རི་གྲོང་གི་མིག་ཆུ། (ཞར་བཀོད་གཉིས།)

176

ངས།   རྫ་ཆུའི་རླབས་སྒྲ།      རྩོམ་པ་པོ།   འཁོན་སྲས་རྣོ་ཟེར།     སྤེལ་དུས།  2016-06-24 19:28:02    ཀློག་གྲངས།:1218

[ནང་དོན་གནད་བསྡུས།]    བཅད་མ།……

           རི་གྲོང་གི་མིག་ཆུ།

འཇིག་རྟེན་བྱེད་པོའི་པིར་གྱིས་མ་བྲིས།།

མི་རྟག་སྒྱུ་མའི་བྱང་ཐང་ཆེན་པོ།།

གློ་བུར་དྲན་པའི་མེ་ལོང་ལོས་སུ།།

བསམ་ཞིང་བསམ་ན་སྡུག་གི་མཚོ་མོ།།

གཉེན་པོ་བསྟེན་པའི་ལས་ལ་མ་གོམས།།

དུག་གསུམ་རྩ་བ་ཅུང་ཙམ་འཕེལ་ཚེ།།

ཚེ་གཅིག་སྒྲུབ་པའི་དམ་པའི་ལྷ་ཆོས།།

རྡུལ་དུ་བརླགས་པའི་སྣང་བརྙན་མངོན་ན།།

སྡུག་གི་ཚེར་མ་སྙིང་ལ་ཟུག་དུས།།

མི་ཚེའི་སྙིང་བོ་རྐུ་བའི་འཁོར་བར།།

སྡང་བ་འདྲ་ལ་འཁོན་པ་འདྲ་འོ།།

འཛུམ་པའི་ཞལ་རིས་ཉ་གང་ཟླ་བ།།

འདྲེས་བའི་སྙིང་གཏམ་སེམས་ཀྱི་རི་མོ།།

ལྷན་གཅིག་འཛོམས་པའི་དགའ་སྟོན་མཐའ་དག།

འབྲལ་བར་དཀའ་བའི་བརྩེ་བའི་ཞགས་པ།།

སྐད་ཅིག་འཇིག་པའི་གཡུལ་ས་འདི་ནས།།

གང་ལ་ཞེན་དང་ཆགས་པའི་ཡུལ་གྱུར།།

སུ་དང་གང་ལ་བློ་གཏད་དཀོན་པས།།

བསླུ་མེད་གཏན་གྱི་གྲོགས་ཤིག་འཚོལ་ན།།

འདི་ཕྱི་གཏན་གྱི་བདེ་བ་བསམ་ན།།

རིན་ཆེན་རྣམ་གསུམ་སྤྱི་བོར་བཀུར་དང་།།

དེ་ལས་གཞན་པའི་ནོར་བུ་མེད་སྐད།།

སྐད་ཅིག་ངེས་འབྱུང་གསེར་སྐུད་ཕྲ་མོ།།

རིང་དུ་དཔྱངས་བའི་མདུན་པ་མ་ལྷོད།།

ཐར་བའི་གྲུ་ལ་མཉམ་ཞུགས་བསམ་ཡང་།།

མདུན་གྱི་ལམ་བུར་ཀྱག་ཀྱོག་མང་ལ།།

འཁོར་བའི་ཆོས་ཀྱི་སྨག་རིམ་རྒོད་པས།།

ལོང་པ་རྒན་པོས་གོམ་འགྲོས་འཁྱར་འཁྱོར།།

རི་གྲོང་འདི་ལས་སྤོ་ས་མེད་དུས།།

དངངས་པ་འདྲ་ལ་སྐྲག་པ་འདྲ་བས།།

གཏན་གྱི་སྐྱབས་དེ་དཀོན་མཆོག་གསུམ་གྱིས།།

བྱམས་དང་བརྩེ་བའི་འོད་ཀྱི་ཀོང་བུ།།

