
ལེགས་པོ་འཁྲབ་སོང་།
དགོང་ཚོགས་འདི་ངོ་མས་སྐྱིད་པོ་རེད
འཁྲབ་སྟོན་བྱས་པ་ངོ་མས་ལེགས་པོ་རེད
ང་རང་སའི་གོ་ལ་ཟེར་བའི
ཕ་བོང་འཁྱག་པོ་འདིའི་སྟེང་དུ་བསྡད་ནས
རྒྱ་ཆེ་ཞིང་ཁོད་ཡངས་བའི
སྟོང་གསུམ་གྱི་སྟོང་ཆེན་པོའི
འཇིག་རྟེན་ལ་བལྟ་བཞིན
རང་དབང་མེད་པར་ཐལ་མོ་བརྡབས
མི་འཇེད་འཇིག་རྟེན་གྱི་ཁམས་སུ
ངའི་ཐལ་མོ་རྡེབ་པའི་སྒྲ་གཅིག་པུ་ལས་མི་འདུག་སྟེ
དེ་ཡང་རླུང་གི་དཀྱིལ་འཁོར་ནས་ནུབ་སྟེ
ཁྱོད་ཀྱི་རྣ་ལམ་དུ་གྲགས་དུས
གྲོག་སྦུར་ཞིག་གིས་གླལ་མོ་གླལ་བའི
སྒྲ་ལྟ་བུ་ཞིག་ཡིན་རྒྱུ་རེད

མགོ་ལོག་གི་ཟླ་བ།
གལ་ཏེ་ངས
མགོ་ལོག་གི་ཟླ་བ་ནི་གཡེམ་མ་ཞིག་དང་འདྲ
ཞེས་བཤད་ན
སེང་ལྕམ་གྱི་ཚ་མོ་འདི་དག་གིས
ང་ལ་(རྐྱལ་སྟོང་)ཞེས་སྨོད་ངེས
གལ་ཏེ་ངས
མགོ་ལོག་གི་ཟླ་བ་ནི་རྐྱལ་སྟོང་ཞིག་དང་འདྲ
ཞེས་བཤད་ན
གེ་སར་གྱི་ཚ་བོ་འདི་དག་གིས
ངའི་གླེན་བཤད་འདིར་ཧབ་ཆ་རྒྱག་སྲིད
དོན་དངོས་སུ
མགོ་ལོག་གི་ཟླ་འོད་འོག་ཏུ་བསྡད་ནས
དཔེ་ཆ་རེར་བལྟས་ན
ཆེས་ཆུང་བའི་ཚེགས་དང་ཤད་སོགས་ཀྱང
གསལ་བོར་མཐོང་ཐུབ་སྟེ
དེ་བས ངས་མགོ་ལོག་གི་ཟླ་བ
གང་དང་ཡང་མི་འདྲ་བར
ཆེ་ཞིང་སྒོར་བ་དེ་མཚོན་ཕྱིར
དཔེ་ལེགས་པོ་ཞིག་མ་རྙེད་པས་རེད།
ང་དགའ་བ་ནི།
ང་དགའ་བ་ནི
ངང་མོའི་ཆུ་ཤེལ་བཞིན་མཚེར་བའི
སྒྲོ་སྤུའི་ནང་རིམ་གྱི
འཕུར་ལྡིང་གི་སེམས་དེ་ཡིན
ང་དགའ་བ་ནི
ཟངས་ཀྱི་མོ་ཁབ་གཤིབ་པ་འདྲ་བའི
ཆུའི་ཟབ་ས་རུ་གབ་པའི
ཉ་སྲིན་གྱི་རུས་པ་དེ་ཡིན
“རྩེ་མོ་ཤིན་ཏུ་རྣོ་ཞིང་།།
ཕྲ་བ་བ་སྤུའི་ཉམས་ཅན།།
སྙིང་གི་དབུས་སུ་ཟུག་ཅིང་།།
ལག་པས་ཟིན་ཐབས་མེད་པ།།”
ཡང་ན དེ་ནི་སིལ་ཏོག་ཅིག
དཔེར་ན ནྱ་གྲོ་དྷའི་ཤིང་འབྲས་བཞིན
“ཅལ”གྱི་སྒྲ་ལས་མི་མངོན་བཞིན
ཡང་ན དེ་ནི་ས་བོན་ཞིག
ཤིང་ལས་གྲུབ་པའི་རྡོ་བ་ཞིག
སྟར་གའི་མདངས་དང་ལྡན་ཞིང
ཡུག་པོའི་འབྲུ་གུ་ལས་ཆེ་ཙམ
