
ང་ལ་ཅི་བྱུང་སོང་།
ཐོག་དང་པོར་བལྟ་དུས
དེ་ཆུ་ཀབ་ཅིག་རེད
སྒོར་སྒོར་གྱི སྟིག་སྟིག་གི
ནག་ལྗང་ཉིས་འདྲེས་ཀྱི་རི་མོ
ཧ་ཅང་གསལ
ཐེངས་གཉིས་པར་བལྟ་དུས
དེ་སྔར་བཞིན་ཆུ་ཀབ་ཅིག་རེད
རྒྱ་གྲམ་ལྟར་འཁྱིལ་བའི་རི་མོ
ལྗང་མདོག་གི་ཕོ་བའི་སྟེང་མངོན་ཞིང
ཤ་ལུག་ལུག་གི་ཕོ་བ
ཚོན་པོ་ཚོན་པོ་རེད་འདུག
ཐེངས་དྲུག་ཅུ་ཙམ་ལ་བལྟས་རྗེས
ད་གཟོད དེ་ནི་ཀྲོ་མ་ཀྲུ་ཞིག་ཡིན་པ་ཤེས
ཁ་མདོག་ལྗང་ཁུ་ནས་དམར་པོར་གྱུར་ཞིང
ཤུན་པགས་སྲ་མོ་ནས་སྙི་མོར་གྱུར་འདུག
མདང་དགོང གཉིད་ལས་སད་དུས
སྒེའུ་ཁུང་ཕྱི་རོལ་ནི་ཟླ་བ་སྒོར་མོ་ཞིག་རེེད
མི་ཡོད་ཚད་ཀྱིས་ཀྱང
དེ་ཟླ་བ་ཡིན་པར་བལྟ་ཞིང
དེ་ལ་བསིལ་ཟེར་ཡོད་པར་འདོད་ཡོད
རེད དེ་ཟླ་བ་ཞིག་ཡིན་པ
ངས་སྔར་ནས་ཤེས་ཡོད
ཡིན་ནའང ངས་མཐོང་བ་ནི
གཙང་འཁྲུས་མ་བྱས་པའི་ཤེལ་གྱི་སྡེར་མ་ཞིག་སྟེ
འོད་སྣང་དེ་ཡང་དེའི་ཁོངས་ལས་འཕྲོས་པ་མིན་པར
གནའ་ནས་ཡོད་པ་ཞིག་རེད་བསམས
དུས་ཡུན་རིང་པོ་ཞིག་ལ
ངའི་མིག་འདིར་ལིང་ཏོག་ཅིག་འགོས་འདུག
རྡུལ་ཕྲན་ཞིག་གམ འོད་ཕུང་ཞིག་གམ
ཚུལ་འཆོས་ཤིག་གམ
འཕྲུལ་སྣང་ཞིག་གིས
ངས་ཕྱི་དངོས་ཀྱི་གཟུགས་གང་ཡིན་ཡང
གསལ་ཐག་ཆོད་ཅིག་མཐོང་གི་མི་འདུག
དཔེར་ན ངས་བཀྲ་ཤིས་མཐོང་བ་དང
དོན་གྲུབ་ལོས་ཡིན་སྙམ་པ་དང
དོན་གྲུབ་ཀྱིས་གཏམ་བཤད་དུས
བཀྲ་ཤིས་ཀྱི་སྐད་གདངས་འདྲ་བོ་ཆགས་པས
ཐ་ན་དེའི་སྐྲ་ཚུགས་དང་གྱོས་གོས་དག་ཀྱང
བཀྲ་ཤིས་ངོ་མ་ཞིག་རེད་བསམས་སོང

དགུན་ཁ།
རེད
དགུན་ཁ་ཁ་སང་སླེབས་པ་རེད
སྡོང་པོའི་རྩེ་རུ་བྱེའུ་གཅིག་ཀྱང་མི་འདུག
ནམ་མཁའ་མདོག་ཤོར་ཏེ
