2015ལོའི་གཅན་མེ་སྟག་གི་གསར་བྲིས་སྙན་ངག་ཕྱོགས་བཏུས། (སྔ་དུམ།)

359

44444444.jpg

                          སྙན་ངག

ཁྱོད་ཀྱིས་སེམས་ལ་ཟུངས

ལོ་ག་གེ་མོའི་ཟླ་བ་ག་གེ་མོའི་ཉི་མ་ག་གེ་མོ་འདིར

གཅན་མེ་སྟག་གིས་ཁྱོད་ཀྱི་ཅོག་ཙེ་རྡུང་ཞིང

ཆང་ཕོར་བརྡབས་ལ

བརླ་སྟེང་ལ་ཐལ་ལྕག་བྲབས་ཏེ

ཁྱོད་ཀྱིས་སེམས་ལ་ཟུངས

ལོ་ག་གེ་མོའི་ཟླ་བ་ག་གེ་མོའི་ཉི་མ་ག་གེ་མོ་འདིར

གཅན་མེ་སྟག་གིས་ཁྱོད་ལ་སྙན་ངག་གྱེར་ཞིང

སྐད་འགགས་རག་བར་དུ

སྨྲེ་སྔགས་སྣ་ཚོགས་བཏོན་ཏེ

འདི་ཡོད་ཚད་ནི་ཁྱོད་སྙིང་ཉེ་བས་མིན་ལ

ཁྱོད་སྐྱེ་གཟུགས་ཡག་པས་ཀྱང་མ་རེད

འདི་ཡོད་ཚད

དགུན་ཟླ་འདིའི་ངོ་ཚ་ཁྲེལ་མེད་ཀྱི

འདོད་སྲེད་ངོམས་མེད་ཀྱི

སློག་ཧྲུལ་ཐུ་འོག་ནས་མངོན་པའི

བརླ་ཤ་སྐྱ་བོ་དེའི་ཕྱིར་དུ་རེད

48.jpg

              ལས་ཁུངས་དང་དེ་རིང་གི་ཉིན་གུང་།

སྒེའུ་ཁུང་ལས་རྒྱང་དུ་བལྟས་ན

ཐོག་རྩེག་བཞི་ཅན་གྱི་ཁང་པ་ཞིག་མཐོང་ཐུབ

དེའི་སྟེང་རིམ་ནས

བཟོ་སྐྲུན་ལ་མཁོ་བའི་མཐོ་འདེགས་འཕྲུལ་ཆས་གཉིས་ཀྱི་སྐས་གདང་མཐོང་ལ

སྤོ་ཁྱེར་དང་མཉམ་སྦྲེལ་གྱི་དྲ་འབྲེལ་ཀ་བ་གཉིས་ཀྱང་རབ་རིབ་ཀྱིས་མཐོང

དེའི་སྟེང་རིམ་ནས

ཡོན་པོ་བྲག་དཀར་གྱི་རྫ་རྩེ་རབ་རིབ་ཏུ་མངོན་མོད

ནམ་མཁའ་ཧྲིལ་བོ་སྐྱ་ཐིང་ཐིང་ཞིག་རེད

ཉེ་ས་ནས་བལྟས་ན

ཨར་འདམ་གྱི་ལམ་བུ་ཞིག་གི་གཡས་གཡོན་དུ

གྲུ་བཞིར་བཟོས་པའི་མེ་ཏོག་ལྡུམ་རྭ་གཉིས་ཡོད་ཅིང

དེའི་ནང་དུ

ཁ་དོག་སེར་སྐྱར་གྱུར་བའི་ཚོམ་བུ་ཞིག་དང

ཤི་ལ་ཉེ་བའི་གསོམ་ཤིང་ཆུང་ངུ་འགའ་ཞིག་ལས

ཅི་ཡང་མི་འདུག

ཐོག་ཁང་དེ་དང་རྭ་སྐོར་འདིའི་བར་དུ

ཁ་བ་དར་འགྱིག་ཏུ་གྱུར་བའི་གཞུང་ལམ་ཞིག་ཡོད་དེ

བལྟས་ཚོད་ཀྱིས

འཇེམ་འཁོར་སྣ་ཚོགས་ཡར་འགྲོ་མར་འོང་བྱེད་བཞིན་པ་དེས