ང་དགའ་བ་ནི
མངར་ཁུ་སྦྲུམ་པའི་ཛམྦུ་བྲིཀྵའི་ཡལ་ག་ཞིག
གློ་དམར་མདོག་གི་ལོ་མས་གཡོགས་པའི
ཁམ་བུ་རག་ཥའི་བྲོ་བ་ཞིག
ཡང་ན
དཔྱིད་ཀའི་སྨྱུག་གླིང་བུ་ག་རུ་སྦས་པའི
སྨྲེང་ཤའི་མདངས་ཀྱི་དབྱངས་རྟ་ཞིག

ཕྲག་དོག
ཁྲོམ་བར་ནས
མཛེས་མ་ཞིག པར་དུ་བླངས་ཏེ
ཁ་རོག་གེར་ཁྱིམ་དུ་ཁྱེར་ཏེ
གློག་ཀླད་ནས་བཟོ་བཅོས་བྱས་ཏེ
ཇེ་ཡག་ཏུ་བཟོས་ཏེ
པར་ཁང་ནས་བཀྲུས་ཏེ
སྔས་འགྲམ་གྱི་དཔེ་ཆའི་བར་གསེང་དུ་བཅུག་སྟེ
བསམ་གཟས་ཏེ
ཆུང་མར་མཐོང་དུ་བཅུག་སྟེ
ཕྲག་དོག་བྱེད་པ་དང
འཚིག་པ་ཟ་རུ་བཅུག་སྟེ
དོགས་པ་དང་བློ་གཉིས་སྐྱེ་རུ་བཅུག་སྟེ
ཁོང་ཁྲོ་དང་སྙིང་ནད་འཕར་ཏུ་བཅུག་ན
མཐའ་མཇུག་གི་འབྲས་བུ
ག་འདྲ་ཞིག་ཡིན་ནམ
བདེན་པ།
གསེར་ཡིན་ན
མི་ལོ་བརྒྱ་འགོར་རུང་གསེར་ཡིན
གད་སྙིགས་ཡིན་ན
མི་བརྒྱ་འགོར་རུང་གད་སྙིགས་ཡིན
ང ལོ་བརྒྱ་ཕྲག་གི་རྗེས་སུ་རུས་པ་སྤར་མོ་གང་ཡིན

མཛེས་མ།
ང་ནི་ཆང་ལ་དགའ་བ་མ་རེད
ཆང་གི་དམ་བུ་ལ་དགའ་བ་རེད
དམ་བུ་དེ
ཕྲ་ས་ནས་ཕྲ་ལ སྦོམ་ས་ནས་སྦོམ
དམ་བུ་དེ
དཀར་ས་ནས་དཀར་ལ དམར་ས་ནས་དམར
དམ་བུ་དེ་ལ་མཆུ་སྒྲོས་ཤིག་ཡོད་ན
དེ་ངེར་པར་དུ་ལི་ཤིའི་དྲི་དང་ལྡན་པ་ཞིག་ཡིན་འོས
དམ་བུ་དེ་ལ་འོད་འཛིན་ཞིག་ཡོད་ན
དེ་ངེར་པར་དུ་རི་བོང་གི་ལུས་དང་འདྲ་བ་ཞིག་ཡིན་འོས
ཡིན་ནའང དམ་བུ་དེ་ལ་སེམས་ཤིག་ཡོད་ན
དེ་ངེས་པར་དུ་ཁ་འཇམ་གཏིང་ནག་ཅིག་ཡིན་འོས་སམ
གཡས་ཕྱོགས་སུ་ལྟོས།
ཇི་འདྲའི་ཕངས་བ་ལ
ངས་ད་དུང་ཁྱེད་རང་རྙེད་མ་བྱུང
ནམ་ལངས་ཀྱི་བྱ་ཕོའི
ཀི་སྒྲ་ཐོག་མ་ནས་བརྩམས་ཏེ
ངས་དབྱངས་དེའི་དབུས་སུ
མི་སྙན་པའི་འཛེར་སྒྲ་ཅུང་ཟད་ཡོད་པ
ངས་ཧ་གོ་སོང
ཚུལ་དེས་ང་རང་དབང་མེད་པར
ཧ་ཅང་སྐྱོ་ནའང
ཐོན་མིའི་བརྡ་སྤྲོད་དང་མཐུན་པའི
ཚིག་སྦྱོར་དག་ལས
ང་རང་ལ་མཁོ་ཐག་ཆོད་ཀྱི་ཐ་སྙད་དེ་ཡང
ད་དུང་རྙེད་མ་ནུས
མུན་རིབ་པ་ནས
སྔས་འབོལ་འོག་ན