གློ་ལུ་རྒྱག་པའི་ནད་པ་ཞིག་དང་འདྲ
རྩྭ་དང་སྤེན་མ་གང་ལའང
ཡལ་ག་མི་འདུག
རེད
དགུན་ཁ་དེ་ངའི་སེམས་ནས་ཀྱང
དེ་ལྟ་བུ་ཞིག་རེད
ཉི་མ་བཞུད་པ་ཧ་ཅང་དལ་ལ
དུས་སྐར་རེ་རེ་ཡང་ཧ་ཅང་དལ
སྣག་ཚ་ནག་པ་དེ
སྨྱུག་གུའི་རྩེ་རུ་འཁྱག་སྟེ
ཡུན་རིང་འགོར་སོང
རེད
ན་འདམ་ཡོད་ཚད་འཁྱག་རོམ་གྱིས་བཟུང་ཞིང
སྦྱར་སྡོང་གི་ལྕང་ལྕུག་ཡོད་ཚད
ལྷགས་རླུང་གི་ཁྲོད་ན
འདར་ཡོམ་ཡོམ་གྱིས
འབབ་ལ་ཉེ་བའི་ཁ་བ་ལ་སྒུགས་ཡོད
ཡིན་ནའང
ང་ལ་སྒུགས་ཁོམ་མི་འདུག
ངས་ཨོང་བ་འཁྱག་པོ་འགའ
ལྕགས་ཐབ་ནང་འཕང་རྗེས
ཚོར་བའི་ཁྲོད་ཀྱི་མེ་ཆ་དེ
ནམ་ཞིག་ལ་འབར་བར་
རྟོག་བཟོ་བྱེད་བཞིན་ཡོད

འཇིག་རྟེན་འདི་ནས།
གཞི་མདོའི་ལམ་ཁ་ནས
ངེད་གཉིས་གློག་འོད་དམར་པོ་དང་འཕྲད
རླངས་འཁོར་འཇམ་ཅག་ཅག་གིས་བཞུར་འོང
ངས་ཆུང་མའི་ལག་པ་ནས་སྐྱོར་ཏེ
(བྲེལ་བ་མ་ལངས)ཞེས་བཤད
དགུན་འཁྱག་གི་གྲང་ངར་ཁྲོད་དུ
སྦྱར་སྡོང་གི་རྩེ་ནས་ལྷུང་བའི
ལོ་མ་ནར་བོ་རེ་གཉིས
ངེད་གཉིས་ཀྱི་རྐང་པའི་འགྲམ་དུ་འཐོར
ངས་ཆུང་མའི་འདར་སིག་སིག་གི་ཕྲག་པ་ནས་བསྡམས་ཏེ
(བཟོད་བསྲན་གྱིས་དང)ཞེས་བཤད
སྐད་ཆ་དེ་ནི་ཆུང་མར་བཤད་པ་ཙམ་མིན་ཏེ
ངས་རང་ལའང་དེ་ལྟར་བཤད་བཞིན་ཡོད
འཇིག་རྟེན་འདི་ནས
ང་ཚོ་བྲེལ་བ་ལངས་དོན་མེད
ང་ཚོས་ངེས་པར་དུ་བཟོད་བསྲན་བྱ་དགོས
ང་ཚོ་ནི་རྡུལ་ཕྲན་ཆུང་ཆུང་གཉིས་དང་འདྲ་བར
རླངས་འཁོར་དང་མི་ཚོགས་ཀྱི་འགྲོ་འོང་བར་ནས
འཇམ་ཅག་ཅག་གིས
སྒུགས་དགོས བསྲན་དགོས
ཤེས་སུ་ཆུགས།
ཁ་བ་དཀར་པོ
ཡིན་ན་ཡིན་དུ་ཆུགས
ཁ་བ་ནག་པོ
ཡིན་ན་ཡིན་ཆུགས
འཇིག་རྟེན་གྱི་བཤད་སྒྲོས
བདེན་ན་བདེན་དུ་ཆུགས
ཉི་མཤར་རྗེས
