གཅན་མེ་སྟག་གིས་གསར་དུ་བྲིས་པའི་སྙན་ངག་ཕྱོགས་བསྒྲིགས།

349

13816781_1124210907636408_401618538_n.jpg

  རྩྭ་མི།

སོང་གིན་སོང་གིན་དུ

ང་རྩྭ་མི་ཞིག་ཏུ་གྱུར་སོང

ཁྲག་ཁྲག་མི་འདུག  སྙིང་སྙིང་མི་འདུག

དབང་རྩ་དབང་རྩ་མི་འདུག

ལམ་བར་དུ

ང་ང་འདྲའི་རྩྭ་མི་མང་པོ་ཞིག་དང་འཕྲད་སོང

ཁོ་ཚོས

འཁྱར་རླུང་གིས་ཡུག་པོ་བསྒུལ་འདྲའི

སྐད་སྒྲ་ཡ་མཚན་ཞིག་སྒྲོགས་གིན་འདུག

ཁོ་ཚོ  སྒལ་ཚིགས་མེད་པ་ལྟར

ཕར་གཡོ་ཚུར་གཡོའི་ཉམས་ཀྱིས་འགྲོ་གིན་འདུག

སྨྱོ་ནད་ཁང་ཞིག་བརྒྱུད་སྐབས

སྨྱོན་པ་ཞིག་ལྕགས་སྒོ་ལས་རྒྱུགས་འོང་སྟེ

༼ལྟོས་དང་། རྩྭ་མི། རྩྭ་མི༽

ཟེར་བཞིན་ཧབ་ཆ་རྒྱག་པ་ལ

ང་དང་འདྲ་བའི་རྩྭ་མི་གཉིས་ཀྱིས

དབྱུག་པས་རྡེག་བཞིན་ནང་དུ་དེད་སོང

ངས་རང་ཉིད་སྨྱོན་པ་ཞིག་མིན་པར

ལྕགས་སྒོ་འདིའི་ཕྱི་རོལ་དུ

ད་དུང་རང་དབང་གིས་འགྲོ་ཆོག་པར

དགའ་སྤྲོ་སྐྱེས་བཞིན་ཡོད་དེ

སྨྱོན་པ་དེས་ཀྱང

ཁོ་རང་ཉིད་ད་དུང་རྩྭ་མི་ཞིག་ཏུ་གྱུར་མེད་པ་ལ

དགའ་སྤྲོ་སྐྱེས་པ་ནང་བཞིན

IMG_6721.JPG

   ཁྱི་དང་ཞི་མི།

ལམ་བར་ན།

ཁྱི་དང་ཞི་མི་ཞིག་གིས

མི་ཡི་བརྩེ་དུང་འཁྲབ་བཞིན་འདུག

ཁོ་གཉིས་རྒྱུགས་ཞོར་འཁྱུད་ཞོར་དུ

དགོད་ཞོར་རྩེད་ཞོར་དུ

ཁྱིས་ནེམ་ནེམ་གྱི་མཆེ་བས

ཞི་མིའི་སྐེ་ལ་རྨུགས་ཙམ་བྱས་ན

ཞི་མིས་ཀྱང

གཉོམ་དུང་དུང་གི་འཁུན་སྒྲ་རེ་སྒྲོགས་འོང

ངས་ཁོ་གཉིས་བར་ན

འབྲེལ་བ་ཡ་མཚན་ཞིག་ཡོད་པར་མི་འདོད

དཔེར་ན་གླང་ཆེན་དང་གྲོག་མའི་བར་ན

མི་དང་དྲེད་མོང་གི་བར་ན

བརྩེ་དུང་ཟེར་བ་གང་ཡང་མེད་པ་བཞིན

ཡིན་ནའང

ངས་ཁོ་གཉིས་བར་ལ

འགལ་རྐྱེན་གང་ཡང་མ་བཟོས

དེ་ཡོད་ཚད་འཁྲབ་སྟོན་ཙམ་ཡིན་ནའང

ངས་ཁོ་གཉིས་བར་ན

བརྩེ་དུང་ངོ་མ་ཞིག་ཡོད་པར

ཡིད་ཆེས་བྱེད་འདོད་བྱུང

ངོ་མ་བཤད་པ་ཡིན

བརྩེ་དུང་མེད་པའི་དུས་རབས་འདིར

འཁྲབ་སྟོན་ཙམ་ལའང

རིན་ཐང་བླ་མེད་ཅིག་འདུག་གོ་བསམས

IMG_6692.JPG

  དབང་དུ་བཏང་ན།         

གལ་ཏེ