གར་འོང་མི་ཤེས་པའི་རྡོ་བ་ཞིག་ཡོད་པ
ངས་རེག་ནས་ཤེས་སོང
སྒོ་ནང་དུ་འཛུལ་བ་ནས
ཤོག་བྱང་དེའི་སྟེང
(གཡས་ཕྱོགས་སུ་ལྟོས)ཞེས
བྲིས་འདུག་པ་མཐོང་མོད
གཡས་ཕྱོགས་ན
རྟོག་བཟོས་ཁྲོད་ཀྱི
དཔག་བསམ་ལྗོན་པ་ཞིག་ལས་མེད་དེ
དེ་ནི་ཚེ་སྲོག་མེད་པའི
འགྱིག་གི་ལྗོན་པ་ཞིག་ཡིན་པ་དེ་རེད

འདས་དོན་རླུང་ཁ་འཕྱོ།
ཞོགས་པར
ཁང་བའི་ར་སྐོར་ནང་འགྲེང་སྟེ
ཕྱོགས་གཅིག་ནས་རླུང་ལ་ཉན་བཞིན
ཕྱོགས་གཅིག་ནས་གྲོགས་པོ་དེ་དག་དྲན
གྲོགས་པོ་ཧ་ཅང་མང་པས
གཅིག་རེ་གཅིག་རེ་བཞིན་དྲན་ན
ཞོགས་པའི་དུས་ཚོད་ཀྱང་ཡོངས་སུ་ཟད་འགྲོ
ཕྱི་དྲོར
ཁང་བའི་ར་སྐོར་ནང་འགྲེང་སྟེ
ཕྱོགས་གཅིག་ནས་ཉི་འོད་ལ་རོལ་བཞིན
ཕྱོགས་གཅིག་ནས་གྲོགས་མོ་དེ་ཚོ་དྲན
གྲོགས་མོ་གཅིག་ལས་མེད་པས
ཡང་དང་ཡང་དུ་དྲན་ནའང
ཆུ་ཚོད་ཕྱེད་ཀ་ལས་མ་འགོར
ས་སྲོད་ལ
ཁང་བའི་ར་སྐོར་ནང་འགྲེང་ནའང
དྲན་དུ་རུང་བ་གང་ཡང་མེད་ལ
ཉམས་སུ་མྱོང་རྒྱུ་ཅི་ཡང་མེད་པས
བལྟས་ཚོད་ཀྱིས
འགྲོ་ས་འདུག་ཡུལ་མེད་པའི
ཁེར་རྐྱང་གི་མི་ཞིག་དང་འདྲ་བོ་འདུག

ངོས་ལེན་ཡི་གེ
བདག་གིས་བྲིས་ཟིན་པ་དེ་དག
གནའ་མི་ཚོས་སྔར་ནས་བྲིས་མྱོང
བདག་གིས་འབྲི་ངེས་པ་དག
རྗེས་རབས་པས་མུ་མཐུད་དུ་འབྲི་ངེས
བདག་གིས་ཆུད་ཟོས་སུ་བཏང་བའི་ཤོག་བུ
བདག་གིས་ཆུད་ཟོས་སུ་བཏང་བའི་སྣག་ཚ
རི་བོ་ལས་མཐོ་ཞིང་རྒྱ་མཚོ་ལས་ཡངས་ན་ཡང
དེ་རིང་བར་དུ བདག་གིས་ད་དུང
བདག་གིས་འཇིག་རྟེན་གྱི་བདེན་པ་འབྲི་མི་ཤེས
བདག་གིས་ཐབས་བརྒྱ་ཇུས་སྟོང་གིས
དག་ཡིག་གསར་བསྒྲིགས་ལས་བཙལ་བའི
ཐ་སྙད་དེ་དག་གིས
ཁ་སང་དེ་རིང
རྫི་བོའི་ལ་གཞས་ཁྲོད་ཀྱི་རོགས་མཐུན་ཙམ་ཡང
ཤེས་ཀྱིན་མི་འདུག
མེ་ལོང་།
ཨ་བ་ཨ་མ
བལྟས་ཀྱིན་བལྟས་ཀྱིན
ངས་ཁྱོད་ཀྱི་གདོང་ལ་མཆིལ་ཞགས་ཤིག་འཕེན་འདོད་ཅེས
ངས་མེ་ལོང་ལ་དེ་ལྟར་བཤད

འདི་ལྟར་ཤི་སོང་ན།
ང་འདི་ལྟར་ཤི་སོང་ན