ཅི་ཡང་མེད་པ
ཤེས་སུ་ཆུགས
སྨུག་པ
ལག་པ་ཡར་བཀྱགས་ན་སྨུག་པ་རེད
མར་སྒུར་ནས
ཐང་གི་རྡོ་བླངས་ན
སྨུག་པ་རེད
རི་བོའི་ཉིན་ངོས་སུ་བྲོས་ན
སྨུག་པ་རྗེས་དེད་ནས་འོང་ཞིང
རི་བོའི་སྲིབ་ངོས་ཀྱི་གྲོག་རོང་དུ་སྦས་ནའང
སྨུག་པ་ནང་དུ་འཛུལ་འོང
སྨུག་པའི་ནང་ནས
འཇིག་རྟེན་གྱི་མགོ་བར་བ་མོ་ཆགས་འདུག
སྣ་སྦྲུད་ཐེངས་གཅིག་བརྒྱབ་ཚེ
བ་མོ་ལས་སྨུག་པ་ཐོལ་ཐོལ
རྩྭ་མགོ་རུ་སྨུག་པ་ལྟར་འཐིབས་འོང
སྨུག་པའི་ནང་དུ
ཤེད་ཤུགས་གང་ཡོད་ཀྱིས་རྡོ་བ་འཕངས་ཚེ
དམིགས་འབེན་གང་ལའང་མི་ཕོག་སྟེ
ཐ་ན
འཇིག་རྟེན་དུ
མེ་ཏོག་ཅིག་ཀྱང་བཞད་དུ་འཇུག་མི་ནུས

རྒྱང་རིང་གང་ན།
རྒྱང་རིང་གང་ན
གོམ་པའི་བར་ཐག་གང་ན
སྐད་སྒྲ་གང་ན
དྲན་པ་གང་ན
རྒྱང་རིང་གང་ན
རྡུལ་ཕྲན་གཅིག་གི་ཆེ་ཆུང་གང་ན
བྱེ་རྡུལ་གང་ན
ང་རང་གང་ན
རྒྱང་རིང་གང་ན
དགུན་དང་ལྷགས་པ་གང་ན
རྒྱང་རིང་ལ་སླེབས་ན
ང་འདི་ཕྱོགས སེམས་པ་ཕར་ཕྱོགས
ངའི་ཨ་མ་དགུང་ལོ་བདུན་ཅུ་རེད།
ངའི་ཨ་མ་དགུང་ལོ་བདུན་ཅུ་རེད
ཨ་མའི་དབུ་སྐྲ་དགུང་ལོ་བདུན་ཅུ་རེད
ཨ་མའི་སྙན་ཤལ་དགུང་ལོ་བདུན་ཅུ་རེད
ཨ་མའི་སྤྱན་རས་དགུང་ལོ་བདུན་ཅུ་རེད
ཨ་མའི་མགྲིན་པ་དགུང་ལོ་བདུན་ཅུ་རེད
ཨ་མའི་ཚེམས་ཕྲེང་དགུང་ལོ་བདུན་ཅུ་རེད
ཨ་མའི་རྐེད་སྐབས་དགུང་ལོ་བདུན་ཅུ་རེད
ཨ་མའི་ཕྱག་དང་ཞབས
ཨ་མའི་ཁེར་རྐྱང་དང་དཔྲལ་ཉེར་ཀྱང
དགུང་ལོ་བདུན་ཅུ་ཏག་ཏག་རེད
ཕྱི་མིག་རེ་བལྟས་ན
ཕ་ཡུལ་ཧ་ཅང་ཆུང
ཡིན་ནའང
དགུང་ལོ་བདུན་ཅུར་སྨིན་པའི་ཨ་མར་མཚོན་ན
ཕ་ཡུལ་ཧ་ཅང་ལྕི་སྟེ
དེ་ནི་འཇལ་བྱེད་ཀྱིས་འདེགས་བྱེད་བྲལ་བའི
