
__ནམ་ལྷ་རྒྱལ། སྨྱུག་མིང་ལ་སྙན་བུ་རུ་འབོད། ཕ་ཡུལ་མཚོ་སྔོན་གསེར་ཆེན་རྫོང་ནས་ཡིན། ད་ལྟ་ཤར་གྱི་གྲོང་ཁྱེར་པེ་ཅིན་ཞེས་པའི་ལྷ་མི་འདྲེ་གསུམ་འཛོམས་པའི་གྲོང་ཁྱེར་དེ་རུ་སློབ་གཉེར་གྱི་ལས་ལ་དེ་ཙམ་འབད་པའི་ཞོར་དུ། སྙན་ངག་དང་སྒྲུང་གཏམ་འབྲི་བའི་དགའ་ཕྱོགས་དེའི་བསླུ་བྲིད་ཀྱི་དབང་གིས། ཉིན་རྒྱུན་རང་མགོ་རང་གིས་གཡོག་བཞིན། རང་གིས་རང་ཉིད་ཁྲིད་དེ། མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།
ལག་པ།
གཡས་ལག
གཡུལ་སའི་རལ་གྲི
གཡོན་ལག
ལྡུམ་རའི་མེ་ཏོག
རལ་གྲིའི་དངོ་ཡི་ཁྲག་ཐིགས་རེ་རེ
མེ་ཏོག་གི་རྩ་བར་འཐིམས
འདབ་མའི་ངོས་ཀྱི་ཟིལ་བ་རེ་རེ
དམར་པོ་ཁྲག་ཐིགས་དང་འདྲེས
ཁེར་རྐྱང་གི་མཛུབ་རིས
ནམ་མཁའ་རུ བྲག་རྡོ་རུ་འཚེར
སྐྱོ་གདུང་གི་ཡན་ལན
བྱེ་ཐང་དུ རྨི་ལམ་དུ་སྐྱེས
སྙིམ་པའི་ནང་དུ་རྒྱ་མཚོ་བསྐྱིལ་ཡང
སོར་མའི་རགས་ཁ་ལས་ཤག་ཤག་བཞུར
འཁོར་བའི་རླུང་དམར་འུར་འུར་དུ་ལྡང་དུས
ལག་པ་དང་ལག་པ་དམ་དུ་སྦྲེལ
སེམས་པ་དང་སེམས་པ་ལྷན་དུ་སྦྱར
མཛུབ་དཀྲིས་དེ་ཁོ་ནའི
བསླུ་བྲིད་དེས་དབང་གིས
༢༠༡༦ ༩ ༢༣ཉིན་པེ་ཅིན་ནས་བྲིས།
༢༠༡༦ ༡༠ ༨ཉིན་པེ་ཅིན་ནས་བཅོས།

འཁོར་བ།
ཨ་ཕ་ངའི་སྔོན་དུ་གཤེགས།
དེ་འཇིག་རྟེན་གྱི་ལུགས་དང་མཐུན།
འཆི་བ་ནི་རེ་སྒུག་ཅིག་ཡིན་ནམ།
སྤོ་བོས་རྟག་པར་རང་ལ་ལེ་བདའ་བྱེད།
“ང་འཆི་རན་ལ་སླེབས་ཀྱང་
ད་དུང་འཆི་རྒྱུ་མེད་པ་འདི་ཅི། ”
འཁོར་བ་ནི་བརྩེ་དུང་གི་རྒྱ་མཚོ་སྟེ།
སྡུག་བསྔལ་གྱི་རྦ་རླབས་དགུང་དུ་འཕྱོ།
བདག་གི་གཅེས་སུ་འོས་པའི་བུ་ཆུང་ཀྱེ།
འུ་གཉིས་དབར་དུ་བརྩེ་དུང་དང་སྡུག་བསྔལ་གང་ཡང་མི་འབྱུང་ཕྱིར།
ཁྱེད་རང་བཙས་པའི་ཉིན་མོ་དེར།
ཨ་ཕ་ཁྱོད་དང་གཏན་དུ་འབྲལ་ངེས་ཡིན།
༢༠༡༦ལོའི་ཟླ་༡༠ཚེས་༡ཉིན་པེ་ཅིན་ནས་བྲིས།

