ངའི་སྙན་ངག་འདི་ལྷ་སའི་མགུལ་ལ་བསྐོན་རོགས་མཛོད།

199

IMG_6305.JPG

 

ལྷ་ས་ནི་རྒྱང་ནས་བལྟ་རྒྱུ་ཞིག་རེད།

ལྷ་ས་ནི་ཚགས་པར་གྱི་གསེང་ནས་བཀླག་རྒྱུ་ཞིག་རེད།

ལྷ་ས་ནི་མེས་པོ་ཚོའི་ངག་རྒྱུན་ཁྲོད་ནས་ཉན་རྒྱུ་ཞིག་རེད།

ལྷ་ས་ནི་མཇལ་ས་ཞིག་རེད།

ལྷ་ས་ནི་སྦི་རག་འཐུང་ས་ཞིག་རེད།

ལྷ་ས་ནི་ཁ་རོག་གེར་འདུག་ས་ཞིག་རེད།

ལྷ་སའི་གདོང་ལ་བཅོས་འཛུམ་གྱིས་བྱུགས་པའི་ཀ་རག་དག

མིག་ཆུས་བཀྲུ་མཁན་ཁྱོད་ཡིན་ནམ?  ང་ཡི་སྤུན་ཟླ !

སྐྱིད་ཆུས།  བོར་སོང་བའི་ངང་པ་དྲན་ནས་བློ་ཕམ་པའི་ཤུགས་རིང་ཡང་ཡང་འབྱིན།

ཁ་བ་མེད་པའི་མཚན་མོར།   རྡོ་གཅལ་གྱི་སྟེང་དུ་རྐང་རྗེས་དཔར་བའི་མི་ཕོ་དག

དག་ཞིང་དུ་བསྐྱོད་པའི་ལམ་ཁ་ནས་འགྱེལ་སོང་།

མཚན་མོར།  སྐར་ཚོགས་ཀྱི་མིག་འོད་འཚུབ་འཚུབ།

དེ་ནི་ལྷ་སའི་དབྱིངས་སུ་སྟོར་བའི་ང་ཚོའི་སེམས་དོན་གྱི་ཕྲེང་བ་ཡིན།

མར་མེ་ཡི་གཟི་བྱིན་ཀློང་དུ་འཁྱམས་པའི་ཨ་སྐྱོ་བ་ཁྱོད་ཡུལ་ཕྱོགས་གང་གི་ཡིན?

ཨ་སྐྱོ་བས་ལྷ་སའི་རྨི་ལམ་རུམ་ནས་གཉིད་ལ་ཡུར།

ཡིད་སེམས་སྨྲེང་ལ་བསྐུར་བའི་ས་གཞི་འདི།

བླ་རྒན་ཞིག་གིས་དོར་བའི་སྣ་ཕྱིས་དང་འདྲ་བར།

རྡུལ་འཚུབ་ཀྱིས་བར་སྣང་དུ་སྐྱོམ་ཞིང་བསྒུལ།

ང་ཡི་ལྷ་ས།  བརྗེད་དཀའ་བའི་ལོ་ཟླ་མང་པོ་ཞིག་དྲན་པའི་དུར་དུ་སྦས་ཀྱང་།

ང་ཡིས་སང་ཉིན་ནི་ཅིས་ཀྱང་བློས་བསླངས་བྱེད་ཐབས་མི་འདུག

བདག་གི་སྨྲ་བ་ཙག་གིས་ཕྱིད་སོང་།   ལག་པ་འཁོབ་པོས་སྙན་ངག་འབྲི་བཞིན་མ་ཡུམ་གྱི་བརྩེ་བ་དྲན།

མ་ཡུམ་ནི་ངའི་ཆེད་དུ་འོ་བརྒྱལ་མྱོང་མཁན་ཞིག་ཡིན།

མ་ཡུམ་ནི་སྙན་ངག་གི་ཕྲེང་བ་འབུལ་ས་དེ་ཡིན།

ལྷ་ས་ནས་མ་ཡུམ་དྲན་ནས་གདུང་བ་རླུང་ལ་བསྐུར་མཁན་ང་གཅིག་པུ་ག་ལ་ཡིན་ཨང་།

ལྷ་ས་ནི་རྨ་ཁ་ཞིག་ཡིན།  ངས་ལྷ་སའི་རྨ་ཁའི་སྟེང་ལ་ཚྭ་རྡོག་ཡང་ཡང་བཏབ།

ཡང་ན།  ལྷ་ས་ནི་ཚ་རྡོག་ཅིག་ཡིན།   ལྷ་སས་ངའི་རྨ་ཁའི་སྟེང་ལ་ན་ཟུག་ཡང་ཡང་བསླངས།

ལྷ་སས་རྨ་ཁ་གཟན་ཤམ་གྱིས་བཏུམ་ནས།   ལོ་མང་འགོར།

ང་ཡི་རྨ་ཁ་སྙན་ངག་གིས་བཏུམ་ནས།  ལོ་མང་འགོར།

མཚན་སྨག་གི་ཀློང་ནས།  སྙིང་ཉེ་བའི་ལྷ་ས་ལགས།   མཚན་བདེ་ལེགས།

ཁྱོད་ཀྱི་རྨི་ལམ་ལའང་སོ་ལྟ་བྱེད་མཁན་ཡོད་པས།

རྨི་ལམ་གྱི་གཤོག་པ་གང་སར་མ་བརྐྱངས་རོགས།

ལྷ་སའི་རྡོ་བ་འཁྱག་པོ་དག   ཁྱོད་ཀྱི་སྙིང་གཏམ་གྱིས་དྲོས་ཐུབ་པ་ཞིག་མ་ཡིན།

ལྷ་སའི་མཁར་གྱང་མཐོན་པོ་དག   ཁྱོད་ཉིད་ཐར་ཐུབ་ས་ཞིག་མ་རེད།

ལྷ་ས་དང་ཁ་འབྲལ་ཁར།   ངས་ཁོ་མོ་རང་གི་སྙིང་སྡུག་མར་བརྩིས་ནས།

ངས་ཁོ་མོ་ཡ་ཆུང་ཁོག་ཏུ་བསྡུས།  ངས་ཁོ་མོའི་སྐྲ་ལོར་བྱིལ་བྱིལ་བྱས།

ངས་ཁོ་མོའི་གདོང་ལ་མཆུ་སྒྲོས་ཡང་ཡང་སྦྱར།

ང་ཡི་གྲོགས་པོ་ལགས།  ཁྱོད་རང་ལྷ་སར་འགྲོ་ན།

ངའི་སྙན་ངག་འདི་ལྷ་སའི་མགུལ་ལ་བསྐོན་རོགས་མཛོད།

རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞནན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།