
གཅན་མེ་སྟག་ལ་སྡིགས་པ།
—ཁུ་བྱུག་སྔོན་མོ།
རྫ་བུམ་ནག་པོའི་ནང་དུ
ཁྱོད་ཀྱིས་དུག་ཁུ་ཅི་ཞིག་བསྙལ་ཡོད
ཁྱོད་ནི་ལག་དམར་ཞིག་རེད
ཁྱོད་ནི་གསོན་འདྲེ་ཞིག་རེད
ཁྱོད་ཀྱིས་མེ་ཏོག་ནག་པོ་མ་གཏོགས་འདེབས་མི་ཤེས
ཁྱོད་ཀྱིས་ཉི་འོད་འཁྱག་པོ་མ་གཏོགས་མཐོང་མི་ཐུབ
ཁྱོད་ནི་དུག་སྦྲུལ་ཞིག་དང་འདྲ་བར
བུ་མོ་ཞིག་གི་སྐེ་ལ་འཁྲིལ་ནས
ང་ལ་འཇིགས་སྐུལ་ཡང་ཡང་གཏོང
ད་ནི་སྡིགས་དམོད་ཙམ་གྱིས
མགུ་གཏན་ནས་མི་བཀང་བས
ངས་ཁྱོད་རང་བསད་དེ
དུམ་བུ་དགུ་རུ་གཏང་རྒྱུ་ཡིན
2016.9.4མཚན་མོར།
གཅན་མེ་སྟག་ལ་སྡིགས་པ།
—ཙོང་ཁ་ཚེ་བརྟན་རྒྱལ།
ཀོང་ཇོའི་མིག་ཆུ་ཐིགས་པ་གཉིས།
རྡོ་ལ་སིམ་ཚུལ།
ཁ་སང་གི་གཏམ་རྒྱུད་མིན་ན།
ཉག་ཀ་དེའི་བར་ཐག
ནམ་ཡང་རྒྱང་རིང་ཞིག
བྱ་རྒོད་དེ།
གངས་དཀར་ཏི་སིའི་རྩེར་མ་བབས།
སུའི་རྣམ་ཤེས།
སྤྲིན་པ་དེ།
རྨ་ཆེན་སྦོམ་རའི་གདོང་ལ་མ་འཁོར།
སུའི་མངགས་བཅོལ།
ཉི་འོད་དེ
ཁ་བ་དཀར་པོའི་པང་ལ་མ་ཤར།
སུའི་ཞོགས་པ།
གངས་རི་རེ་རེ་ཡ།
དུར་རྡོ་རུ་འཁྲུལ་བ།
བརྩེ་དུང་གི་སླད་དུ་ཡིན་ནམ།
ཡང་ན་ལས་དབང་ལ་ངོ་གནོངས་ནས།
སྙིང་གཏམ་ཞིག
གཏན་དུ་རང་ལ་སྦས་དགོས་སམ།
ཐང་ཀ་རུ་བབས་པའི་ལྷ་ས།
ནམ་ཡང་རྟོག་བཏགས་ཡིན་ནམ།
འཁང་རའི་མི་ཚེ།
ཁེར་རྐྱང་གི་ར་བཟི།
སྙན་ངག་གི་ད་ཕྲུག
ཁྱོད་ཤི་རྗེས།
ངས་བསྔོ་ཡིག་མི་འབུལ།
2016/09/4–6
གཅན་མེ་སྟག་ལ་སྡིགས་པ།
—སྐྱ་མི།
“ཕར་ཁ་ནས་རུབ་ཀྱིན
ཚུར་ཁ་ནས་རུབ་ཀྱིན
རུབ་འོག་ན་རུལ་གྱིན”
ས་ཁུ་སིའི་རོལ་དབྱངས་ལ་འཐིམས་པའི
བརྡ་སྐད་རྡབ་རྡིབ་འོག་གི
མི་ཚོགས་ལས་གློད་གྲོལ་ཤོར་བའི
ཁྲག་དམར་རྐྱང་རྐྱང་གིས་གྲུབ་པའི་གྲོད་པུ
རྒན་ལགས གཅན་མེ་སྟག
ཁྱོད་སུ་ཞིག་གི་ཤ་ཁྲག་གཞིབ་བཞག
མི་རྣམས་ཁྱེད་ལ་སྡང་དོན?
