རྨེ་རུ་ཡུལ་ལྷ་ཐར་གྱིས་ནོར་ཝེ་ནས་བྲིས་པའི་སྙན་ངག(ང་ཡི་བོད།)

276

13530403_1109894742401358_459298649_n.jpg

                             __བྷེར་ཀེན་ནས་ནོར་ཝེར་གཞིས་སྡོད་བོད་རིགས་ཚོགས་པའི་མགྲོན་བསུར་བཅར་རྗེས།               

ངས་ཁྱེད་ཚོའི་བྱིས་དུས་ཀྱི་དྲན་གདུང་དེད་ནས་འོངས།

མཛེས་སྡུག་གི་གཏམ་རྒྱུད་རེ་རེ།

ཁྱེད་ཚོའི་ལྷུང་ལྷུང་གི་སེམས་པའི་ནང་ལ་བསྙལ་ནས་བཞག

སོབ་སོབ་འཕྱུར་བའི་ཡིད་ཀྱི་དྭངས་གཙང་ངོས་ལ་བཤམས་ནས་བཞག

ཁྱེད་ཅག་གི་མིག་ཆུ་ངའི་འགྲམ་ངོགས་ནས་བཞུར་སོང་།

ཁྱེད་ཅག་གི་དགའ་སྐྱོའང་ངའི་གདོང་པ་བརྒྱུད་ནས།

ཞི་བདེ་རྒྱ་མཚོའི་ངོགས་གཉིས་སུ་མཆེད་སོང་།

ལས་ཀྱིས་ལྡང་བའི་རླུང་བུ།

དུས་རབས་ཉེར་གཅིག་པས་ཁུར་ནས་འོངས།

ས་སྲོད་ཀྱི་འཇམ་ཐིང་ལ་འཇག་སྐྱ་ཁ་ཤས་བཙུགས།

ངས་མཐོང་དུས།

ཁྱེད་ཚོའི་མཛེས་སྡུག་ལ་སྐྱོ་བ་ཕྲན་བུ་འཁོར་འདུག

སེམས་པའི་ཕྱེད་ཀ་ཚུར་ལ་སྤྲད་ཚར་འདུག

དེའི་ཡང་ནང་རོལ་ལ་རེ་བའི་ལྗང་བུ་ཞིག་བཙུགས་འདུག

ཁྱེད་ཅག་གི་རེ་སྨོན་སྒྲུག་ནས།

ང་རང་རིམ་གྱིས་འཚར་ཆོག་པར་ཞུ།

ང་ལ་གཅིག་ཀྱང་མི་དགོས།

ཁྱེད་ཚོའི་གཞིས་སུ་ལུས་པའི་སེམས་པ་དེ་ལས་མི་དགོས།

བྱང་སྣེའི་འཁྱགས་རོམ་ཞུ་དུས།

ཉི་མའི་སྣེ་མོ་བཟུང་ནས།

ང་ཚོ་སླར་ཡང་འཕྲད་ཆོག་པར་ཞུ།

ཁུ་སིམ་ངང་ལོགས་སུ་བཞུགས་འདུག་པའི།

ང་ཡི་བོད།

            2016.6.21    བྷེར་ཀེན་དུ།

                  (རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།)

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།