གསལ་བྱེད་སུམ་ཅུ་བོ་ཇི་ལྟར་བྱ
བཀྲུས་བཀྲུས་ནས་ཁ་དོག་ཀྱང་ཡལ་བའི
བརྡ་སྤྲོད་ཀྱི་ལྭ་བ་འདི་དག་ཇི་ལྟར་བྱ
སྤོས་ཀྱིས་གདུག་ཀྱང་ཆང་གིས་མཆོད་པའི
མཆོད་སྒྲོམ་གྱི་དབྱངས་ཡིག་བཞི་བོ་ཇི་ལྟར་བྱ
འདང་བརྩེ་ཡི་དབང་གིས
ངའི་ཆེད་དུ་རང་སྲོག་བློས་བཏང་བའི
སྙན་ངག་གི་དཔེ་དང་གཟུགས་རྒྱན
རབ་བཏགས་དང་བསྡུས་བརྗོད་འདི་དག
ཇི་ལྟར་བྱ
ང་འདི་ལྟར་ཤི་སོང་ན
ངའི་ལུས་ལ་མེ་ཏོག་དང་དྲི་ངད་གཏོར་བའི
མངོན་བརྗོད་དང་བརྡ་དག་ཚོགས་ཀྱིས
ཅི་ཞིག་བྱ
ང་འདི་ལྟར་ཤི་སོང
ངའི་མིག་དང་སེམས་ལ་འབྱར་བའི
བོད་ཀྱི་ཡི་གེ་འདི་དག
ད་ཕྲུག་ཏུ་འགྱུར་ངེས
ང་དང་གྲིབ་མ་ལྟར་འགྲོགས་པའི
ཚེག་དང་ཤད་འདི་དག
སྐྱོ་གདུང་གིས་ཤི་ངེས
ད་ཅི་བྱེད་དམ
ང་ནི་ཤི་རན་སོང
མྱུར་བ་མྱུར་བར་མ་ཤི་ན
ངས་བྲིས་ཤིང་འབྲི་འགྱུར་གྱི
སྙན་ངག་འདི་དག་ཀྱང
དུས་རབས་ཀྱིས་བསྣུབས་ཤིང
མི་རྟག་པས་ཟོས་ཏེ
མི་རབས་ཕྱི་མར་སླེབས་དུས
ལྷག་བསམ་འདིའི་རུས་པ་སྤར་གང་ཡང
ལྷག་རྒྱུ་མ་རེད

ཐ་སྙད་ཀྱི་བློས་བསླངས།
གཞོན་ནུའི་དུས་ནས་བཟུང
ངས་གླེགས་བམ་དང་འཚོ་བའི་ཁྲོད་ཀྱི
ཐ་སྙད་ཀྱི་སོ་ཕག་རེ་རེ་བཞིན་སྒྲུག་ཏེ
ད་ནི རང་ལ་དབང་བའི་ཁང་མིག་ཅིག
བཟོས་ཆོག་ཆོག་ཡིན
ཁང་བའི་ནང་དུ
Cupidoཡི་སྒྲོ་གཤོག་གིས་བཏེགས་པའི
གློ་མཆིན་མདོག་གི་མལ་ཁྲི་ཞིག་བསྒྲིགས་ཚེ
ནམ་ཞིག་ཁྱོད་རང་ང་ཡི་ཆུང་མ་རུ་བསུས་ན
ཁྱོད་རང་ང་ཡི་གློ་མཆིན་གཉིས་ཀྱི་བར་གསེང་ནས
རྐང་བརྐྱངས་ལག་བརྐྱངས་ཀྱིས་ཉལ་ཆོག
བློ་བཀོད་བྱས
ཁང་བའི་ཕྱི་རོལ་དུ
སོ་ཕག་དམར་པོའི་ར་སྐོར་ཞིག་རྩིག་ཅིང
དེ་ལ་སྦྱར་བྱང་དཀར་པོའི་སྒོ་མོ་ཞིག་སྤྲད
སྒོ་མོའི་འགྲམ་དུ ཆང་བ་ལིའི་ལྗོན་པ་ཞིག་བཙུགས་ཤིང
ལྗོན་པའི་འོག་ཏུ
སྨྱུག་མས་བཟོས་པའི་རྐུབ་སྟེགས་ཤིག་བཞག་ན
ངས་རྐུབ་སྟེགས་སྟེང་སྙན་ངག་འབྲི་བཞིན་རྒྱང་རིང་ལ་བལྟས་ཚེ།
