2016ལོའི་གཅན་མེ་སྟག་གི་སྙན་ངག་གསར་བྲིས་སྐོར་ཞིག

403

utyuty.jpg

                                     ལྷ་སའི་ཉི་འོད།

ལྷ་སའི་ཉི་འོད་བར་བསྐོར་གླིང་དུ་འཕྲོས།

ལྷ་སའི་ཉི་འོད་བར་བསྐོར་གླིང་གི

མི་བཟང་དང་མི་ངན་སྟེང་དུ་འཕྲོས།

ལྷ་སའི་ཉི་འོད་བར་བསྐོར་གླིང་གི

གནས་མཇལ་བ་དང་ཉེན་རྟོག་པའི་སྟེང་དུ་འཕྲོས།

ལྷ་སའི་ཉི་འོད་པོ་ཏ་ལའི་རྒྱ་ཕིབས་སྟེང་དུ་འཕྲོ་བ་མ་ཟད།

ལྷ་སའི་ཉི་འོད་ཨ་ཅག་ཤི་ལོག་གི་རྒྱབ་གཞུང་ནས།

ཚོ་ཞིང་རྒྱགས་པའི་འཕོངས་ཚོས་སྟེང་དུའང་འཕྲོ་བར་བྱེད།

ལྷ་སའི་ཉི་འོད་ལ་ཕྱོགས་རིས་མི་འདུག་ཟེར།

ལྷ་སའི་ཉི་འོད་ར་སའི་ལམ་ནས་འཕྲོས་ཏེ།

གཡུ་ཐོག་ལམ་དུ་ཡལ་རག་བར།

ལྷ་སའི་ཉི་འོད་ཡུལ་སྤྲང་བ་དང་།

སྨད་འཚོང་མའི་སྟེང་དུ། ཡུད་ཙམ་འཕྲོ།

ལྷ་སའི་ཉི་འོད་སི་ཁྲོན་པ་དང་ཨ་མདོ་བའི་སྟེང་དུ།

ཡུད་ཙམ་འཕྲོ།

ལྷ་སའི་ཉི་འོད་རྫོང་རྒྱབ་ཀླུ་ཁང་གི་བསྐོར་ལམ་ནས།

ཉི་མའི་གླིང་ཕྲན་གྱི་སྤྱོད་ཁང་སྟེང་དུའང་།

ཡུད་ཙམ་འཕྲོ།

ལྷ་སའི་ཉི་འོད་དྲོ་གྲང་མི་འདུག་ཟེར།

ལྷ་སའི་ཉི་འོད་དམར་པོ་རིའི་བསངས་ཁྲིའི་སྟེང་འཕྲོ་ཞིང་།

ལྷ་སའི་ཉི་འོད་སྐྱིད་ཆུའི་འཁྱག་རོམ་སྟེང་།

ཡུད་ཙམ་འཕྲོ།

ལྷ་སའི་ཉི་འོད་མི་སེམས་དྲོད་འཇམ་གྱི་དད་པའི་ངོགས་སུ་འཕྲོ་ཞིང་།

ལྷ་སའི་ཉི་འོད་མེ་མདའི་གྲང་རེག་གི་མདེའུ་ཁུང་ཁ་རུ།

ཡིད་ཙམ་འཕྲོ།

དེ་ལྟར་བལྟས་ན།

ལྷ་སའི་ཉི་འོད་ལ་རང་ཚུགས་ཅི་ཡང་མི་འདུག་སྟེ།

བཙན་པོའི་རྒྱལ་རབས་སུ་ཉི་འོད་དཀར་པོ་དང་།

དམར་པོའི་རྒྱལ་རབས་སུ་ཉི་འོད་དམར་པོ་དང་།

རྒྱང་བཞུད་པའི་མིག་ལམ་དུ་ཉི་འོད་སེར་པོ་དང་།

རེ་སྨོན་ཅན་སེམས་ཁ་རུ་ཉི་འོད་ལྗང་ཁུ་སྟེ།

སྐད་ཅིག་སྐད་ཅིག་ལའང་།

