མེ་ལོང་ངོས་ཀྱི་རྡུལ་ཕྱེས་པ།
སྔོན་གྱི་ནེའུ་གསེང་མཛེས་པོ།།
ད་ལྟའི་རྫིང་གི་རྡོ་ཕུང་།།
ལོ་རབས་དུ་ཡི་གཏམ་རྒྱུད།།
སྒྲོན་མེ་ཞིག་གི་འོད་མདངས།།
རི་མགོའི་རྩེ་ཡི་ཁ་བ།།
ལག་པའི་ནང་དུ་བཞད་ནས།།
རྡུལ་གྱི་ཕུང་བོ་འདི་དག།
རླུང་བུའི་ངོ་བོར་སོང་ཞིང་།།
ཨེ་མ་ང་ཡི་མི་ཚེ།།
རྡུལ་གྱི་གླེགས་བམ་སྐྱ་བོ།།
མེ་ལོང་ངོས་ལ་བཀོད་ནས།།
སྐད་གསེང་མཐོན་པོའི་ངུའོ།།
ཡིད་ཀྱི་མིག་ཤེལ་དཀར་པོ།།
དེ་རིང་ས་ལ་ལྷུང་ཐལ།།
ས་ཡི་རྡུལ་ཕྲན་ཚོམས་བུ།།
ང་ཡི་ངོས་ལ་བབས་སོང་།།
2015/9/18
མེ་ལོང་གི་ཕ་རོལ།
རི་སྤྱང་རྔམ་གྱིས་བརྒྱུགས།།
མེ་ཏོག་རླུང་གིས་སྤུར།།
བྱེ་རླུང་ནག་པོ་དེ།།
ཆུ་བོའི་འགྲམ་ནས་ཉལ།།
ལུག་གི་རྨིག་པ་ཡིས།།
རྩི་ཤིང་བཅད་པར་བྱས།།
རྡོ་བའི་ཚོགས་དེ་དག།
ཡིད་ལ་རྩུབ་པར་བྱེད།།
སྦྲང་མ་བརྒྱ་དང་གཅིག།
མེ་ཏོག་བརྒྱ་དང་གཅིག།
རླུང་བུ་བརྒྱ་དང་གཅིག།
ཁོ་བོའི་ཚོར་བ་ཡིན།།
ཉ་མོ་ཆུ་ལས་འགྲེང་།།
རི་བོ་ཡོམ་ཡོམ་བྱས།།
སྙན་ངག་ཚིག་འབྲུ་ཞིག།
མཁའ་ནས་ས་ལ་ལྷུང་།།
2015.8.27
རང་བྱུང་ལྷ་མོ།
ཁྱོད་ཉིད་རྟོགས་པའི་བློ་ལ།།
མེ་ཏོག་པདྨ་འཁྲུངས་སོང་།།
པདྨའི་འདབ་མ་རེ་རེ།།
སྙིང་གི་གཏིང་ལ་འཐིམ་ཡོད།།
མཚན་ལྗོངས་རྨི་ལམ་ནང་ནས།།
རེ་བའི་ལྷ་མོ་མ་རྙེད།།
ཀུན་འགྲོའི་ངོས་ལ་ཅེར་ནས།།
དྲན་པའི་ཚིག་གསུམ་བྲིས་ཡོད།།
མ་བྲིས་རང་བྱུང་རི་མོ།།
དཔྲལ་བའི་ངོས་ལ་བཤམས་ཡོད།།
ལག་པའི་དཀྱིལ་ན་བཞད་ཡོད།།
སྙིང་གི་གསེབ་ན་སྦས་ཡོད།།
མེ་ལོང་ནག་པོའི་ངོས་ལ།།
མེ་ལོང་དཀར་པོ་བཏབས་ནས།།
ཡིག་འབྲི་རེ་གཉིས་བཀོད་ནས།།
བདེ་བ་ཅན་ལ་འགྲོའོ།།
2015.8.4
གཟོབས།
