དགེ་རྒན་དུས་ཆེན་དང་འབྲེལ་བ་ཡོད་མེད་ཀྱི་གཏམ།

3417


                           རྩོམ་པ་པོ།  ཐེའུ་རང་།  

དེ་རིང་དགེ་རྒན་དུས་ཆེན་ལ་ཁ་གཡང་འདྲ་བོ་ཞུས་ན། དགའ་མི་དགའ་ལབ་མཁན་སྣ་ཚོགས་ཡོང་གི་འདུག སྤྱིར་ན། དུས་ཆེན་ཡོད་ཚད་པོ་རོལ་རྐྱང་བྱ་རྒྱུ་ཞིག་ཡིན་དང་མིན། རང་རང་ས་ནས་བློ་ནང་ལ་བསྐོར་ཏེ་གཟབ་དགོས་པའི་དོན་གནད་ཅིག་སྟེ། དུས་ཆེན་ལ་ལ་ཞིག་ནི་མི་རིགས་ཤིག་གི་རིག་གནས་དང་། སྲོལ་རྒྱུན་གྱི་བག་ཆགས་གཙང་མ། མི་རིགས་གཞན་གྱི་སྲོལ་རྒྱུན་གང་ཞིག་གིས་ཁྱི་རོ་རུལ་བ་ལྟར་དམེ་བའི་རྒྱུའང་མིན་འགྲོ་སྙམ།


འོན་ཀྱང་། དགེ་རྒན་དུས་ཆེན་ལྟ་བུ་ནི་ཡིན་གཅིག་མིན་གཉིས་ས་མཚམས་གཅོད་དགོས་པ་ཞིག་དང་། མ་བཅད་ན་ཉེས་ཆེ་ཞིག་ཀྱང་མིན་པ་འདྲའོ།། དགེ་རྒན་ལ་གུས་པ་དང་སློབ་གསོར་བརྩི་མཐོང་བྱེད་པ་ནི། ལུང་པ་གཅིག་གི་དོན་དག་མ་ཡིན་ལ་མི་རིགས་གཅིག་གི་སྲོལ་རྒྱུན་ཙམ་ཡང་མིན་པས་ན། དགེ་རྒན་དུས་ཆེན་ལྟ་བུའི་ཤ་མདོག་དང་ཡུལ་ལུང་ལ་འབྲེལ་བ་ཆེན་པོ་མེད་ཅིང་། འགྲོ་བ་ཐུན་མོང་གིས་བརྩི་འོས་པའམ། རོལ་འོས་པའི་དུས་ཆེན་ཞིག་ཡིན་ན། མི་རིགས་རང་ལ་རང་གི་འགྲོ་ལུགས་ཀྱི་དུས་ཆེན་དེ་ཉིད་ཡོད་ཚེ། དེ་ཉིད་སྲུང་བརྩི་བྱས་ན་རབ་དང་མཆོག་ལོས་ཡིན། མེད་ན་ནི་རྒྱལ་སྤྱིའི་ལུགས་སུ་རོལ་བའམ། ཡང་ན། གཡས་གཡོན་གྱི་རྒྱལ་ཁབ་དང་མི་རིགས་གཞན་གྱི་འགྲོ་ལུགས་ལྟར་རོལ་ནའང་ལེགས་སོ་སྙམ་ལ། དེ་ཉིད་ཉེས་པའི་ཆར་བཏགས་ཏེ། རབ་ཏུ་དམོད་པའི་ཡུལ་དུ་བརྫང་དགོས་དོན་ཆེན་པོ་མི་འདུག་སྙམ་མོ།།


གནད་འགག་ནི་དགེ་རྒན་ཚོས་རང་ལ་དབང་བའི་དུས་ཆེན་དེ། རྣམ་པ་ཇི་འདྲ་བ་ཞིག་གི་སྒོ་ནས་རོལ་རྒྱུ་ཡིན་པ་དང་། སློབ་མ་ཚོས་རང་ལ་དྲིན་ཆེ་བའི་དགེ་རྒན་དག་གི་བཀའ་དྲིན་ཇི་ལྟར་དྲན་རྒྱུ་ཡིན་པ་དེའོ་སྙམ། མ་གཏོགས། དུས་ཆེན་རོལ་མཁན་དགེ་རྒན་ཚོས། སློབ་མའམ་ནང་གྲོགས་ཀྱིས་བསྐུར་འོངས་པའི་དངུལ་ཆག་རྣམས་དྲྭ་ལམ་དུ་བཤམས་པ་དང་། དུས་ཆེན་ལ་རྟེན་འབྲེལ་ཞུ་མཁན་སློབ་མ་ཚོས། གཞན་ནས་བཤུས་པའི་ཁ་གཡང་དག་བསྐྱར་དཔར་བྱས་ཏེ། དགེ་རྒན་དག་ལ་སྡེབ་སྐུར་བྱས་པ་ཙམ་གྱིས་ནི་དྲིན་དྲན་པར་མི་འགྱུར་ལ། རླབས་ཆེ་བའི་ལས་རིགས་འདི་བརྩི་མཐོང་གི་ཆ་ཤས་ཕྲ་མོ་ཙམ་ཡང་མངོན་མི་ནུས་སོ།།


སྤྱིར་དུས་ཆེན་ཕལ་མོ་ཆེ་ཞིག་ནི་རོལ་རྩེད་དང་། བཟའ་བཏུང་། རྫོངས་པ་ཙམ་ལོངས་སུ་སྤྱོད་པའི་ཆེད་དུ་བཟོས་པ་མ་ཡིན་པར། ལས་རིགས་གང་ཞིག་གི་དགེ་མཚན་ལ་ཆེ་མཐོང་དང་། དེ་ཉིད་སྤུས་ཇེ་ལེགས། གྲ་ཇེ་རྒྱས། ཡུན་ཇེ་རིང་། ཡང་ལས་རིགས་དེའི་དོན་སྙིང་གིས། འགྲོ་བ་མིའི་བསམ་པའི་ནང་ལ་བག་ཆགས་དང་གཟེངས་སྐུལ་འཐོབ་པའི་ཆེད་དུ་ཡིན་ན། བཀྲ་ཤིས་བདེ་ལེགས་ཙམ་གྱིས་ནི་ཕན་འཐོག་པར་མི་འགྱུར་ལ། བཟའ་བཏུང་དང་ཁ་གཡང་ཙམ་གྱིས་དུས་ཆེན་གང་ཞིག་ལེགས་པར་རོལ་སོང་སྙམ་ན་ནི། རང་གི་ལས་རིགས་དེ་དང་། ལས་རིགས་དེར་ཞུགས་པའི་བདག་པོ་རང་ཉིད་ལ་མཐོང་ཆུང་ཚད་མེད་བྱས་པ་ཞིག་ཀྱང་མིན་འགྲོ།


0

2 Responses to དགེ་རྒན་དུས་ཆེན་དང་འབྲེལ་བ་ཡོད་མེད་ཀྱི་གཏམ།

  1. ལུག ལགས་ཀྱིས:

    རྩོམ་འདི་འཕྲིན་སྟེགས་སུ་སྤེལ་ཆོག་གམ།
    ཆོག་མཆན་གནང་རོགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།