ཁྱོད་ཀྱི་ལུས་པོ་ནི་མཐོ་སྒང་ཞིག་ཡིན་ན

སྡོད་རྩ་ནི་རྨ་ཆུ་དང

འཕར་རྩ་ནི་འབྲི་ཆུ་ཡིན་པའི

དབང་དུ་བཏང་ན

སྦུ་གུ་གཉེན་མོ་ཞིག་དང་འདྲ་བའི

ཁྲག་རྩ་དེ་གཉིས་ལས

རྨ་འབྲི་གཙང་བོ་གཉིས

ལྷོག་ལྷོག་ཏུ་འདྲེན་འདོད་ན

ཐོག་མར

ཁྱོད་ཀྱི་མི་རིགས་འདྲ་བའི

ཁྱོད་ཀྱི་ཕ་ཡུལ་འདྲ་བའི

སྙིང་གསོན་པོ་དེ་ཐེངས་གཅིག་བཀྲུ་དགོས

དེ་ནས

ཁྱོད་ཀྱི་ལ་རྒྱ་འདྲ་བའི

ཁྱོད་ཀྱི་ཨུ་ཚུགས་འདྲ་བའི

ཡིད་ཀྱི་གད་སྙིགས་དེ་དག

རྨང་ནས་འདོར་དགོས

IMG_6270.JPG

            མི་ཚེའི་གོམ་གསུམ།

བྱིས་པ་ནི་སྒྱུ་རྩལ་རེད

འཇའ་རིས་དང་མེ་ཏོག་གིས་སྐྱོང་དགོས

ན་གཞོན་ནི་བཟོ་སྐྲུན་རེད

ཨར་འདམ་དང་རྣོ་ལྕགས་ཀྱིས་རྡུང་དགོས

བགྲེས་པོ་ནི་ལོ་རྒྱུས་རེད

བདེན་ལུགས་དང་ཉམས་མྱོང་གིས་འབྲི་དགོས

IMG_6349.JPG

      མི་ཚེའི་ཞེན་ཆགས།

ལོ་མ་ཐེབ་གཅིག་རེད

བློས་མི་ཐོངས་དོན་ཅི

སྡོང་གོག་རྐང་གཅིག་རེད

དབུགས་རིང་གཏོང་དོན་ཅི

མིག་ཆུ་རྡོག་གཅིག་རེད

ཞེ་སེམས་སྨྲེང་དོན་ཅི

ཡིག་རྙིང་ཐེར་གཅིག་རེད

བརྗེད་ཐབས་མེད་པ་ཅི

ཞེ་འགལ་རོགས་དེ་རེད

ཕྱི་མིག་ཤོར་དོན་ཅི

IMG_6371.JPG

         མི་ཚེའི་རླུང་ཆར།

རླུང་གི་དབུས

ཆར་བའི་དཀྱིལ

དགོད་བཞིན

ངུ་བཞིན

གོམ་པ་རེ་རེ

འདྲེད་བརྡབ་རེ་རེ

ཕ་མའི་སེམས

བུ་ཚའི་མདང

དགའ་བཞིན

སྐྱོ་བཞིན

རྨི་ལམ་རེ་རེ

འཇིག་དངངས་རེ་རེ

དབང་ཐང་གི་འཇའ

བརྩེ་དུང་གི་སྤྲིན

ཐོབ་བཞིན

ཤོར་བཞིན

རྔུལ་ཆུ་རེ་རེ

མིག་ཆུ་རེ་རེ

པགས་སླག་གི་ཁུགས

ནད་ཁྲི་ཡི་སྒང

སྐྱེས་བཞིན

རྒས་བཞིན

འཚོ་བ་རེ་རེ

འཆི་བ་རེ་རེ

ར་ནུ་ཡི་མངར

སྨན་ཆུ་ཡི་ཁ

ནུ་བཞིན

འཐུང་བཞིན

འགྲོ་བ་རེ་རེ

འོང་བ་རེ་རེ

IMG_6282.JPG

    རྒྱང་རིང་།

སང་ཉིན་ནས

རང་ཉིད་གཅིག་པུ་འཁྲིད་དེ

ཁུག་མ་གཅིག་འཁུར་ཏེ

རྡོག་སྒྲ་གཅིག་མནན་ཏེ

རྒྱང་རིང་རྒྱང་རིང་ཞིག་ཏུ་སོང་ན

ལམ་ནས་རླངས་འཁོར་རེར་སྡོད་པའམ

ཤིང་རྟ་རེར་སྡོད་པའམ

འདྲུད་མཐེན་འཕྲུལ་འཁོར་རེར་བསྡད་དེ