བུ་བུ་མོའི་ཚེ་གང་གི་ལྗིད་ཤུགས་ཡིན
ད་ལྟའང
ཨ་མའི་དགུང་ལོ་བདུན་ཅུའི་ཕྲག་ཟུང་གིས
འདར་ཡོམ་ཡོམ་ངང
ང་ཡི་རྒྱང་རིང་གི་རྨི་ལམ་བཏེགས་ཡོང་ཨང
ལག་ནང་གི་བྱ་བ་ཙག་ཙིག་འདི་དག་སྒྲུབ་རྗེས
ང་རང་མྱུར་བར་ཨ་མར་ཐེངས་གཅིག་མཇལ་དགོས
ང་ཡི་ཨ་མས
ད་དུང་དགུང་ལོ་བདུན་ཅུའི་ཕྱག་ཟུག་གིས
ཕྱུགས་འཚོ་རྩྭ་འབྲེག་དང
གོས་བཀྲུ་ཟས་གཡོ་བྱེད་བཞིན་ཡོད་དམ
ད་དུང་ཡང དགུང་ལོ་བདུན་ཅུའི་ལུས་སྟོབས་ཀྱིས
རྐེད་སྐབས་ན་བ་དང ཆམ་ལུ་རྒྱག་པ
མགོ་ཡོམ་ལངས་པ་སོགས་ལ
བཟོད་བསྲན་བྱེད་བཞིན་ཡོད་དམ
ལག་སྣེ་ཡི་བྱ་བ་ཙག་ཙིག་འདི་དག་སྒྲུབ་རྗེས
ང་རང་མྱུར་དུ་ཕ་ཡུལ་ཐེངས་ལ་གཅིག་འགྲོ་དགོས
ངས་དངོས་སུ་མཐོང་མྱོང་སྟེ
ཨ་མ་མང་པོ་ཞིག་འདི་ལྟར
བུ་ཕྲུག་རྒྱང་དུ་ཕྱིན་་རྗེས་ཀྱི་ས་ཁང་དོག་པོ་དེ་ན
གོམ་པ་གང་རེ་གང་རེས
དབུ་སྐྲ་ནག་པོ་དཀར་པོར་བསྒྱུར་ཞིང
སྤྱན་རས་དྭངས་གསལ་ནས་མོག་པོར་བསྒྱུར་ལ
རྐེད་སྐབས་དྲང་བོ་ནས་གུག་པོར་བསྒྱུར་ཏེ
མི་ལོ་བཅུ་ཕྲག་ལ་འཁུར་བའི་ཕ་ཡུལ་དེ
སྐད་ཅིག་ས་རྡོ་རུ་གཏིམས་ནས
སྟོང་སྟོང་གི་རླུང་བུ་ཞིག་ཏུ་འགྱུར་བཞིན་ཡོད
ཨོ་དཀོན་མཆོག་ཀྱེ
ལག་ནང་གི་བྱ་བ་ཙག་ཙིག་འདི་དག་སྒྲུབ་རྗེས
ང་རང་མྱུར་དུ་ཕ་མར་ཐེངས་གཅིག་མཇལ་ཆོག་པར་ཞུ
ཨ་མའི་དགུང་ལོ་བདུན་ཅུའི་སྤྱན་ཟུང་གིས
ང་རང་ཕྱིར་ལོག་པ་མཐོང་བྱུང་ན
དགའ་སྣང་གི་འཛུམ་དེས
ཨ་མའི་སྐྲ་གཉེར་དེ་དག་ཀྱང
སུམ་ཅུ་དར་མའི་བཀྲག་མདངས་འཚེར་ངེས

ཉིན་འདི་དག་ལ།
ཉིན་འདི་དག་ལ ང་ཧ་ཅང་བླུན་པོ་ཡིན
ཉི་མ་ཡོད་དེ
གྲང་སྐྱོབ་ལ་རེ་གི་མེད
ཆུང་མ་ཡོད་དེ
སེམས་རྟེན་ལ་བཅོལ་གི་མེད