འདི་ནི་ཡར་རྒྱས་སུ་འགྲོ་བཞིན་པའི་ལས་ཁུངས་ཤིག་རེད་སྙམ་སྲིད་མོད

ཞིབ་ཏུ་བལྟས་ན

ཁྲོམ་སྲང་གཡས་གཡོན་གང་རུང་ནས་འོང་བའི

རྫོང་མཁར་ཆེ་ཆུང་གང་རུང་ནས་འོང་བའི

ཁྱི་ལྡོམ་འགའ་ཞིག་གིས

མེ་ཏོག་རྭ་བ་རུ

ད་དུང་ཡང་ཁོ་ཚོར་མཁོ་བའི

ཤིང་ལོ་རུལ་བ་རེ་ཡོད་པར་རེ་བ་འཆང་བཞིན་པ་འདྲ

གང་ལྟར་ཀྱང

དེ་རིང་གི་ནམ་ཟླ་དང་འཁྱག་གྲང་འདིས

མཐོང་ཚད་ཀྱི་ཡུལ་ལྗོངས་ཡོངས་སུ་གབ་པས

ང་ནི་གཞུང་ལས་ཁང་དང་གྱེས་མི་ཕོད་ལ

གཞུང་ལས་ཁང་འདི་ཡང

རྭ་སྐོར་འདི་དང་འབྲལ་མི་ཕོད་པར་འདུག

               ཆམ་པ།

ང་ཆམ་པ་ལ་དགའ་བ་མ་རེད

ཆམ་པ་ཐོན་དུས

སྣ་ཁུངས་ལ་ཚ་འཕྲུག་ཚབས་ཆེན་ཐོན་པ་དེ་རེད

ས་མཐའ་རུ

དགུན་ཁ་དུས་བཅད་ཀྱི་སྔོན་ལ་སླེབས་སོང

རི་རི་མ་རེད   ཆུ་ཆུ་མ་རེད

ལུ་གུ་དེ་ཚོ་ཇི་འདྲའི་གྲང་བ་ལ

གལ་ཏེ   དགུན་ཁ་འདི་ལ་གྲ་སྒྲིག་ཅིག་ཡོད་ན

ངའི་སྙན་ངག་གིས་སྣ་སྦྲིད་ཐེངས་གཅིག་རྒྱག་པ་ལས

རྐང་ལག་འཁོབས་ཏེ

ཚ་བ་ཡང་རྒྱས་རྒྱུ་མ་རེད

25.jpg

                               མིང་མེད།

སྙན་ངག་འདི་བྲིས་ཚར་བ་དང

དཔྱད་བརྗོད་པ་གསུམ་གྱིས

དཀྲུམ་མདའ་གསུམ་ཁྱེར་ནས་སླེབས་སོང

སྙན་ངག་འདི་མ་བྲིས་ན་ཇི་འདྲའི་སྐྱིད

ཁོ་ཚོ་དང་ལྷན་དུ

སྤྲོ་ཆང་རེ་འཐུང་ཆོག

             མགོ་ལོག

རི་མོ་གཡས་སུ་འཁྱིལ་བའི་ལོ་མ་ཞིག

ང་ཡི་ལག་པར་འབྱོར་མི་སྲིད

ལེ་དབར་སྟོང་གི་མགོ་ལོག་ཏུ

བྱང་རླུང་ཇི་ལྟར་ལྡངས་ནའང

བཀྲ་ཤིས་གཡས་སུ་འཁྱིལ་བའི་ལོ་མ་ཞིག

རྒྱུ་རྐྱེན་མེད་པར

ང་ཡི་ཕྲག་སྟེང་དུ་འབབ་མི་སྲིད

སྡོང་བོ་ག་འདྲ་ཞིག་ལ་ལོ་མ་ག་འདྲ་ཞིག

ཆང་གི་བདེན་པ་ག་འདྲ་ཞིག་ལ

རྨི་ལམ་གྱི་བདེན་པ་ག་འདྲ་ཞིག་ལ

རླིག་པའི་བདེན་པ་ག་འདྲ་ཞིག་ལ

ཙག་ངར་གྱི་བདེན་པ་ག་འདྲ་ཞིག་ལ

ལོ་མ་རྐང་གཅིག་ཀྱང་མེད་ས་ནས

ངས་བདེན་པ་དེ་འདྲའི་མང་པོ