རྒོད་པོ།
རྒོད་པོ་ངའི་རྨི་ལམ་གྱི་ཡང་རྩེ་ལ་བབས་ཏེ།
གཤོག་རྡེབ་ལན་འགའ་བྱས་རྗེས།
སླར་ཡང་གཞན་ཞིག་ཏུ་འཕུར་སོང་།
ཉི་མ་དང་ཟླ་བ་ང་ལ་བསྐྱུར་ཏེ།
ང་རྒྱལ་དང་བཅས་འཕུར་སོང་།
ནམ་མཁའ་ཧྲིལ་བོར།
སྒྲོ་སྤུ་ཉག་གཅིག་ལས་མེད་ནའང་།
རྒྱང་རིང་དུ་རྨི་ལམ་དུ།
མེས་པོ་ཁོ་ན་དྲན་བཞིན།
འཕུར་སོང་། འཕུར་སོང་།
༢༠༡༦ལོའི་ཟླ་༩པའི་ཚེས་༡༥ཉིན་པེ་ཅིན་ནས་བྲིས།
༢༠༡༦ལོའི་ཟླ་༡༠པའི་ཚེས་༡༢ཉིན་པེ་ཅིན་ནས་བཅོས།

བདེ་མོ་བྱོས།
རྨི་ལམ་ནང་གི་རྟ་ཁྱུ་དེ་གང་དུ་ཞོགས་ན་ཞོགས།
དཔེ་དེབ་ཁྲོད་ཀྱི་སྟོང་ཆ་དེར་ཅི་ཞིག་ལུས་ན་ལུས།
གལ་སྲིད་ཆང་ཕོར་ནང་གི་དགའ་སྐྱོ་མ་ལུས་ཕྱི་རུ་བྱོ་ཚེ།
ཤེལ་ཕོར་ཡང་མདུན་གྱི་ཅོག་ངོས་སུ་ག་ལེར་འཇོག་དགོས་པ་རེད་དམ།
ལྷོར་བཞུད་ཀྱི་སྤྲིན་པ་ཡིན་ནའང་ཆོག
བྱ་ཁྱུ་འཕུར་ཤུལ་དུ་ཅི་ཞིག་འཚོལ་དགོས་དོན་མེད།
འགྲམ་དར་འོག་གི་ཉ་མོ་ཡིན་ཀྱང་རུང་།
དགུན་ཟླ་རིང་མོར་གང་ཞིག་ལ་རེ་སྨོན་རྒྱག་དགོས་དོན་ཅི་ལ་ཡོད།
དེ་བས། ད་ནི་ཡང་བསྐྱར་བདེ་མོ་འཇོག་པར་བྱ།
སྔར་ནས་བདེ་མོ་བཞག་ཟིན་ནའང་།
ཡང་བསྐྱར་ཐེངས་ཤིག་འཇོག་པར་བྱ།
ཁ་ཁ་སོ་སོར་གྱེས་རྗེས།
སླར་ཡང་མཇལ་བའི་དགོས་པ་མི་འདུག
དངོས་གནས་མི་འདུག
༢༠༡༦ལོའི་ཟླ་༨པའི་ཚེས་༣༠ཉིན་པེ་ཅིན་ནས་བྲིས།
༢༠༡༦ལོའི་ཟླ་༡༠་པའི་ཚེས་༡༢ཉིན་པེ་ཅིན་ནས་བཅོས།

སྐྱབས་བཅོལ།
དབྱིན་ཇིའི་ཡིག་ཚད་གཏོང་དུས
ངས་ཁ་རོག་གེར
ཨ་མྱེས་ཡུལ་ལྷའི①མིང་ནས་ཡང་ཡང་ཟློས
མཇུག་མཐར
ཁོ་ལ་གྲག་འགུལ་ཅི་ཡང་མ་བྱུང
ཁོ་ལའང་ཁག་པོ་མི་འདུག་ཨང
ཕྱིས་སུ་ངས་འདི་ལྟར་བསམས
༢༠༡༦ལའི་ཟླ་༩ཚེས་༨ཉིན་པེ་ཅིན་ནས།
①ཨ་མྱེས་ཡུལ་ལྷ། མཚོ་སྔོན་ཁྲི་ཀ་ན་ཡོད་པའི་གཞི་བདག་ཆེན་པོ་ཞིག
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།