རྩོམ་རིག་ཡོད་དེ
སྐོམ་སོད་དུ་ཁྱེར་གི་མེད
མགོ་ལོག་ཏུ་རྒྱུན་སྡོད་བྱེད་བཞིན་ཡོད་དེ
ལན་རེར་ཟི་ལིང་དང་རེབ་གོང་ལའང
འཆམ་འཆམ་དུ་འགྲོ་བཞིན་ཡོད
ད་དུང་གསོན་ཡོད་དེ
ཚེ་ཐག་རིང་བའི་སྨོན་ལམ་འདེབས་ཀི་མེད
ཉིན་འདི་དག་ལ
ང་ལ་སྒོར་མོས་དཀོན་ནའང
ཆེད་དུ་སྒོར་མོ་བཙལ་གྱིན་མེད
ང་ལ་གཉིད་དཀོན་ནའང
ཆེད་དུ་སྨན་འཐུང་གིན་མེད
ང་ལ་ཤ་ཟས་དཀོན་ནའང
ཆེད་དུ་བྱ་སུག་ཉོ་གི་མེད
ཉིན་འདི་དག་ལ ངའི་སྐྲ་ཡོངས་སུ་བྱི་སོང
བྱི་སོང་ན་བྱི་སོང་སྙམ་བཞིན་ཡོད
ངའི་སོ་འབུ་ཡིས་ཟོས་སོང
ཟོས་སོང་ན་ཟོས་སྙམ་བཞིན་ཡོད
ད་དུང ཁ་སྤུ་དཀར་པོར་གྱུར་སོང
འོག་གི་ཁ་སྤུ་ཡང་དཀར་པོར་གྱུར་སོང
སྨིན་མ་ཇེ་རིང་རེད སྣ་སྤུའང་ཇེ་རིང་རེད
དེ་དག་ཅི་ཡིན་ན་ཡིན་སྙམ་བཞིན་ཡོད
ཉིན་འདི་དག་ལ
ང་གཅན་ཚ་རུ་ཐེངས་གཅིག་སོང་མྱོང ཡིན་ནའང
གཅན་ཚ་ལ་འགྱུར་ལྡོག་ཅི་ཞིག་ཡོད་པ་ཤེས་མ་སོང
རྩྭ་ཐང་ལ་ཐེངས་གཅིག་སོང་མྱོང
ཡིན་ནའང
མུ་མཐའ་མེད་པ་ཞིག་ཡིན་པའང་ཤེས་མ་སོང
དཔེ་ཆ་ཐེངས་གཅིག་བཀླགས་མྱོང
མི་ཚེའི་གནས་ལུགས་ཅི་ཞིག་ཡོད་པའང་ཤེས་མ་སོང
ཉིན་འདི་དག་ལ
མི་ཞིག་གནམ་བཏགས་བརྒྱབ་སོང་ཟེར
དེ་ནས་ཐེག་པ་རིག་ནའང་སྐྲག
མི་ཞིག་ཆུ་ལོག་གིས་འཁུར་སོང
དེ་ནས་ཆུ་ཕྲན་ཞིག་རིག་ནའང་གཟུར་སོང་ཟེར
མི་ཞིག་ཁང་རྩེག་མཐོན་པོ་ནས་ལྷུང་སོང་ཟེར
དེ་ནས་བང་རིམ་བཅུ་དགུ་བར་སྡོད་དུས་ཀྱང
སྙིང་འཕག་ནས་འདུག་བཟོད་བྲལ
ཉིན་འདི་དག་ལ
མི་ཞིག་འཇིག་རྟེན་དུ་འཚོ་རྒྱུ་ཧ་ཅང་གིས་དཀའ་འོ་སྙམ
༼མི་རྟག་པའི་གསུང་རབ༽ རེ་འདོད་ཞོར
མ་ཎི་དཔར་པའི་སྲུང་འཁོར་ཞིག་སྐེ་ལ་བཏགས་ཏེ