ང་དངོས་གནས་ཁྱོད་ལ་ཅི་འདྲའི་ཤ་ཚ་ཨང
རྟ་བོར་གྲོང་ན་མགོ་བོས་ལངས་འགྲོ་བ་ཁྱེད
ཁྱེད་ཁོ་ན་ལས་ཚང་མ་རྐང་པས་འགྲོ
སྙིང་རྗེ
ཐང་སྟོངས་ལུང་སྟོངས་འདི་ནས
ཟླ་བ་ཁོ་ན་མཆན་ལ་བཙུར་མཁན་དེ
ཁྱོད་རེད
འབྲོག་ནག་དེ་དག་གིས་ཁྱེད་རུབ་ནས
ཚར་ཞྭ་ཕུད་དེ
གུས་གུས་ཞུམ་ཞུམ་གྱིས
གཅན་མེ་སྟག་གའ གཅན་མེ་སྟག་རེད་ཟེར
ང་དངོས་གནས་ཁྱེད་ལ་ཡིད་ཆེས་དཀའ
ང་ཁྱེད་ལ་སྐྲག་མཁན་གྱི་སློབ་བུ་དེ་ཡིན
བསྟན་བཤིག་ཚ་བོ་དེ་ང་ཡིན
ཁྱོས ཁྲིད་སྟེགས་ལས་ཁ་མ་གྲག་གོང་ལ
ང་ཆང་དྲིས་བརྒྱལ་སོང་བ་དྲན་ནམ
ཁྱོས མེ་ལོང་མ་ཁྲིད་མ་ཚར་གོང
ཁྱོས རང་ལུགས་ཁྲིད་ཚར་བཞག
ཁྱོས རང་ཉིད་ངོ་སྤྲོད་མ་བྱས་གོང
ཁྱོས གཞོན་ནུ་མའི་གོམ་སྒྲ་འགྲེལ་བཞག
ཁྱོས ཉེས་པ་བསགས་བཞག
ཁྱོས ཆང་དྲིས་གཞུང་སྒྲུབ་ཁང་སྦངས་སོང
ཁྱོས དུད་དྲིས་ནམ་མཁའ་བཅད་སོང
སྙན་ངག་པས
ཁྱོད་ལ “ཝ་ཡེ”ཟེར
ཁྱོད་ལ “འདྲེ་རྒན” ཟེར
ཁྱོས “བདག་མེད” ཁྱེར་ཞོག
“གཤོག་རྩལ་མ་བྲི་ཕྱིར་ལ་ལྡོག་ན
རྒོད་པོ་སྤོབས་པ་ཞུམ
གཤོག་རྩལ་བྲི་ཚེ་ཕྱིར་ལྡོག་ཀྱང
ལྡོག་པའི་ལམ་དུ་འཆི”
ང ཁྱེད་ཀྱི་ཁོག་པའི་རྡོ་རུ་འགྱུར་ངེས
ང ཁྱེད་ཀྱི་ཆང་དང་དུ་བས་བངས་མི་སྲིད་པའི་གཟེབ་དྲ་རུ་འགྱུར་ངེས
གཅན མེ སྟག
སྡུག་རྒན ཁྱོད
གཅན་མེ་སྟག་ལ་སྡིགས་པ།
—དུར་སྲི།
ཁྱོད་ཀྱི་རྣམ་ཤེས་མི་མངའ་བའི་ཐ་སྙད་དག་ལ
ཤེས་པ་བསྩལ་ཅིང ཡན་ལག་སྤྲད
འགྲོ་ཤེས་པ འདུག་ཤེས་པ འཕུར་ཤེས་པ་ཞིག་བཟོས
ད་དུང་ཆང་གིས་བཟི་ཚེ
ཁྱོད་ཀྱིས་དེ་དག་ལ་ཕོ་རྟགས་དང་མོ་རྟགས་བརྒྱབ་ནས
གློག་འཁྱུག་ཏུ་བཅུག མེ་འབར་དུ་བཅུག
ངས་བསམ་ཚོད་ཅིག་ལ
ཁྱོད་རང་རྒས་ཀྱིན་རྒས་ཀྱིན
ཁྱོད་ཀྱི་སྙན་ངག་ཇེ་ཡག་རེད
ཡིན་ཡང
ཁྱོད་ཀྱིས་ང་རང་ཐེངས་གཉིས་ལ་སྐད་འཕྲིན་ནས་འཕངས་བས