རྒྱང་རིང་རྒྱང་རིང་ཞིག་ཏུ་སོང་ན

གོན་པ་རྙིང་རལ་གྱི་གནས་མཇལ་བར་འགྲོ་ལམ་འདྲི་བཞིན

ངོ་གདོང་དམར་སྨུག་གི་རྫི་བོར་མེ་ཆ་སློང་བཞིན

གནམ་གཤིས་གྲང་སར་ཨོང་བའི་མེ་ཕུང་སྦར་ཞིང

ཚ་བ་ཆེ་སར་ཁོག་སྟོད་གཅེར་བུར་ཕུད་བཞིན

རྒྱང་རིང་རྒྱང་རིང་ཞིག་ཏུ་སོང་ན

མ་ཕམ་གཡུ་མཚོ་ལས་ངོ་གདོང་བཀྲུ་བཞིན

གངས་རིན་པོ་ཆེ་ལ་བརྐྱངས་ཕྱག་འཚལ་བཞིན

ཁ་མི་དལ་ཏཱ་རེ་སྒྲོལ་མ་དང

ལག་མི་དལ་ཙན་དན་ཕྲེང་བ་བཟློ་བཞིན

རྒྱང་རིང་རྒྱང་རིང་ཞིག་ཏུ་སོང་ན

རྒྱང་རིང་གི་རྒྱང་རིང་དེར་སླེབས་རྗེས

ཁ་པར་གྱི་གློག་མ་ཚར་གོང་ལ

ཁྱོད་ལ་ཁ་པར་གཏང་སྟེ

༼ཀི་ཧེ་ཧེ༽ཞེས་ལན་གསུམ་བཏབས་ན

ཁྱོད་ཀྱིས་ང་རང་གངས་ཏི་སེའི་རི་རྩེ་རུ་ཡོད་པར་འདོད་དམ

ཕྱི་རྒྱ་མཚོའི་མཚོ་འགྲམ་དུ་ཡོད་པར་འདོད་དམ

IMG_6379.JPG

                            གྲིབ་མ།   

གལ་ཏེ་བདག་གི་གྲིབ་མ་འདི་ལའང

དབང་བོ་རྣམ་ལྔ་ལྡན་ཞིང

རང་གི་གསང་བ་སྦས་ཆོག་པའི

དྲན་པ་རེ་ཡོད་ན

དེ་ནི་ཅི་འདྲའི་སྐྱིད་པའི་བྱ་བ་ཞིག་རེད་ཨང

ཡིན་ནའང་    ཉི་འོད་འོག

བདག་གི་ཡོད་ཚད་གྲིབ་མར་འཕོས་པ་ནི

ལྐོག་གྱུར་གྱི   ཧ་ཅང་དལ་བའི

ཆག་གྲུམ་གྱི་བརྒྱུད་རིམ་ཞིག་སྟེ

བདག་གི་མ་རིག་པ་དང

གདུག་སེམས་དང་  ཞེ་སྡང་དེ་དག

ཁ་དོག་རེ་རེ་བཞིན་བབས་ཏེ

ཆ་ཤས་རེ་རེ་བཞིན་གྲུབ་སྟེ

གྲུབ་མའི་ཁྲོད

མུན་པ་ཆེས་སྟུག་པའི་ཡུལ་ལྗོངས་སུ་གྱུར

གྲིབ་མ་བདེ་འཇགས་ངང་ཐང་དུ་བབས་པ་ནས

མི་མང་པོ་ཞིག

རང་རང་གི་གྲིབ་མའི་དབུས་སུ་འཚོ་རྒྱུར་དགའ་སྟེ

གོ་རིམས་བཞིན་དུ

དེ་རིང་ལག་ཡ་གཅིག་གི་གྲུབ་མ་མངོན་ཚེ

སང་ཉིན་མིག་ཡ་གཅིག་གྲུབ་མར་བརྗེ་བ་བཞིན

     གྲིབ་མ།

གནམ་ངོ་དྭངས་དུས

ཁྱོད་རྒྱུགས་འོང་སྟེ

ང་ཡི་གཡས་གཡོན་དུ་འགྲོ

གནམ་ངོ་རུབ་དུས

ཁྱོད་རྒྱང་དུ་བྲོས་ཏེ

ང་ཡི་མི་མཐོང་སར་ཡིབ

ནམ་ཞིག

ང་ཐང་དུ་འགྱེལ་ཉིན

ཁྱོད་ང་དང་གཏན་དུ་གྱེས་འགྲོ་བ

ངས་ཤེས་ཡོད

IMG_7118.JPG

            ཟློས་གར།

(ཐུའེ)