རི་སྒང་སྟེང་གི་མཚམས་སྤྲིན་དེ
ཇ་མདོག་གི་མེ་ཕུང་བཞིན་འབར་བ་མཐོང་ཐུབ་ལ
རི་ཞོལ་གྱི་ནོར་ཁྱུ་དེ་ཡང
ཕྱིར་ལོག་པའི་ཡུལ་གྱར་བ་བཞིན
དལ་བ་དལ་བུར་འོང་བ་མཐོང་ཐུབ་ངེས
ཁང་མིག་དེ་ལ་ད་དུང་གཡང་ཊིའི་སྒེའུ་ཁུང་ཞིག་སྤྲད་ཅིང
དེ་ལ་དཀར་ལྗང་འདྲེས་མའི་ཡོལ་བ་ཞིག་འཐེན་ན
ཁྱོད་དང་ང་གཉིས་ཀྱིས
གཅེར་བུའི་མལ་ཁྲིའི་སྒང་ནས་ཀྱང
དབྱར་དགུན་གྱི་དུས་ཚིགས་རེ་རེ་མྱངས་ཆོག་ཨང་བསམས
ཆུ་བཀྲུས་པ།
ས་སློག་སྟེ
ངོ་གདོང་ས་འོག་ཏུ་འགེབས་དོན
ལུས་པོ་ཕ་རོལ་གྱི་མཁའ་དབུགས་ལ
དུག་ཕོག་ཡོད་པས་ཡིན
རྫ་མགོ་རུ་བསྡད་དེ
རྫ་ཆུ་བཀྲུ་དོན
མིག་ཆུ་ཕ་རོལ་གྱི་ཆུ་བོ་ལ
འབག་སྙིགས་ལྡན་པས་ཡིན
ཁ་ཐུམ་བརྒྱབ་སྟེ
སྙན་ངག་འབྲི་དོན
སེམས་པ་ཕ་རོལ་གྱི་བརྩེ་དུང་ལ
གཅོང་ནད་ཞུགས་ཡོད་པས་ཡིན

འུར་རྡོ་འཕེན་མཁན།
མཐོ་སྒང་གི་མཁའ་དབུགས་ལ
སྙིང་ནད་རྩོད་ཆེད
སྟོང་འཇགས་ཀྱི་ཁོར་ཡུག་ན་འཇབ་པའི
གཟུགས་མེད་ཀྱི་དགྲ་བགེགས་དེ་དག་ལ
སྙིང་ནད་རྩོད་ཆེད
ངས་འུར་ལྕེ་ཡིས་རྡོ་ལ་གཞུ་བཞིན
མིག་མཐའ་རུ་ཁྲག་དམར་འཁྱིལ་ནས
ལོ་མང་འགོར
འུར་ཆ་དེ
ངའི་ལག་ཏུ་བཟུང་བའི་དུག་སྦྲུལ་ཞིག
རལ་གྲི་ཞིག ལག་དམར་བ་ཞིག་ཡིན་ནའང
ངས་འུར་རྡོ་རེ་རེ་དང་མཉམ་དུ
རང་གིས་བསྲོན་མི་ནུས་པའི
ན་ཟུག་འཕེན་བཞིན་ཡོད
རང་གིས་བསྒྲུབ་མི་ནུས་པའི
འུ་ཐུག་འཕེན་བཞིན་ཡོད
རང་གིས་མནོན་མི་ཐུབ་པའི
ཞེ་སྡང་འཕེན་བཞིན་ཡོད
རང་གིས་འདོར་མི་ཐུབ་པའི
ཁེར་རྐྱང་འཕེན་བཞིན་ཡོད
ཡིན་ནའང་། ༼ཐག༽སྒྲ་དང་བཅས
ས་རུ་འགྱེལ་མཁན་གང་ཡང་མི་འདུག
ནག་རོག་རོག་གི་རི་སྒང
སྔར་མལ་ན་བསྡད་འདུག
སྐྱ་སབ་སིབ་ཀྱི་བྲག་རྡོ
སྔར་མལ་ན་བསྡད་འདུག
སྟོང་བའི་མཁའ་དབུགས་དག
འགུལ་ཙམ་ཡང་མི་བྱེད
འུར་ཆ་རེ་རེ་འཕེན་དུས
ངས་རང་ཉིད་ཀྱི
ཇེ་ལྕི་ནས་ཇེ་ལྕི་རུ་འགྱུར་བཞིན་པའི
འཁུན་སྒྲ་ཐོས་འོང