ཇི་ལྟར་རྙེད

              ནམ་གུང་གི་སྒྲ།

དོན་དངོས་སུ

ངས་གྱང་རྩ་རུ་ཙིག་ཁུང་ཞིག་ཡོད་པ་མ་ཤེས

མཚན་གུང་ལ

ངས་གྱང་ངོས་སུ་ཐལ་ལྕག་འགའ་བརྡབས་ཏེ

གྱང་གི་ནང་རིམ་ནི

སྟོང་བ་མཐའ་མེད་པའི་གཅོང་རོང་ཞིག་དང

གཅོང་རོང་དེ་ལས

རྣམ་པ་མཛེས་པའི་བུད་མེད་ཅིག་བྱུང་ན་བསམ་པ་ཡིན

དོན་དངོས་སུ

རྫ་བུམ་ནང་གི་མེ་ཏོག་ནི་རང་ཉིད་བཞད་པ་ཡིན

དོན་དངོས་སུ

མཚན་གུང་གི་མུན་པ་ནི་རང་ཉིད་ནག་པ་ཡིན

དོན་དངོས་སུ

ཁེར་རྐྱང་གི་ཙི་གུས་ནི་རང་གི་ཁུང་བུ་བྲུས་པ་ཡིན

དོན་དངོས་སུ

གཉིད་གུང་གི་ངས་ནི་རང་ཉིད་ཀྱི་གྱང་ངོས་རྡུང་བ་ཙམ་ཡིན

ཡིན་ན་ཡང

གྱང་ངོས་དང་གྱང་གི་ནང་རིམ་དུ་ཅི་ཡང་མི་འདུག

གྱང་གི་ཕ་རོལ་ལས

ཞེ་སྡང་གི་ཁུ་ཚུར་འགའ་ཞིག

བསམ་དབང་གཟུར་དབང་མེད་པར་ཚུར་རྡུང་འོང

ནམ་གུང་གི་སྒྲ་དེ     ཇི་འདྲའི་སྐྲག་པ་ལ

12.jpg

                ཕ་ཡུལ།   ད་དུང་བར་ཐག་ག་ཚོད་ཡོད།

མགོ་ལོག་ནས་ཟི་ལིང་བར

འཇེམ་འཁོར་གྱིས་ཆུ་ཚོད་བདུན་ཡས་མས་རེད

ཟི་ལིང་ནས་རེབ་གོང་བར

སྤྱི་སྤྱོད་རླངས་འཁོར་གྱིས་ཆུ་ཚོད་བཞི་ཡས་མས་རེད

ཡིན་ནའང

ང་མགོ་ལོག་ནས་རེབ་གོང་བར་དུ

མི་ལོ་ཉེར་བདུན་གྱི་དུས་ཚོད་སྤྱད་དེ

ད་དུང་འགྲོ་བཞིན་ཡོད

5.jpg

                           འདྲེ།

གལ་ཏེ་ཁྱོད་འདྲེ་རེད་ཟེར་ན

དེ་ན་འདྲེ་ངོ་མ་ཞིག་བྱེད་རོགས

འདྲེ་ངོ་མ་ཞིག་ཡིན་ན་ཇི་འདྲའི་སྐྱིད

མཚན་མོ་རེ་རེར

ཚོང་ཁང་ཁྲི་རེ་ཉུལ་ཞིང

ཟ་ཁང་སྟོང་རེ་བསྐོར་ནའང

དངུལ་ལོར་སྐར་གང་ཡང་མ་བཏང་བར

འབྲི་ཤོག་འདོད་ན་འབྲི་ཤོག་དང

ཞ་སྨྱུག་འདོད་ན་ཞ་སྨྱུག་ཉོས་ཆོག་པ་མ་རེད་དམ

          བོར་དངོས་འཚོལ་བ།

བདག་གི་ལུས་པོ་ཕ་མས་གནང་པ་ཡིན

བདག་གི་རུས་མིང་ཡང་ཕ་མས་གནང་པ་ཡིན

འཇིག་རྟེན་དུ