ཤི་ནའང
སྲུང་འཁོར་གྱི་ལོང་བུ་ལ་དམ་པོར་འཇུ་དགོས་སྙམ་ཡོད
ཞོགས་པའི་ཚོང་ར་ནས་ཀུ་ཤུ་སྐོར་ཞིག་མཐོང་བ།
ཞོགས་པའི་འཁྱགས་གྲང་གི་གྲུ་སྣེ་ཞིག་ན
ལུས་པོ་ཙོག་ཙོག་ངང
ཕན་ཚུན་འཚང་ཁ་ཤིག་ཤིག་གིས་སྡོད་པའི
ཀུ་ཤུ་སྐོར་ཞིག་མཐོང་བྱུང
རི་འདབས་སྡེ་གྲོང་ནས་འོང་པའི
རོང་ཕྲུག་མ་འདི་དག
གྲོང་ཁྱེར་གྱི་ཁང་རྩེག་དང་མི་ཚོགས་ཀྱི་འདུ་ཟིང་བར་ན
དམར་ཤ་རྒྱས་པའི་འཛུམ་མདངས་ཀྱིས
ཧ་ཅང་དྭངས་གཙང་གིས
ཕྱོགས་གཞིའི་མགྲོན་པོ་དག་ལ་ལྟ
ངས་རྒྱང་ཐག་རིང་པོ་ནས་ཁོ་མོ་ཚོ་མཐོང་བྱུང
ཉེ་སར་བཅར་བ་དང
ཁོ་མོ་ཚོའི་གདོང་པ་སྔར་ལས་དམར་བོ་ཆགས་སོང
དམར་པོ་དེ་ཚ་ལུ་མ་ལྟ་བུའི་གཡོ་སྒྱུ་ཅན་ཞིག་མིན་ལ
འབྲི་སེའུ་ལྟ་བུའི་ཆགས་སྲེད་ཅན་ཞིག་ཀྱང་མ་རེད
དམར་པོ་དེ་ནི་ལྷད་མེད་ཀྱི བདེ་ཐང་གི
བཅོས་ཟོལ་མེད་པའི་དམར་པོ་དེ་རེད
ཁོ་མོ་ཚོ་ཧ་ཅང་གཉོམ་ཆུང་གིས
ཅུང་ཟད་སྐྱེངས་བ་དང་བཅས་བསྡད་དེ
ང་ཡིས་འདེམས་ཉོ་བྱེད་པར་སྒུགས་ཡོད
ཨེ ད་ཕ་ཡུལ་ལ་འགྲོ་རན་སོང
དེ་ན་ངས་ཁོ་མོ་ཚོའི་ཁྲོད་ཀྱི
ཕ་ཡུལ་དྲན་བཞིན་པ་འགའ་ཞིག་གདམ་སྟེ
ཕྱིར་ཕ་ཡུལ་དུ་ཁྲིད་དེ
ཁོ་མོ་ཚོར
ཁ་བ་ལྷབ་ལྷུབ་ཁྲོད་ཀྱི
སྐྲ་དཀར་ཟིང་ཟིང་གི་ཨ་མར་ཐེངས་གཅིག་མཇལ་དུ་བཅུག་ན
ག་འདྲ་ཡིན་ནམ
རྟག་དང་མི་རྟག
མདང་དགོང་བབས་པའི་ཁ་བ
ད་ནིངས་མི་འདུག
ད་ནིངས་འཐིབ་པའི་སྨུག་པ
ཉིན་གུང་མི་འདུག
ཉིན་གུང་འཚེར་བའི་ཉི་འོད
དགོང་མོ་མི་འདུག
ལོ་བཅུའི་སྔོན་གྱི་ཆུང་མ
ད་དུང་འགྱུར་མེད

རྙིད།
–གྲོགས་མོ་ཞིག་གི་གཉེན་སྟོན་ལ་བྲིས་པ
ཟླ་བཞི་བའི་མེ་ཏོག
ཟླ་བརྒྱད་པར་རྙིད་སོང
ཟླ་བརྒྱད་པའི་མེ་ཏོག