ངས་རང་ཉིད་ཀྱི་ལུས་དང་སེམས་ཁ་རུ
རྨ་ཁ་བཞིན་བརྐོས་པའི
མཁའ་དབུགས་ཀྱི་གྲི་ཤུལ་མཐོང་འོང
ང་ཐང་ཆད་སོང
མཐོ་སྒང་གི་ལྭ་བ་མཐུག་པོའི
ལྟེབས་གཉེར་བར་ན
ང་ཇེ་ཆུང་ནས་ཇེ་ཆུང་རེད
ང་ཇེ་སྟོང་ནས་ཇེ་སྟོང་རེད
ད་ལྟ ང་ནི་ཕམ་དམག་ཅིག་དང་འདྲ་བར
འུར་ཆ་ཐང་དུ་དྲུད་ནས་འོང་བ་ནི
སེམས་པ་ཤི་བའི་རང་ཉིད
དུར་ཁྲོད་དུ་འདྲུད་པ་དང་འདྲ་ལ
འགྲེང་ནས་རྙིད་པའི་ཕོ་མཚན
བརླ་བར་དུ་འདྲུད་པ་དང་ཡང་འདྲ་འདུག

གངས་ཏི་སེ་དེ་དག
གངས་ཏི་སེ་དེ་དག
མཚོ་མ་ཕམ་དེ་དག
དེ་དག་གི་གནས་སུ་ཕྱིན་ཏེ
དེ་དག་གི་གནས་སུ་སྒྲུབ་པ་རེ་མ་སྦྱངས་ན
ངའི་མི་ཚེ་འདི་ཇི་འདྲའི་ཕངས
སྒྲུབ་པ་སྦྱངས་བའི་མངོན་རྟོགས་སུ
སྟོང་ཉིད་རྟོགས་པའི་མགུར་མ་རེའམ
འབྱུང་བཞི་ཐུལ་བའི་རྫུ་འཕྲུལ་རེ་མ་བསྟན་ན
ངའི་སྐྱེ་བ་འདི་ཡང་ཇི་འདྲའི་ཕངས
དཔེར་ན མི་ལ་རས་པ་ལྟ་བུ
ཞབས་དཀར་ཚོགས་དྲུག་རང་གྲོལ་ལྟ་བུ
འབྲོང་གི་ར་བར་ནས་རྐང་བྲོ་རྡུང་ཞིང
ར་ཅོའི་ཕུགས་པ་ནས་གླུ་ཆུང་ལེན་བཞིན
སྤྲིན་གྱི་ཡང་སྟེང་དུ
མཁའ་འགྲོའི་ཚོགས་དང་འགྲོགས་ཤིང
གཅོང་རོང་ཟབ་ས་རུ
སྲིན་མོའི་ཚོགས་དང་ལྷན་དུ་བསྡེབས་ན
འཁོར་བ་རྣམ་གནོད་གྱི་སེ་གོལ་གཏོགས་པ་ཙམ་ལ
མཐའ་བཞིའི་གདུག་སྲིན་གྱི་ཁ་རླངས་ཏོག་སེར་སེལ་ཞིང
དམིགས་མེད་བྱང་ཆུབ་ཀྱི་སྤྱན་མིག་ཕྱེས་པ་ཙམ་ལ
མཚམས་བརྒྱད་གཅན་གཟན་གྱི་སྡིག་པ་ཡུད་ཀྱིས་དག་སྟེ
ཆགས་མེད་རྒོད་པོ་བཞིན་འཕུར་རྒྱུ་བྱུང་ན
དེ་ལྟ་ན ང་རྣལ་འབྱོར་སློབ་ཏུ་འགྲོ་དགོས
བྲག་རྫོང་མཐོན་པོ་རེའི་ཕུགས་པ་ཉུལ་ནས
ཆུ་ཀླུང་དྲག་པོ་རེའི་ཁུགས་སོ་ཉུལ་ནས
སྒྱུ་ལུས་ཀྱི་ཕུང་པོ་འདི་ལྷམ་གོག་བཞིན་དོར་སྟེ
རུས་པའི་ཕྲེང་བ་འདི་ཏིལ་འབྲུ་བཞིན་བརྡུངས་སྟེ
སྒྲ་མེད་གྲགས་མེད་དུ
རྣལ་འབྱོལ་སློབ་ཏུ་འགྲོ་དགོས

འཇིག་རྟེན་གནམ་གྱི་འོག་ན།
འཇིག་རྟེན་གནམ་གྱི་འོག་ན
སྐྱེ་རྒ་ན་འཆི་ལས་གཞན