ངའི་མགོ་ཐོག་ཏུ།

ཉི་འོད་སྔོན་པོ་ནས་ནག་པོར་འགྱུར་བཞིན་ཡོད།

22.jpg

                             ཐུགས་རྗེས་གཟིགས་རོགས།

གལ་ཏེ།   ང་ནི་ཡོམ་ཡོམ་འཕྱོ་བའི་རླུང་ཞིག་ཡིན་ན།

ང་རང་བར་བསྐོར་ལམ་གྱི་མི་ཚོགས་ཀྱི་རྐང་རྡུལ་ཀློང་ནས་ཡལ་འགྲོ།

གལ་ཏེ།   ང་ནི་ཆག་ཆག་འཐོར་བའི་ཆར་ཐིགས་ཤིག་ཡིན་ན།

ང་རང་ཇོ་ཁང་ཀླད་ཀྱི་རྫ་གཡམ་གྱི་ཆགས་གྲུམ་བར་ནས་འཐིམས་འགྲོ།

ཐུགས་རྗེས་གཟིགས།

འཕགས་པ་སྤྱན་རས།

ཐུགས་རྗེས་གཟིགས།

ལྷ་སའི་ཇོ་བོ།

ང་ནི་དབུས་མཇལ་གནས་ལམ་དུ་དོར་བའི་བླ་སྲོག་གི་ཁྱིའི་རུས་པ་དེ་ཡིན།

ང་ནི་གུ་གེའི་བཙན་རྫོང་ནས་འདས་པའི་ལོ་རྒྱུས་ཀྱི་ཨ་སྐྱོ་བ་དེ་ཡིན།

ང་ནི་ཆུ་ཤུར་ཟམ་ཆེན་སྟེང་ཉལ་བའི་རས་པ་བགྲེས་པོ་དེ་ཡིན།

ང་ནི་འབག་སྙིགས་སྐྱིད་ཆུའི་འགྲམ་གྱི་ཨ་མདོའི་ཡུལ་འཁྱར་བ་དེ་ཡིན།

ཐུགས་རྗེས་གཟིགས།

ཕོ་བྲང་པོ་ཏ་ལ།

ཐུགས་རྗེས་གཟིགས།

ནོར་བུ་གླིང་ཀ

ང་རང་བོད་རྒྱལ་ཆེས་མཐའ་མཇུག་གི་སྐལ་ངན་ཕོ་དེ་བྱེད་མི་འདོད།

ང་རང་ཁོའི་ཚོའི་མགྲིན་ལམ་ནས་ཐོན་པའི།

འགྱོད་གཤགས་ཀྱི་ཚིག་དང་ཡི་གེ་དེ་བྱེད་མི་འདོད།

གལ་ཏེ་ང་ནི་ཧི་མ་ལའི་རི་རྩེ་རུ་ཟུག་པའི།

རྡོ་བའི་ཐེམ་སྐས་དེ་ཡིན་ན།

ངས་འཇིག་རྟེན་མ་སྟོངས་ཀྱི་བར་དུ།

བདག་པོ་མེད་པའི་མི་ཚོགས་འདི་གྱེན་དུ་འདྲེན་ངེས།

ཐུགས་རྗེས་གཟིགས།

ཕོ་བྲང་དམར་པོ།

ཐུགས་རྗེས་གཟིགས།

ཕོ་བྲང་དཀར་པོ།

གལ་ཏེ། ང་ནི་ཡོམ་ཡོམ་འཕྱོ་བའི་རླུང་ཞིག་ཡིན་ན།

ང་རང་བར་བསྐོར་ལམ་གྱི་མི་ཚོགས་ཀྱི་རྐང་རྡུལ་ཀློང་ནས་ཡལ་འགྲོ།

གལ་ཏེ། ང་ནི་ཆག་ཆག་འཐོར་བའི་ཆར་ཐིགས་ཤིག་ཡིན་ན།

ང་རང་ཇོ་ཁང་ཀླད་ཀྱི་རྫ་གཡམ་གྱི་ཆགས་གྲུམ་བར་ནས་འཐིམས་འགྲོ།

IMG_5474.JPG