ངས་ཁྱོད་ལ་ཅི་ཙམ་བསྡིགས་ཀྱང
སྙིང་ནད་འདི་དྭངས་ཐབས་མི་འདུག་ཨང
2016.9.4
གཅན་མེ་སྟག་ལ་སྡིགས་པ།
—ཐོ་ཡོར།
ཁྱོད་ནི་འདུས་བྱས་སུ་གྲུབ་ཅིང
འདུས་བྱས་ཀྱི་ཐ་སྙད་སྦར་བ་གང་རེ་བྱས་ནས
གསང་བའི་ཁྲག་ནང་དུ་མུན་པ་བཞིན་འཐིབ་པར་བྱེད
འཐོར་ཟིན་པའི་ཚིག་གི་ལྷུ་ལག་ཕྲ་མོ་ཙམ་ལའང
སྙིང་རྗེ་ཕྲན་ཙམ་མི་སྟེར
ཁྱོད་ཀྱིས་སྟོང་བར་ལུས་པའི་རང་གི་བླ་བརྡུང་སྟེ
འཆི་བའི་དར་གོས་སྲབ་མོ་བུད་མེད་ཀྱི་བྲང་དུ་བྲིས་ནས
མིག་གིས་རིག་ཚད
རྣ་བའི་ཐོས་ཚད
ཡོད་ཚད་མིག་གིས་མི་ཟིན་པའི་དགུན་གྱི་གྲི་ཁར་བསྐྱལ
མཐར་ཁྱོད་ཀྱིས་ཞེ་བློ་བདེ་བའི་མགུར་ཅི་ཙམ་བླངས་ཀྱང
ཉན་མཁན་ཁྱོད་རང་ཉིད་ལས་མེད་སོང་ན་ཁྱོད་འཆི་ཐུབ་བམ
2016.8.5
ཆང་རྐྱལ། དུ་འཐེན།
—གཅན་མེ་སྟག་ལ་སྡིགས་པ།
—སྦྲ་ནག་པ།
གཅན་མེ་སྟག ཁྱོས་ཅི་ཟིག་འདོད་ཀི
ཁྱོད་དང་ཐོག་མགོ་ལོག་ཏུ་ཡོང་དུས
ལྷིང་འཇགས་ཀྱི་མཚན་མོ་ཆང་གིས་སྦངས་བཞིན
ཐ་མག་རྔུབ་འཐེན་བྱེད་པའི་མི་ཞིག་རེད
སྐབས་ཤིག་ལ་་་ ་་་
(བདག་མེད)ཀྱི་རྟོགས་པ་རང་སར་གྲོལ་ཏེ
མགོ་ལོག་གི་རྩྭ་ཐང་ཆེན་མོ་མེ་རུ་བསྲེགས
ཁྱོད་དེ་དུས་ཟི་ལིང་དུ་ཡོང་ནས
སྙན་ངག་པའི་ཚོགས་པ་ཞིག་བཙུགས
ཚོགས་པ་དེའི་མིང་ལ(གནའ་མཁར་འདྲེ་བཞི)ཟེར
ཨ་ཨ་་་་ཁྱོད་མྱི་ཟིག་མ་རེད་འདྲེ་ཟིག་རེད
ཁྱོས་གར་སོང་ས་རུ་བརླ་རྐང་དང་མེ་ལོང་ཐོགས་ཏེ
ཁྱོས་གར་བསྡད་ས་རུ་ཆང་དམར་དང་མེ་མདའ་བཟུང་སྟེ
(ཁྱི་ཁ་ཚུམ)ཟེར་བའི་ཐ་ཚིག་རེ་སྒྲོག་གིན
དོན་མེད་ཀྱི་སྨྲ་ལྕེ་མང་པོ་བཙོན་དུ་བཅུགས
གཅན་མེ་སྟག ཁྱོས་ཅི་ཟིག་འདོད་ཀི
ལོ་ན་སོང་རུང་རྒས་རྒྱུ་མེད་པའི་རྟོག་གེ་བ
ཁྱོས(མི་རབ་གསུམ་པའི)རུ་དཔུང་ཁྲིད་ནས
ཨེ་ཤ་ཡའི་གཙུག་ཏུ་རྐང་རྗེས་ཤིག་འཇོག་ན་འདོད་དམ
གཅན་མེ་སྟག ཁྱོས་ཅི་ཟིག་འདོད་ཀི