དོན་དག་གསར་བ་ཞིག་མི་འདུག
འཇིག་རྟེན་ས་ཡི་སྟེང་ན
སྐྱེ་རྒ་ན་འཆི་ལས་གཞན
དོན་དག་གསར་བ་ཞིག་མི་འདུག
འཇིག་རྟེན་མི་ཡི་ཡུལ་ན
སྐྱེ་རྒ་ན་འཆི་ལས་གཞན
དོན་དག་གསར་བ་ཞིག་མི་འདུག
རྒྱུ་རྐྱེན་དེ་ཡི་དབང་གིས
ཁྱོད་ཁྱོད་ཀྱི་ལྷ་ཁང་དུ་སོང་ཆོག
ང་ང་ཡི་ཡི་རྩྭ་ཁང་དུ་དུ་བུད་འགྲོ
རྒྱུ་རྐྱེན་དེ་ཡི་དབང་གིས
ཁྱོད་ཁྱོད་ཀྱི་གསེར་དངུལ་ཉོ་རུ་སོང་ཆོག
ང་ང་ཡི ཚྭ་ཁུ་ཉོ་རུ་བུད་འགྲོ
ང་ཚོ།
ང་ཚོ་བྱེ་ཐང་བརྒྱུད་དུས
ང་ཚོས་(ཨེ་མ བྱེ་རླུང་ཇི་འདྲའི་ཆེ་བ་ལ)ཞེས་བཤད
ང་ཚོ་རྩྭ་ཐང་བརྒྱུད་དུས
ང་ཚོས(ཨེ་མ ནོར་ལུག་ཇི་འདྲའི་ཚོ་བ་ལ)ཞེས་བཤད
ང་ཚོ་གྲོང་ཁྱེར་བརྒྱུད་དུས
ང་ཚོས(ཨེ་མ མི་འདི་ཇི་འདྲའི་མང་བ་ལ)ཞེས་བཤད
ང་ཚོ་ཟེར་ཡང་ཁྱོད་དང་ང་རེད
ངེད་གཉིས་ནི་ཆུང་མ་མེད་པའི
མི་ཧྲེང་གཉིས་རེད

སྐར་ཆ་གཅིག
ལོ་ལོ་མ་ཟེར
ཟླ་བ་ཟླ་བ་མ་ཟེར
ཉིན་མོ་ཉིན་མོ་མ་ཟེར
དུས་ཚོད་དུས་ཚོད་མ་ཟེར
ཆེས་ཐུང་བའི་སྐད་ཆ་འདི་ཤོད་དང
མར་ཉི་མས་བཞུ་རག་བར
སྐད་ཆ་ག་ཚོད་ཡོད་དམ
དྲན་པའི་ཡིག་ཆུང་བྲིས་ཚར་རག་བར
སྐད་ཆ་ག་ཚོད་ཡོད་དམ
ལན་ཆགས་དག་པ་བཞིན
མིག་གཙུམས་རག་བར
ད་དུང་སྐད་ཆ་ག་ཚོད་ཡོད་དམ
ཁྱི་སྐད།
ཐོག་དང་པོར་ཁྱི་སྐད་གཅིག་ཐོས
དེར་མཐུད་ནས
ཁྱི་སྐད་གཉིས ཁྱི་སྐད་གསུམ
མཇུག་མཐར་ཁྱི་སྐད་མང་པོ་ཞིག་ཐོས
དོན་དག་ག་རེ་བྱུང་བ་ཡིན་ནམ་སྙམ་བཞིན
མགོ་བོ་དགྱེ་ནས་བལྟ་དུས
སྒེའུ་ཁུང་ཕྱི་རོལ་དུ
མཚན་མོ་ཧ་ཅང་ནག
ད་དུང་ཆར་བའང་འབབ་བཞིན་པ་འདྲ
དེ་བས
ངས་མལ་ཐུལ་གྱིས་མགོ་བོ་བཏུམས་ཞོར
སེམས་ལ
ཅི་བྱུང་ན་བྱུང
གཉིས་ལས་སད་དུས
ད་གཟོདབལྟས་ཆོག་སྙམ

སེམས་ཁྲལ།
མདང མཚན་གང་བོར
ངས་ཐ་མག་རྐང་གཅིག་ཅོག་ཙའི་་སྟེང་བཞག་སྟེ
སྐབས་རེར་ཐ་མག་གྱེན་དུ་བསླངས་ཤིང
སྐབས་རེར་ཐ་མག་ཐང་དུ་བསྒྱེལ
སྐབས་རེར་ཐ་མག་གི་རྩེ་མོ
ཤར་ཕྱོགས་སུ་བསྟན་ཞིང