བདག་གི་མགོན་དུ་བསྐལ་བརྒྱར་འཛུམ་ཤོག།

                       ༢༠༡༦-༤-༡༤ལ་ལས་ཤག་ནས་ཡི་གེར་ཕབ་པའོ།།

           ཀ་རྩོམ་མགྲིན་པའི་མགུལ་རྒྱན།

ཨ་གསར་ཚིག་གི་དྲི་མས་མ་གོས་པར།།

ཧ་ཅང་གོ་བདེའི་ངག་གི་འཕྲིན་པ་ཞིག།

ཨ་མའི་ནུ་རིན་བསམ་པའི་གཞོན་པའི་སྡེར།

ཧ་རླངས་ཙམ་གྱི་མོད་ལ་ཤར་མར་འབྲི།།

ས་ཕྱོགས་གང་དང་གང་དུ་ཡོད་ནའང་།།

ཤ་ཞེན་བོད་ལ་བཅངས་བའི་མོས་འདུན་དགོས།།

ལ་ལུང་མང་པོར་སླ྄ོབ་གྲྭར་འགྲིམ་འགྲིམ་ནས།།

ར་མིན་ལུག་མིན་སྤྱོད་པས་རང་མ་རྫོད།།

ཡ་མ་བརླ་ཡི་སྤྱོད་པ་ཨ་ཁ་མ།།

འ་ཅག་ཚང་མས་རིང་དུ་མ་སྤང་ན།།

ཟ་ཟ་དྲིན་མོ་ཆེ་ཡི་དྲིན་ལན་དེ།།

ཞ་ཞི་ཇི་བཞིན་མཇལ་བའི་སྐལ་བ་དབེན།།

ཝ་ལྟར་གཡོ་སྒྱུ་འཆང་བ་མང་དྲག་ན།།

ཛ་དྲག་སྤྱོད་པས་རང་སྡུག་ཉོ་སྲིད་ལ།།

ཚ་ཆས་མེད་པའི་ལམ་གོལ་མགྲོན་པོ་བཞིན།།

ཙ་ཙིག་སྡུག་གི་མུན་པ་ཡལ་དུས་མེད།།

མ་རབས་ལས་ལ་རྒྱུན་པར་བརྩོན་གྱུར་ན།།

བ་གླང་རྩྭ་ཟན་དེ་དང་གཉིས་མེད་པས།།

པ་ཏྲའི་རི་མོ་བསྣོལ་འདྲིའི་རིག་གཞུང་ལ།།

ཕ་ཤུལ་འཛིན་པའི་སྡེ་ཡིས་བརྩོན་ན་རིགས།།

ན་ཚོད་གཞོན་ལ་རིག་པ་གསལ་བའི་དུས།།

ད་ལྟའི་ཕྲག་པར་བབས་པའི་འགན་འཁྲི་དེར།།

ཐ་ཤལ་སྤྱོད་པ་སྤང་དེ་མ་འབད་ན།།

ཏ་ཀུ་ཐོགས་པའི་དུས་དང་ཉེ་སོ་ལོ།།

ཉ་མོ་ཆུ་ལ་རྩེན་པའི་རྣམ་དཔྱོད་ཀྱིས།།

ཇ་ཡུན་ཙམ་གྱི་དུས་ཚོད་དམ་འཛིན་ངང་།།

ཆ་ལུགས་ཀུན་མཐུན་མདུན་མར་བརྩོན་ཙ་ན།།

ཅ་ཅོ་དྲི་བྲལ་མི་ཚེའི་བདེ་སྐྱིད་མཐོང་།།

ཀ་ཁ་ངག་ལ་གྱེར་བའི་བྱིས་པའི་མཚོན།།

ཁ་བའི་ལས་དོན་གཉེར་བའི་འགན་ཁྲི་ཅན།།

ག་ས་གང་དུ་ངེས་མེད་རྒྱུ་བའི་སྡེར།།

ང་ཡི་ཐོལ་བྱུང་གཏམ་འདི་རྒྱན་དུ་འདོགས།།

                                   ༢༠༡༦-༤-༦ལ།