མདུན་གྱི་རི་བོ་པང་དུ་བླངས།།
དེ་ཡི་སྟེང་དུ་མེ་ཏོག་བཀྲམ།།
སྡོང་བོ་གཅིག་གི་ཡལ་ག་ལ།།
མི་རྟག་ཟིལ་བ་བཙན་གྱིས་མཆོངས།།
སྐར་མདའ་ཤུགས་ཀྱིས་ས་ལ་ལྷུང་།།
ཆར་བ་དག་ནི་ཤག་ཤག་སྒྲ།།
མེ་ལྕེབ་གཅིག་འཕྲོ་གཅིག་བྱས་ནས།།
ང་ཡི་ཕོ་བྲང་བཟི་བར་བྱས།།
གློག་སྒྲོན་ལ་ཡང་བཀབ་པར་བྱས།།
མིག་ནི་རབ་ཏུ་ཚ་བར་བྱས།།
ལྕགས་ཐབ་ལ་ཡང་ཤི་གསོན་སྟོན།།
རས་ཁྲ་དག་གི་ངོས་ཉིད་ལ།།
ཁྱོད་ཀྱི་འཇའ་ཚོན་བྱུགས་དོན་ཅི།།
ཀ་བ་དག་གི་བར་གསེང་ན།།
ཁྱོད་ཀྱི་ཕོ་བྲང་བཞེངས་དོན་ཅི།།
ཁོ་བོའི་རྨི་ལམ་རྨིས་པ་ན།།
སྡོམ་དང་མེ་ལྕེབ་ཁྱུ་དག་གིས།།
ཕོ་བྲང་ཀུན་ལ་འདོད་རྩལ་སྟོན།།
བློན་ཆེན་འགའ་ཡིས་བསྲེགས་པར་བྱས།།
2015.8.9
རྟོག་བཟོའི་ལྷ་མོ།
དཀར་ཁུང་ཆུང་སོང་མ་ཟེར།།
ཉི་འོད་མ་མཐོང་མ་ཟེར།།
ཚུར་ལ་མི་ཡོང་མ་ཟེར།།
མྱི་གཅེས་རེད་ཅེས་མ་བརྗོད།།
སེམས་ནག་ཡིན་ཞེས་མ་གླེང་།།
དགའ་རོགས་མིན་ཞེས་མ་བཤད།།
མིག་ཟུང་གཞན་ལ་མ་འཁོར།།
དོག་ཆུང་རེད་ཅེས་མ་བརྗོད།།
ཡིད་ལ་འཁྲུངས་མེད་མ་ཟེར།།
ཁ་ཁ་ཡིན་ཞེས་མ་གསུང་།།
རྟོག་བཟོ་ཞིག་ཡིན་མ་ཟེར།།
འཁྲུལ་བ་རེད་ཅེས་མ་བརྗོད།།
གདོང་གི་མེ་ཏོག་དམར་ཆུང་།།
སུ་ཡི་སྟེང་དུ་ལྷུང་སྲིད།།
རླུང་གིས་བར་ཆད་མེད་ན།།
ཁོ་བོའི་ཐོག་ལ་བཞད་ཡོང་།།
བྱུ་རུའི་ལག་གདུབ་མཛེས་པོ།།
སུ་ཡིས་ཁྱོད་ལ་བསྟེར་སོང་།།
འཁྲུལ་བའི་ལམ་བཀག་མེད་ན།།
ཉིད་ཀྱིས་ཁྱོད་ལ་སྟེར་ཡོད།།
བར་སྐོར་ནང་གི་གཡུ་ཆུང་།།
སུ་ཡིས་ཉོ་རབ་ཡོད་ཐལ།།
ཚོང་དཔོན་དྲངས་མོ་ཡིན་ན།།
ང་ཡིས་ཁྱོད་སར་ཉོས་ཡོང་།།
2015.7.7
(རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།)