ཁྱོས་ཆང་འཐུང་སྟེ་སྙན་ངག་འབྲི
ཁྱོས་སྙན་ངག་ལ་ཚ་ཆུ་བླུད་པ་ཐེངས་གཅིག་མིན་པས
མི་རྣམས་ཀྱི་སྐོམ་སྲེད་ཇེ་ཆེ་རུ་བཏང་འདུག
གཅན་མེ་སྟག ཁྱོས་ཅི་ཟིག་འདོད་ཀི
ད་ཁྱོད་ཀྱི་བུ་ལོན་ཇེ་ལྕི་རེད་ཡ་་་
གཅན་མེ་སྟག་ལ་སྡིགས་པ།
་ ་—ཙིཏྟ།
འུ་གཉིས་མཉམ་དུ་དམྱལ་བར་འགྲོ
དམྱལ་ཁམས་བཅོ་བརྒྱད་ལ
དེ་ལས་ཀྱང་འོག་གི
དམྱལ་བ་རྡོ་རྗེ་གདན་ལ
དམྱལ་བ་ནི
འུ་གཉིས་གཅིག་པའི་བསྟི་གནས་ལག
ཁྱེད་ཉིད་ཨ་ལགས་ཤིག་ཡིན་རབ་ཡོད
འོན་ཀྱང
སྐུ་གསུང་ཐུགས་ཡོན་ཏན་དང
འཕྲིན་ལས་རྣམ་བཞིའི་འཇུག་པ་ག་རེ
གཏན་ནས་མཐོང་མ་བྱུང
ཡང་ན་དེ་དག་ནི
བླ་མའི་མཛད་པ་ཡིན་ཀྱང་སྲིད
ཨ་ལགས་སྨྱོན་པ་ཨ
འུ་གཉིས་དམྱལ་བར་འགྲོ
ངས་ཁྱེད་རང
དམྱལ་བ་རྡོ་རྗེ་གདན་གྱི
འཁོར་མང་རྒྱ་མཚོའི་དབུས་སུ
མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ་མཛོད
དེ་དུས
ཁྱེད་ཀྱིས
དམྱལ་བ་ནི་དམྱལ་བ་མིན་པར
ལྷ་ཡུལ་ཡིན་པ་དང
སྡུག་བསྔལ་ནི་སྡུག་བསྔལ་མིན་པར
བདེ་བ་ཡིན་པའི་ངོ་སྤྲོད་གནོངས
ཨ སྨྱོན་པ་ཨེ་གོ་ཐལ ཨེ་གོ་ཐལ
གཅན་མེ་སྟག་ལ་སྡིགས་པ།
—ཇོ་བོ་སྙེ་མ་དབང་ཕྱུག
ཁྱེད་ཀྱིས་སྤྱོད་འཇུག་གི་ས་བོན
ཉི་ཟླའི་མཚམས་ལ་བཏབ་ཡོད
ཁྱེད་ཀྱིས་མྱི་གཞིའི་སྨྱོ་ཧམ་ནག་པོ་སྔོན་མོ་ཆང་ལ་བསྲེས་པས
ནམ་རྒྱུན་སྐྱོ་སྣང་གི་དུ་བ་ནམ་མཁཪ་ཁྱབ
ཁྱེད་ཀྱི་ང་རྒྱལ་ནི་སྲིད་པའི་རྩེ་ན་ཡོད་ཀྱང
ཁྱེད་ཀྱི་མི་གཞི་དང་ཀུན་སྤྱོད་སེར་བོ་གསེར་ལས་གྲུབ
ཉི་ཟླ་རི་བོ་སྒུལ་བའི་སྙན་ཚིག་དེས
སུ་ཞིག་རྨོངས་གཉིད་ལས་དཀྲོག
ཁྱེད་རང་རྒྱ་ཡན་དུ་སོང་བའི་ཉིན་ནས
སྙན་ངག་གིོ་ཞིང་སའང་འདོད་ཆགས་དང་ཞེ་སྡང་གིས་གྲུབ
ཨ་མྱེ་རྨ་ཆེན་ནས་ཀི་ཞིག་བཏབ་རྗེས
ཁྱེད་རང་ཅང་གིས་བཟི་ཡོད