           བྱིས་པ་ཚོར་གླུ་ཞིག་ལེན།

ཡབ་མེས་གོང་མ་གོང་མ་ཡི།།

མཛད་རྗེས་རྩ་ཆེན་རྩ་ཆེན་དེར།།

རྒྱུད་འཛིན་བྱེད་པའི་སློབ་ཕྲུག་ཚོ།།

འཇམ་དཔལ་དབྱངས་དེས་རྗེས་བཟུང་མཛོད།།

ཟླ་ཚེས་ཡག་པོ་ཡག་པོ་ཞིག།

བསུ་ལུགས་སྤྲོ་བོ་སྤྲོ་ཞིག།

འཛུམ་གྱིས་བསུ་བའི་སློབ་ཕྲུག་ཚོར།།

དབྱངས་གསལ་སོ་བཞིའི་གླུ་ཞིག་ལེན།།

ཕུགས་འདུན་རིང་མོ་རིང་མོ་ཞིག།

ཀུན་སྤྱོད་ཡག་པོ་ཡག་པོ་ཞིག།

ངང་གིས་མངའ་བའི་སློབ་ཕྲུག་ཚོར།།

རྟེན་འབྲེལ་སྙན་ཚིག་མཆོད་ཆང་འདྲེན།།

ཀུན་སློང་གཙང་མ་གཙང་མ་ཞིག།

རང་སྐད་རྣལ་མ་རྣལ་མ་ཞིག།

རྒྱུན་པར་སྨྲ་བའི་སློབ་ཕྲུག་ཚོས།།

དྲུག་གཅིག་དུས་ཆེན་རོལ་སྟངས་ཡག།

བདག་འཛིན་ཆུང་ཆུང་ཆུང་ཆུང་ཞིག།

ལྷག་བསམ་དཀར་པོ་དཀར་པོ་ཞིག།

གོས་སུ་བགོས་པའི་སློབ་ཕྲུག་ཚོར།།

ཕ་སྐད་གཙང་མའི་གཞས་ཤིག་ལེན།།

སྨོན་ལམ་བཟང་པོ་བཟང་པོ་ཞིག།

ལས་འབྲས་མོད་པོ་མོད་པོ་ཞིག།

གཏན་དུ་བཞད་པའི་སློབ་ཕྲུག་ཚོར།།

ཤེས་རིག་བདུལ་རྩིའི་མགུལ་རྒྱན་མཛེས།།

ཁོར་ཡུག་ཡངས་པོ་ཡངས་པོ་ཞིག།

རྣམ་པ་གསར་གསར་བ་ཞིག།

རྒྱན་དུ་འཆང་བའི་སློབ་ཕྲུག་ཚོས།།

མཐུན་སྒྲིལ་བྱོས་ལ་སྐོར་བྲོ་འཁྲོབ།།

རང་སྐད་སྙན་མོ་སྙན་མོ་ཞིག།

རང་གོས་འཛོམས་པོ་འཛོམས་པོ་ཞིག།

རང་ལ་དབང་བའི་སློབ་ཕྲུག་ཚོས།།

རང་དོན་ཤེས་པའི་བཀྲ་ཤིས་ཤོག།

  དྲུག་གཅིག་བྱིས་པའི་དུས་ཆེན་ལ་རང་ཉིད་ཀྱི་ཚ་བོ་ཚ་མོ་དག་གཙོའི་མི་རིགས་འདིའི་བདག་པོར་གྱུར་བའི་བྱིས་པ་ཚོར་སྨོན་ཚིག་ཞིིག་གི་ཚབ་མཚོན་འཁོན་སྲས་རྣོ་ཟེར་གྱིས།

                      རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།

0

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།