བདག་ལ་འདི་གཉིས་ལས་རྩ་ཆེ་བ་མེད་དེ

བདག་རང་གང་དུ་ཕྱིན་ན

དེ་གཉིས་ཀྱང་དེ་རུ་ཁྱེར་བཞིན་ཡོད

ཡིན་ནའང  ཁ་སང

བདག་གི་ལུས་སྟེང་གི་ཁུག་མ་ཡོད་ཚད་སྔོག་བཤེར་བྱས་ནའང

བདག་གི་རུས་མིང་མི་འདུག

དེ་རང་གིས་བོར་སོང་བ་ཡིན་ནམ

ཡང་ན་སུ་ཞིག་གིས་བརྐུས་སོང་བ་ཡིན་ནམ

བདག་གིས་མི་ཤེས་ཏེ

གལ་སྲིད་ཁྱེད་ཅག་སུ་ཞིག་གིས་བདག་གི་རུས་མིང་རྙེད་སོང་ན

བདག་ལ་ཁ་པར་རེ་གཏོང་རྒྱུ་མ་བརྗེད

བཀའ་དྲིན་ཆེ

39.jpg

                        ཟླ་བཅུ་གཉིས་པ།

ང་ནི་དམར་རྗེན་རྗེན་གྱི

ཞོགས་པ་ལྟ་བུའི་འཚོ་བར་ཧ་ཅང་དགའ

དཔེར་ན   སྐྲ་རིང་པོར་སྐྱེས་ཚེ

གཞར་དགོས་པ་དང

སེན་མོ་རིང་པོ་སྐྱེས་ཚེ  

གཅོད་དགོས་པ་ནང་བཞིན

ཡང་དཔེར་ན

གཟའ་འཁོར་གཅིག་ལ་བཟོད་མ་ནུས་པར

ཁྱོད་ཀྱི་བྲང་ཁ་རུ་རེག་རེག་བྱེད་དུས

ལག་པ་དེའང་རྩ་ནས་གཅོད་འོས་པ་བཞིན་དུ

ང་ནི་ཁ་བ་འཁྱག་རོམ་དུ་འགྱུར་བའི

སྲ་མཁྲེགས་ཀྱི   ཁ་མི་གྲགས་པའི  

བདེན་དོན་གྱི་ཆུ་བོ་ཁོང་དུ་སྦས་པ་ལྟ་བུའི

ཟླ་བཅུ་གཉིས་པར

ཧ་ཅང་དགའ་བོ་འདུག

                 མོ་བཏབ་པ།

ངོ་བཀྲུ་སྐབས

ངས་ཁྲུས་གཞུང་ནང་གི་ཆུ་ལ་མོ་ཞིག་བཏབ

སྒོར་འབུད་དུས

ངས་རྐང་མགོའི་ལྷམ་ལ་མོ་ཞིག་བཏབ

ལམ་འགྲམ་དུ

ངས་སྡོང་རྒན་རྐང་གཅིག་ལ་མོ་བཏབ་ཅིིང

བཀོད་ཐང་སྟེང

ངས་ཟངས་བཟོས་སྐུ་འདྲ་ཞིག་ལ་མོ་ཞིག་བཏབ

མགོ་དགྱེ་ནས

ངས་ནམ་མཁའི་སྤྲིན་པ་ལ་མོ་བཏབ་ཅིང

མགོ་སྒུར་ནས

ངས་མདུན་གྱི་གྲོག་མ་ལ་མོ་བཏབ

ངས་ང་ཡི་མིག་ལམ་གྱི་མི་འདི་དག་དང་དེ་དག་གི

གྲིབ་མ་རེ་རེར་མོ་བཏབ་པ་མ་ཟད

ངའི་སྐྲ་བསེབ་དུ་ལྡང་བའི་རླུང་དང

ངའི་སྙིང་ལ་ཕོག་པའི་ཟུར་མིག

ངའི་ཕྲག་མགོར་ལྷུང་བའི་སྡོང་ལོ

རེ་རེ་བཞིན་མོ་བཏབ

ཁྱིམ་དུ་ལོག་དུས

ངས་རྩིག་གྱང་ངོས་ཀྱི་དབེན་སིམ་དང