སྐབས་རེར་ཐ་མག་གི་མགོ་བོ
ནུབ་ཕྱོགས་སུ་བསྙེས་ཏེ
མཚན་གང་བོར
ངས་ཐ་མག་རྐང་གཅིག་གིས་མཚོན་མི་ནུས་པའི
མཚན་ཞག་གཅག་གི་སེམས་ཁྲལ་འདི
རིང་ཐུང་གི་ཚད་གཞི་ག་འདྲ་ཡིན་པ
བརྟག་དཔྱད་བྱས
འཇུག་མཐར
ངས་ཐ་མག་རྐང་གཅིག་དེར་མེ་བསྒོས་ཏེ
ཤེད་ཀྱི་རྔུབ་ཐེངས་གཅིག་གིས
ཏག་ཏག
སྐྱ་རེངས་ཤར་དུ་བཅུག

འཕྲིན་ཡིག
ཁྱོད་མཐོང་བའི་ཉིན་དེ་ནས་བཟུང
ཁྱོད་ལ་འཕྲིན་ཡིག་ཅིག་འབྲི་དགོས་བསམས
དེའི་རྗེས་སུ ཁྱོད་ཤར་རེད ང་ནུབ་རེད
སྨྱུ་གུ་ཤེད་ཀྱིས་བཏེགས་ནའང
འབབ་སའི་ཤོག་བུ་མི་འདུག
ཟླ་འོད་ཧ་ཅང་གསལ་བའི་མཚན་མོར
སྒེའུ་ཁུང་ལ་བསྙེས་ཏེ ནམ་མཁའི་དབྱིངས་སུ་ཡི་གེ་རེ་གཉིས་བྲིས
དེའི་རྗེས་སུ
ཡི་གེ་ཁ་བ་རེད དྲན་པ་རྐང་རྗེས་རེད
དུས་ཀྱི་རླུང་བུ་ལྡངས་མགྱོགས་པས།
ཁ་བའི་རྗེས་ཤུལ་ཟིན་ཐབས་མི་འདུག
ལོ་འདི་འགར བྲིས་ཤིང་བསུབས་ཏེ
བསུབས་ཤིང་བྲིས་ཏེ
ང་རང་གི་དྲན་པ་མོག་པོར་གྱུར
དེའི་རྗེས་སུ
ཁྱོད་བོར་སོང ང་རྒས་སོང
མིག་གིས་མི་མཐོང་ནའང
ཁྱོད་ལ་ཁ་ཆེམས་ཡི་གེ་ཞིག
ཅིས་ཀྱང་འབྲི་དགོས་བསམས

མིག་འབྲས་ནག་པོ་ནག་པོ་དེ།
གསུམ་བརྒྱད་དུས་ཆེན་ལ་འབྲོག་མོ་ཞིག་ལ་བྲིས་པ།
འཇིག་རྟེན་སྟེང་ཆེས་མཛེས་པ་ནི
ཕྱི་རོལ་གྱི་ཡུལ་ལྗོངས་མ་རེད
ཕྱི་རོལ་གྱི་ཡུལ་ལྗོངས་དང་དབྱེར་མེད་འདྲེས་པའི
མི་དེ་རེད
འཇིག་རྟེན་སྟེང
མི་ལས་ཀྱང་མཛེས་པ་ནི
དུས་ཚིགས་རེད
འཇིག་རྟེན་སྟེང་དུས་ཚིགས་ལས་ཀྱང་མཛེས་པ་ནི
ལང་ཚོ་རེད
འཇིག་རྟེན་སྟེང་ལང་ཚོ་ལས་ཀྱང་མཛེས་པ་ནི
སྒྱུ་རྩལ་རེད
འཇིག་རྟེན་སྟེང་སྒྱུ་རྩལ་ལས་ཀྱང་མཛེས་པ་ནི
ལྷད་མེད་པའི་སེམས་གཤིས་རེད
ཡིན་ནའང་དེ་དག་ལས་ཀྱང
འཇིག་རྟེན་སྟེང་ཆེས་མཆོག་ཏུ་རབ་ཏུ་མཛེས་པ་ནི
དེ་རིང ཁྱོད་ཀྱིས་བདག་ལ་བལྟ་སྐབས་ཀྱི
མིག་འབྲས་ནག་པོ་ནག་པོ་དེ་རེད
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།