ཟླ་བཅུ་བར་རྙིད་སོང
ཟླ་བཅུ་བའི་མེ་ཏོག
ཟླ་བཅུ་གཅིག་པར་རྙིད་སོང
ཁྱོད་ཀྱི་མེ་ཏོག
དོ་དགོང་རྙིད་ངེས
འབྲོག་རྫོང་ཞིག་ནས།
ཉིན་གུང་ལ
གྲོགས་པོས་གནང་བའི་སྟར་སིལ་ཞིག་ཟོས་རྗེས
མིག་ཆུ་བཞུར་བཞིན
རྒྱ་ལམ་གྱི་འགྲམ་དུ་འགྲེང་སྟེ
དེ་རིང་སྒྲུབ་འོས་པའི་དོན་དག་ག་རེ་ཡིན་ནམ་བསམས
སྒྲུབ་འོས་པའི་དོན་དག་ག་རེ་ཡིན་ནམ་བསམ་ཚེ
སྒྲུབ་མི་འོས་པ་དག་ལས་གཞན
ཡོངས་སུ་བསྒྲུབས་ཟིན་པ་འདྲ
བསྒྲུབས་ཟིན་ན་ཅི་རེད
མ་སྒྲུབ་ནའང་ཅི་རེད་བསམས
ཁྱིས་ཁྱི་ཡི་རྔ་མ་དྲུད་དེ་རྒྱང་རིང་ལ་འགྲོ་བཞིན་ཡོད
བྱས་བྱ་ཡི་སྒྲོ་སྤུར་བརྟེན་ཏེ་བར་སྣང་ལ་འཕུར་བཞིན་ཡོད
དུས་རབས་འདིའི་ནང་དུ
འཇོན་ནུས་དང་དོན་དངོས་གཉི་ཀ
དེ་འདྲའི་སླ་མོ་ཞིག་ག་ལ་ཡིན་བསམས
ཞིང་སྡེའི་བུ་མོ།
རས་ལྭ་ཁམ་ནག་གྱོན་པའི་བུ་མོ་ཞིག་གིས
ཁོ་མོའི་རྨོ་མོ་དང་ཨ་མ་དང་འདྲ་བར
རི་ཞིང་ཁའི་རྩྭ་འབྲེག་བཞིན་འདུག
བུ་མོའི་དཔྲལ་བ་དང་འགྲམ་པའི་རྔུལ་ཆུ་ལས
ཁོ་མོས་ཞོགས་པར་བྱུགས་པའི
སྐག་བྱེ་དག་ཤར་མོ་ཤར་མོར་དག་བཞིན་འདུག
སྐབས་ལན་རེར
མོས་རྩྭ་འབྲེག་མཚམས་བཞག་སྟེ
ལག་པས་ཐོད་པ་བཀབ་སྟེ
རྒྱང་གི་རི་ལམ་ལ་ཡང་ཡང་བལྟ་བར་བྱེད
རྩྭ་དེ་དག་ཡན་པོར་སྐྱེས་ཏེ
ཁོ་མོའི་རྐེད་སྐབས་སུ་སླེབས་ཤིང
ད་དུང་སྐམ་ཐག་མ་ཆོད་པར་ཡོད་པས
ཨ་ཕས་གཙང་འབྲེག་བྱེད་དགོས
དེ་མིན་སང་ལོའི་ལོ་ཏོག་མི་ལྟར་འདེབས་ཞེས་བཤད
བུ་མོ་ཇི་ལྟར་ཁེར་རྐྱང་ཡིན་ནའང
རྩྭ་དེ་དག་གཙང་འབྲེག་བྱས་ཏེ
དགོང་མོའི་ཉི་མ་ནུབ་རག་བར་འདུག་དགོས
རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།