མེ་ལོང་ནང་གི་ཁེར་རྐྱང་ལ་མོ་བཏབ་པ་མ་ཟད

ངས་རྫ་བུམ་ནང་གི་མེ་ཏོག་གི་རུས་རྐང་ཕུར་ཕུར་བཏང་ནས

དེ་ཡི་ཚེ་ཐག་ག་ཙམ་ཡིན་པར་བརྟག་དཔྱད་བཏང

མཚན་མོ་སླེབས་ཐེངས་རེར་རེར

ངས་གློག་སྒྲོན་གཟིམ་སྟེ

རྣ་བ་ཅོར་ཅོར་ངང

མོ་བ་གཞན་ཞིག་འོང་སྟེ

ང་ལའང་མོ་ཞིག་འདེབས་པར་སྒུགས་ཡོད

99999.jpg

                  དྲན།

                     བདག་གི་དགེ་རྒན་དམ་པ་སྐུ་ཞབས་རང་གྲོལ་ལགས་རྗེས་སུ་དྲན་པ།

ཁྱེང་རང་ང་ཡི་དགེ་རྒན་ཡིན་དུས

ང་རང་ལོ་ན་བཅུ་དྲུག་རེད

ཁྱོད་ཀྱིས་ར་མ་ཎ་ཡི་ལོ་རྒྱུས་གླེང་དུས

ངས་དེ་ནི་ཧ་ཅང་རྒྱང་རིང་ཞིག་ཡིན་པ་ཤེས

དྲང་མོར་བཤད་ན

ཁྱོད་དང་ང་ཡི་བར་ཐག་ནི

བགྲང་བྱ་གཅིག་གི་རིང་ཚད་མ་རེད

དེ་ནི་རྦབ་ཆུ་ལྟ་བུའི་སྙན་ངག་ཅིག་གི

རིང་ཚད་དང་བར་ཐག་ཁོ་ན་རེད

དེ་རིང

ངས་དབུགས་ཐེངས་གཅིག་གིས

སྙན་ངག་འདི་གྱེར་རྗེས

ཡིག་འབྲུ་གཅིག་གི་སྟེང་ནས་འགྱེལ་ཏེ

ང་ནམ་དུ་ཡང་ཁྱོད་ཀྱི་སེམས་ངོགས་སུ་སླེབས་ཐབས་མེད་པ་རྟོགས

ཡིག་འབྲུ་དེ   ལྗིད་ཏིག་ཏིག་གིས

ད་ལྟའི་བར་དུ

ང་རང་བརྒལ་ཐབས་བྲལ་བའི

བར་ཐག་ཅིག་ཏུ་གྱུར་ཡོད

                —ཉིད་ཀྱི་སློབ་བུའི་གྲལ་མཐའ་བ་གཅན་མེ་སྟག་གིས

      ན་ནིང་བབས་པའི་ཁ་བ།

ཁ་བ་རི་རྩེ་རུ་འབབ་པ་མ་ཟད

རི་གཤམ་དུའང་འབབ

ཁ་བ་ཁྲིམ་སྲང་དུ་འབབ་པ་མ་ཟད

རླངས་འཁོར་གྱི་སྒེའུ་ཁུང་དུའང་འབབ

ཁ་བ་ཁང་ཀླད་དུ་འབབ་པ་མ་ཟད

ཁང་བའི་ནང་དུའང་ལྡིང

ཁ་བ་ག་ས་གང་དུ་འབབ་སྟེ

རིག་པ་ཅུང་ཟད་གཡེང་ཚེ

ཁ་བ་བྲང་ཁ་བརྒྱུད་ནས

དྲན་པའི་དབུས་སུའང་འབབ

རི་མགོ་ནས་མར་བབས་ན

སྤེན་ཤིང་རྙིང་བ་དག་གི་གསེབ་ན

ན་ནིང་གི་ཁ་བ་རེ་འགའ

ཁ་བ་གསར་བ་ཡིན་ཁུལ་གྱིས

ཁུ་སིམ་མེར་བསྡད་ཡོད

              རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།