རལ་བ་ལྗང་ཁུ་དེར་ཁྲག་གི་མེ་སྟག་དམར་པོ་ཞིག་སྦར་རྗེས
ཚིག་དྲི་མཐའ་དག་སྙན་ངག་ཡིན་སྲིད
གངས་འདབས་ཀྱི་རས་པ་ཁེར་རྐྱང
གཅན་མེ་སྟག
ཁྱེད་ཀྱི་འགྲོ་འདུག་གི་བྱ་སྤྱོད་འགྲོ་བ་མི་དང་མཐུན་ནམ
ཁྱེད་ཀྱིས་སྐྱོ་གདུང་གི་ཉི་ཟླ་གཉིས་ལ་རྫོགས་ཚིག་བྲིས་རྗེས
ཁྱེད་ཀྱིས་ཅི་ཞིག་བྱེད་བསམ
ཚོར་བས་མྱོས་པའི་དུས་མཐའི་སྙན་ངག་གི་སྲས་པོ
གཅན་མེ་སྟག
གཅན་མེ་སྟག
ཁྱེད་ནི་རྫ་བུམ་ཞིག་ཡིན་པའི་དབང་དུ་བཏང་ན
དེའི་ནང་དུ་ཅི་ཞིག་བླུགས་སྲིད
ཁྲོ་བོ་ཁྲག་གི་རལ་བ་ཅན
ངམ་ནག་སྲིན་པོའི་གདོང་པ་ཅན
གཅན་མེ་སྟག
ཁྱེད་ཀྱིས་སྙན་ངག་གི་བདུད་རྩི་ནམ་ཡང་མཚམས་མ་འཇོག
གཅན་མེ་སྟག་ལ་གཅར་བ།
—འབྲོག་སྨྱུག
ཁྱོད་ནི་མུན་པའི་ཨུ་ཁུང་ནས་ཡོང་བ་རེད།
འུག་པ་རེད
སྤྱང་ཁུ་རེད
གང་ལའང་མི་སྣང་བའི་འདྲེ་སྐད་སྨྲ་མཁན་དེ་རེད
ཆང་རག་དམ་བུ་བརྒྱ་འཐུང་བའི་སྨྱོན་པ་ཁྱོད
བརྩེ་དུང་གི་ཁང་མིག་སྐྱ་བོ་ཞིག་ནས
ཡང་ཡང་བཟི་བཞིན
ཁེར་འདུག་བྱོས
ཨ་་་་་་
སྐྱོ་བ་ལ
ཁྱོད་མཐོང་བ་ནས་བཟུང
ཉམ་ང་བའི་ཚོར་བ་ཞིག་ཤེས་སོང
གཅན་མེ་སྟག
ཁྱོད་ཀྱི་སྐྲ་ལོ་རེ་རེ་ཇི་ལྟར་ཟད་ཀྱིན
དེ་ལྟར་མི་ཚེའང་ཟད་བཞིན་འདུག
སྙན་ངག་རྒས་བཞིན་འདུག
ཁེར་རྐྱང་ལ་དུངས་བ་སྟེར་མཁན་ཞིག
སྙན་ངག་འ་བརྩེ་བ་འཛིན་མཁན་ཞིག
འདི་ལྟར་འཆི
དེ་ལྟར་ཤི
ཧ་ཧ་ཧ་་་་་་་་་་་
སྨྱོས་འདུག
——གཅན་མེ་སྟག་ལ་བྲིས་པ།
་—ཁྱུང་བུ་རྡོ་རྗེ་ཚེ་རིང་།
འདམ་རྫབ་སྟུག་པོ
ཁྱི་ལུད་ངན་པ
ཁྱོད་ཀྱིས་ཡོད་ཚད་ཧམ་འཐུང་བྱེད་བཞིན
ནག་རོག་གེར
སྨྱོས་འདུག
དེ་དུས ཁེར་ཧྲེང་དང་ཚོར་བས་གཏམས་པ
དྲི་མག་དང་དཀར་རག རྟོགས་པའི་མྱང་ཙེང་སྐུད་དུས
ཨ་ཁུ་འབྲོང་གི་རྭ་གསེར་རྭ་ལ་འུད་མཁས་པའི་ཉུག་རིམ་པ
མཉན་འཛི་ཟུང་རྐྱལ་སྟོང་ཁྱོད
ངོ་མ་སྨྱོས་འདུག