                                    ལྷ་ས།

ལྷ་ས།  ཁྱོད་ཀྱི་ཕ་ཡུལ་དུ།

ཟོག་རྫུ་དང་གཅོམ་ཆུང་ཇི་འདྲའི་མང་བ་ལ།

དེ་དག   ཇོ་བོ་དང་གནས་མཇལ་བར་འབྲེལ་བ་མེད།

དེ་དག   སྦྱར་བྱང་དང་བསྒྲགས་གཏམ་ལའང་འབྲེལ་བ་མེད།

ར་སའི་ལམ་གྱི་དུང་མོ་ཆེ་དེས།

ང་ལ་སྐྱེ་བ་སྔོན་མའི་དཔའ་མཛངས་དྲན་དུ་བཅུག

འོ་ཐང་གི་མཚོ་དང་ར་མའི་ཁྱུ་ཚོགས།

ཇོ་བོ་མ་བྱོན་གོང་དུ་ཇི་འདྲའི་སྐྱིད།

ཡང་ན་ངས་ལོ་རྒྱུས་དེ་ཀློག་ཉེས་བྱས་སོང་།

ངས་དེ་དག་བརྒྱུད་པའི་ཕམ་ཁ་དང་དཀའ་ཚེགས་དག་ཀྱང་། འགྲེལ་ཉེས་བྱས་སོང་།

ལྷ་ས། མ་གཞིར་ཁྱོད་ནི་དེ་དག་གི་འོད་དང་ཆར་བས།

ད་དུང་སྒམ་བརླིང་གི་ཉམས་ཀྱིས་བསྐྱངས་འདུག

རེད་དེ། འདུ་འབྲལ་གཞིས་སྟོང་གི་རྨི་ལམ་འདིའི་ངོགས་སུ།

ངས་ད་དུང་ཇི་ལྟར།

ཁྱོད་ཀྱི་རྫིག་ཉམས་དང་གཡོ་འཛུམ་སྲུང་དགོས།

12.jpg

                           ཀོ་ལྷམ།

སྔོན་ཆད།   ང་ལ་རྩྭ་ལྷམ་ཧ་ཅང་མང་པོ་ཞིག་ཡོད།

རྩྭ་ལྷམ་ཚང་མ་ཐེད་ཅིང་རྙིང་གོག་ཡིན་ནའང་།

ང་ནམ་ཡང་རྐང་རྗེན་དུ་འགྲོ་མི་དགོས་པས།

སེམས་ཧ་ཅང་སྐྱིད་པོ་རེད།

སྔོན་ཆད།    ང་ལ་ཞ་སྨྱུག་ཧ་ཅང་མང་པོ་ཞིག་ཡོད།

ཞ་སྨྱུག་ཚང་མ་ཟད་ཅིང་ཐུང་ངུ་ཡིན་ནའང་།

ངས་ནམ་ཡང་སོལ་བ་སྤྱོད་མི་དགོས་པས།

ཡིད་རབ་ཏུ་མགུ་ཡོད།

དེ་རིང་།

ངས་རྩྭ་ལྷམ་ཚང་མ་ཀོ་ལྷམ་དུ་བསྒྱུར་དུས།

ངའི་རྐང་བ་གཉིས་ཀ་འགྲོ་ཤེས་ཀྱི་མི་འདུག

དེ་རིང་།

ངས་ཞ་སྨྱུག་ཚང་མ་ལྕགས་སྨྱུག་ཏུ་བསྒྱུར་དུས།

ངས་ཡི་གེ་འདི་དག་སྒྲིག་ཤེས་ཀྱི་མི་འདུག

8.jpg

                                  ལོ་ན་བཞི་བཅུ།

ལོ་ན་བཞི་བཅུར་བུད་པའི་སྐྱེས་པ་ཞིག་མགྲོན་ཁང་དུ་གཅིག་པུར་སྡོད་རྒྱུ་ལས་སླ་མོ་ཞིག་མ་རེད།

