོར་བརྒལ་བརྟག་ལྷུག་པོ་གནང་བ་དང་། ཚན་རིག་སློབ་མཁན་གྱི་འཛིན་གྲྭ་དེས་ཀྱང་། ཁོང་ཚོས་གང་བསླབས་མྱོང་བའི་རྒྱུན་ཤེས་སྐོར་ལ་དམ་བཅའ་བཙུགས་ཤིང་། རྟགས་གསལ་གྱི་རིགས་ལམ་ཐོག་ནས་འབེལ་གཏམ་གནང་ཡོད་འདུག་པས། ལོ་སྔ་མ་དག་དང་བསྡུར་ན། ད་ལོའི་བགྲོ་གླེང་ཇེ་ཡག་ཏུ་ཕྱིན་འདུག་པའི་སྐད་ཆ་རྣ་བར་སོན་ནོ། །


ལར་ནས་བཤད་ན། འདི་ནི་ས་བོན་ཙམ་ཞིག་དང་། ཐོག་མའི་དབུ་ཁྱུད་ཙམ་ཞིག་ལས་མིན་པས། གྲུབ་འབྲས་གང་འདྲ་ཡོད་སོགས་ནི་ད་རུང་གླེང་རྒྱུ་སྔ་དྲགས་ཡོད་པ་རེད། གལ་གནད་ཉག་གཅིག་པོ་ནི། མ་འོངས་པའི་ཆར་དཔྱད་རྩོམ་འབྲི་མཁན་ཚོའི་རྩོམ་ཡིག་དང་། ཚན་རིག་སྦྱོང་མཁན་ཚོའི་སློབ་སྦྱོང་གི་སྤུས་ཀ་ལོ་རེ་བཞིན་ཇེ་ལེགས་སུ་འགྲོ་ཐབས་ལ་སྒོ་ཀུན་ནས་བརྩོན་རྒྱུ་ནི་གནད་ཀྱི་རྩ་བ་ཡིན་གྱི། གཞན་དུ་ན་ཕྱི་ཚུལ་ཙམ་དང་མཚོན་བྱེད་ཙམ་དུ་ལུས་སྲིད་པས་དགོས་པའང་དེ་ཙམ་དུ་ཟད་སྲིད།


གང་ལྟར་ཁྱེད་ཅག་གིས་འདེབས་བཞིན་པའི་ས་བོན་འདི་ནི་དོན་སྙིང་ཆེ་བའི་ས་བོན་ཞིག་ཏུ་ངེས་པས། ས་བོན་འདི་རིགས་འདེབས་པ་ལ་ཉེ་བར་བརྩོན་པ་ཙམ་ཡང་ཤིན་ཏུ་བསྔགས་འོས་པར་མཐོང་ན། ཤི་བོའི་དགེ་རྩ་སྒྲུབ་སྟངས་ཁྱད་པར་ཅན་འདི་དང་འདི་འདྲའི་རིགས་ལ་མིག་ལྟོས་བྱེད་མཁན་གྱི་འབྱོར་ལྡན་གཞན་མང་པོ་ཡང་རིམ་གྱིས་འབྱུང་སྲིད་ལ། དེ་ལྟར་བྱུང་ན་ཅི་མ་རུང་སྙམ་དུའང་སེམས་སོ།།


མདོར་ན། མིའི་རྒྱུད་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེ་ཞིང་སྨིན་པའི་གྲོགས་སུ། རང་གི་ནུས་པས་གང་ལྕོགས་ཀྱི་ཕྱག་ལས་སྒྲུབ་མཁན”འཇམ་དབྱངས་བསྔོ་རྟེན་ཐེབས་རྩ”འམ། དེའི་ལས་སྒྲུབ་པ་གཙོ་བོ་གྲོགས་མཆོག་རྔ་པ་སྐལ་བཟང་ནང་མི་ཀུན་ལ་རྗེས་སུ་ཡི་རངས་ཞུ་བ་དང་ལྷན། དགེ་བའི་ལས་འདིའི་རྒྱུན་མུ་མཐུད་དུ་ལེགས་པར་བསྐྱངས་ཏེ། བསྟན་འགྲོར་ཕན་པའི་འབྲས་བཟང་གཡུར་དུ་ཟ་བ་ཞིག་ལོན་ཐུབ་པའི་རེ་སྨོན་ཡང་ཞུའོ། །


         སྐད་ཆ་ཐར་ཐོར་འདི་ནི། ཕྱག་ལས་ཡག་པོ་དེར་རྒྱབ་སྐྱོར་གྱི་བསམ་འདུན་མཚོན་བྱེད་ཙམ་དུ། སྒོ་ཤེས་རབ་ཀྱིས་རྫ་དབོན་པོ་དགོན་ནས་ཕྱི་ལོ2019ལོའི་ཟླ9ཚེས25ཉིན་ཕུལ།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།