བྱིས་པ་ཞིག་གིས

ལག་མཐིལ་དུ་མཆིལ་མ་བཏབས་ཏེ

མིག་ཟུང་འབུར་ཚུགས་སུ་བགྲད་དེ

ལྕང་ལྕུག་གི་ཡལ་ག་ཞིག

རལ་གྲི་བཞིན

མཐོ་རུ་བསྒྲེངས་ཏེ

ལམ་འགྲམ་གྱི་སྔོ་རྩྭ་ཕོན་པོའི་སྟེང་དུ་བརྒྱབ

རྒྱག་ཐེངས་གཅིག་གིས

སྔོ་རྩྭ་ཕོན་པོ་དག་སྨེ་སྔགས་འབྱིན་བཞིན

ས་རུ་འགྱེལ

བྱིས་པའི་ལག་པ་ཡར་བཀྱགས་ཙ་ན

སྔོ་རྩྭ་ཕོན་པོ་དག

སླར་ཡང་མགོ་བོ་ཡར་དགྱེ་བྱུང

       སྨུག་པ།

ཁྱོད་ཀྱིས་མི་ཡུལ་གྱི་ལེགས་ཉེས་ཡོད་ཚད

རྟག་ཏུ་སྒྲིབ་ནུས་སམ

      འབྲུག་སྒྲ།

ཁྱོད་ཀྱི་ཁ་སྟོང་ནང་གི་ཚིག་སྟོང་དེས

ནམ་ཡང

རང་ལ་དབང་ཆ་ཆེ་བ་ངོམ་སོ་བྱེད

བཞིན་འདུག

     བོད་ཁམས།

པོ་ཏ་ལར་འཐེན་པའི་ལམ་ཡོད་ཚད་ནི

ཡར་ལངས་མི་འདོད་པའི་ཞིང་བྲན་ཚོས

རྔུལ་ཆུ་དང་ཁྲག་གིས་བསྐྲུན་པ་རེད

     སྦས་ཡུལ།  

སངས་རྒྱས   འོག་མིན་གྱི་ཞིང་ན

གློག་ཞགས   སྤྲིན་ནག་གི་རུམ་ན

མེ་ཏོག  སྡོང་སྐམ་གྱི་ཁོག་ན

མིག་ཆུ   ན་ཟུག་གི་རྐང་ན

ང་གང་དུ་འགྲོའམ་སྙམ་དུས

ཚུར་ཕེབས་ཤོག་གསུངས་མཁན་མི་འདུག

      མཐེབ་གཞུང་།

བདག་གི་ལག་སོར་གྱི་ཆར་ཐིགས་འབབ་ས་རུ

ཁྱོད་ཀྱི་མིང་ཡིག་གི་མྱུ་གུ་ཡུན་གྱིས་འབུས

     གོ་ཐོས།

གོ་ཐོས་སུ་སང་ལོའི་དཔྱིད་ཀ་ཧ་ཅང་སྐྱིད་ཟེར

དེ་ལྟར་ན     ང་ད་དུང་གསོན་དགོས

       བྱེའུ་ཞིག

བྱེའུ་ཞིག་འཕུར་རྗེས་ནམ་མཁའ་སྟོང་བར་གྱུར

ཨེ་མ     བྱེའུ་དེ་ཅི་འདྲའི་ཆེ་བ་ལ

      ཕ་ཡུལ།

བྲིས་ཀྱིན་བྲིས་ཀྱིན་སྐད་ཆ་རྙིང་སོང

རླུང་ཡང་འཚུབ་སོང

ཀློག་གིན་ཀློག་གིན་ཟླ་འོད་ཉམས་སོང

སྐྲ་ཡང་དཀར་སོང

     ཁ་དོག

འཇིག་རྟེན་ཧྲིལ་བོ་སྟོང་བ་རེད

ཁྱོད་ཁོ་ན་ང་ཡི་ཁ་དོག་རེད

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།