ལྕགས་ཐག་ཅིག་གིས་བཏགས་ཟིན་པའི་སེམས་པ་གཟེར་དང་མི་གཟེར་ང་རང་གིས་ཤེས་ཡོད།

སྒྲུབ་བྱེད་གཏན་ཚིགས་རྣོ་བའི་དཔྱད་རྩོམ་གང་དུའང་།

ལོ་ན་བཞི་བཅུར་བུད་པའི་སྐྱེས་པ་དེ་སྲོག་ཆགས་གང་འདྲ་ཞིག་ཡིན་པར།

གསལ་འགྲེལ་གནང་མི་འདུག

ངས་ཧ་ཅང་སེམས་ཆུང་གིས།

སྟོང་འདང་མང་པོ་ཞིག་བརྒྱབ་ནའང་།

ལོ་ན་དེའི་དབང་གིས།

མཚན་མོའི་ཐུ་འོག་གི

འཇམ་ཉུག་ཉུག་གི

བ་སྤུ་གང་ཡང་ལག་ཏུ་མ་ཟིན།

                       གླེང་མོལ།

མེ་ལོང་ལ་བལྟས་ཏེ།

ངས“དགོངས་པ་མ་ཚོམ”ཞེས་བཤད།

མེ་ལོང་ནང་གི་ངས།

མཆུ་སྒྲོས་ཕྱེས་ཙམ་གདངས་ཙམ་བྱེད།

གཅིག་གཉིས་གསུམ་དུས།

མཆུ་སྒྲོས་ཕྱེས་ཙམ་ལ་ཡང་མྱུར་དུ་བཙུམས་སོང་།

ཁོས“དགོངས་པ་མ་ཚོམ”ཟེར་དུས།

ཉི་དགའ་མེ་ཏོག་གི་འདབ་མ་འདྲ་བའི།

སོ་ཕྲེང་ཡ་ཡོར་ཞིག་མངོན།

Nicotineགྱི་མེ་ཐལ་འདྲ་བའི།

དྲི་མ་ཁ་བོ་ཞིག་འཐུལ།

11.jpg

                            ངས་བལྟས་ན།

 ངས་བལྟས་ན།    ཅོག་ཙེ་དང་ཨོང་སྟེགས་གཉིས་ཀ

ཨ་འདྲ་ཆ་འདྲ་རེད།

དེ་གཉིས་གཅིག་ལ་གཅིག་བརྟེན་ཡིན་པ།

ཅིའི་ཕྱིར་དང་ཇི་ལྟར་ཡིན་པ་དང་འདྲ།

འཇིག་རྟེན་དང་རྒུན་འབྲུམ་སྡོང་བོ་ཡིན་པ་དང་འདྲ།

གང་ཞིག་ཆེ་བ་དང་གང་ཞིག་ཆུང་བ།

གང་ཞིག་གཡས་དང་གང་ཞིག་གཡོན་ཡིན་པ།

འཇལ་བྱེད་ཀྱི་ཤིང་མ་གཏོགས།

གནས་ལུགས་ཀྱིས་མཚོན་མི་ཐུབ།

འཇིག་རྟེན་ནི་དོན་སྤྱི་ཞིག་ཡིན་ན།

ངའི་འཚོ་བ་དང་འབྲེལ་བ་ཅི་ཡང་མེད་དེ།

འཚོ་བའི་སྙིང་བོ་དེ་ཡང་།

མེ་སྐར་དང་ཤིང་སྐར་ཡིན་པ་ཇི་བཞིན།

༤༤༤.jpg

                               ཕ་རོ་བཟའ་རྒྱུ་བོ།

དེ་རིང་། ཕ་རོ་བཟའ་རྒྱུའི་གནམ་ངོ་འདི།

ཇི་འདྲའི་དྭངས་བ་ལ།

ཕ་རོ་བཟའ་རྒྱུའི་སྙན་ངག་ཇི་བཞིན།

ཇི་འདྲའི་གོ་ཆོད་མེད་པ་ལ།

དེ་རིང་།  ཕ་རོ་བཟའ་རྒྱུའི་བསེར་རླུང་འདིས།

རྐང་བ་གཉི་ཀ་ཁོམ་དུ་བཅུག

ཕ་རོ་བཟའ་རྒྱུའི་ཁྱིམ་ནང་ནས།

ཕོ་མོ་གཉི་ཀ་བཟི་རུ་བཅུག

དེ་རིང་། ཕ་རོ་བཟའ་རྒྱུའི་བཀྲ་ཤིས་པ།

ཡོད་ཚད་གཅིག་ཏུ་འཛོམས་སོང་།

ཕ་རོ་བཟའ་རྒྱུའི་བཀྲ་ཤིས་ལས།

བཀྲ་ཤིས་གཅིག་ཀྱང་དགོས་པ་མེད།

ཡིན་ནའང་།  ཕ་རོ་བཟའ་རྒྱུའི་ཁྱོད།

དོན་མེད་དུ་ངུ་དོན་ག་རེ་རེད།

ག་རེ་རེད།

                    ལྷ་སའི་ཁྲོམ་ནས།

ཆུ་ཚོད་གསུམ་ཙམ་ལ།

ང་རང་ཚའོ་ཚང་གཞིས་ཀ་ནས།

གམ་པ་ལ་མོར་སླེབས།

བར་སྣང་བྱ་ལམ་གོང་མ་ནས།

པོ་ཏ་ལའི་རྡོ་སྐས་ལོགས་སུ་སླེབས།

ཟི་ལིང་ཧོས་ཧོས་ཚོང་ར་ནས།

ལྷ་སའི་བར་བསྐོར་ཁྲོམ་དུ་སླེབས།

དག་ཞིང་དུ་སླེབས་སོ་སྙམ་དུས།

ངའི་ལྷམ་རལ་སྟེང་གི་རྡུལ་སྙིགས་ད་དུང་དག་མི་འདུག

ལྷ་ས་རུ་སླེབས་སོ་ཟེར་དུས།

ངའི་ཁ་ནང་གི་གཡེར་སྒོག་དྲི་མ་ད་དུང་ཡལ་མི་འདུག

ར་མོ་ཆེའི་གཙུག་ལག་ཁང་གི་སྒོ་ཐེམ་སྟེང་།

འགྲོ་བཞིན་འགྲོ་བཞིན་དུ།

སྒྲེགས་པ་ཐེངས་རེ་རྒྱག་དུས།

ཞོགས་པར་ཟི་ལིང་ཁ་ཆེའི་ཟ་ཁང་ནས་ཟོས་པའི།

ལུག་མགོའི་ཤ་རྙིང་གི་དྲི་མ་དེ་ཡང་བསྐྱར།

སྣ་ལམ་དུ་འཐུལ་འོང་།

ཨ་ཁ་ཁ།

རྨི་ལམ་དང་དངོས་དོན་གྱི་བར་ཐག་འདི་འདྲའི་ཐུང་བ་ལ།

དད་པ་དང་དངོས་དོན་གྱི་བར་ཐག་འདི་འདྲའི་ཐུང་བ་ལ།

        རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

 

 

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།