སོང་ཤུལ་དུ
སྤང་ལྗོངས་གཙང་མའི་དལ་འགྲོ་མ་སྐམ་སོང
འདབ་བརྒྱའི་ཟས་བཅུད་ལེན་པའི་དར་དིར་ཤི་སོང
ཡོད་ཚོད་དུར་ཁྲོད་ན་མྱོས་ཆང་གིས་བཟི
དོན་དམ་པར
ཁྱོད་ཀྱིས་བླ་བོར་སོང
སྤུར་ཡང་འདེབས
ལུས་མེད་རོ་མེད་ཁྱོད་སྨྱོས་འདུག སྨྱོས་འདུག
གཅན་མེ་སྟག་ལ་སྡིགས་པ།
—རོང་ཚེ་འབར།
མི་ཚེ་སྙན་ངག་ལ་འཐིམས་ཤིང
འཚོ་བ་སྙན་ངག་ལ་འདྲེས་ནས
ཉི་ཟླ་རི་བོའི་སྙནངག་འབྲི་མཁན་དེ་སུ
ཉི་མ་ལྷ་སར་མིག་ཆུ་གཏོང་མཁན་དེ་སུ
པོ་ཏ་ལའི་མདུན་ནས་གཅིན་པ་གཏོང་མཁན་དེ་སུ
ཉིན་མཚན་མེད་པར་ཆང་འཐུང་ནས་སྙན་ངག་བསྐྱུགས་མཁན་དེ་ཡང་སུ
དོན་ངོ་མ་ཁྱོད་སུ་ཡིན
ཆང་རྐྱལ
ཐ་མག་རྔུབ་མཁན
སྐྲ་རིང
ཕྱུར་རྟོག་པ
གཅན་མེ་སྟག་ལ་སྡིགས་པ།
—མཁས་གྲུབ།
སྨུག་སྤྲིན་གྱི་གསེབ་ན་རྒྱུ་བའི་བྱེའུ་འཁྱམས་པོ་ཞིག
ངོ་གདོང་གི་པགས་ཤུན་དམར་པོ་དེ་ཕྱིས་རྗེས
གསེར་གྱི་རྣ་ཆ་དང
དངུལ་གྱི་ལག་གདུབ་སོགས
མདོར་ན་རིན་པོ་ཆེའི་རིགས་མི་འདྲ་བ
དགུ་དགུ་བརྒྱ་བཅུ་གྱག་ཅིག་བྱུང
ཝེ
འདི་ནི་ཁྱོད་ཀྱི་རྨི་ལམ་ནང་གི་སྙན་ངག་དེའི་བརྗོད་བྱ་ཡིན་ནམ
ཡང་ན་བུ་མོ་གཡུ་ཆུང་གི་སྐེ་ལ་བཏགས་པའི་ནོར་བུ་ཡིན
གཅན་མེ་སྟག་ལ་སྡིགས་པ།
་ —ལོ་མ།
ངས་རྟོགས་ཐབས་བྲལ་བའི་རྒད་པོ་ཁྱོད
སྤྱི་ཐེར་བ་ཁྱོད
རང་དབང་གི་གླུ་ཆུང་ལེན་ཞོར
ཚེར་སིལ་གྱི་གཞིས་ཁྱིམ་དུ་འཛུལ་ནས
ནམ་ཟླ་དགུན་ཀའི་ཙེག་དང་བསེར་བུའི་ཁ་གཏད་ནས་རྟག་ཏུ་དགྱེ
དེ་རིང་ཁ་སང
གཞན་གྱི་རྨི་ལམ་ལ་ཚོན་རྩི་བྱུགས་པའི་ཉེས་ཅན་པ་ཁྱོད
ཆང་གི་འཚོ་བ་དང
ཐ་མག་གི་འཇིག་རྟེན་སྤྱོད་ཀྱིན
རེབ་གོང་དང་གཅན་ཚའི་ཡུལ་ལ
འཚབ་འཚུབ་ངང་ལོག་ཅིང་བཞུད་དུས
རྨི་ལམ་ཡོད་ཚོད་སུ་ཡིས་བཏུས་ཡོད
ཁྱི་སྐད་མ་འཇགས་པའི་མཚན་མོར
ལྕེབ་ཐག་གི་སྣེ་མོར་སུ་ཞིག་དཔྱངས་ཡོད