
བདག་དང་འབྲེལ་བའི་སྙན་ཚིག་ཚན་པ་ཉེར་བདུན།
མི་བཤད་ཐུ་མེད་དུ་གྱུར་པ།
མེ་ལྕེ་དམར་ལྷེམ་ལྷེམ
ཟངས་དེམ་ནང་གི་ཆུ་ཁོལ་ལྷོག་ལྷོག་གདུས
ད་ནི་མཆུ་ཏོ་ལས
སྐད་འབྱུང་མགོ་བརྩམས།
སྐད་གསང་མཐོ་རུ་ཕྱིན།
དཔེར་ན། མེ་རུ་འཕྱུར་བའི་སྐད་ཅིག་མ་དང་པོ་དེའོ།
འགྱིང་ཉམས།
རྣམ་འགྱུར་གྱིས་མི་ཀུན་བསྣད་པར་རྩོམ
ཁོ་བོ་ནི་ནུས་པ་ཡོད་དོ་ཅོག་གི་གཏེར་ཏེ
ཁོ་བོས་མ་གཏོགས
སུ་ཡིས་ལས་ཀ་འདི་དག་ལྕིགས་སམ་ཞེས
ཁོ་བོའི་འཇོན་ཐང་ལ
བསྒྲུན་ཕོད་པའི་འཁོར་ཚོགས་མེད་པ
འགྱིང་ཉམས་ཀྱིས་སྟོན།
བྲེལ་བྲེལ་འཚུབ་འཚུབ།
ཕར་འགྲོ་ཚུར་འོངས་འགའ་བྱེད
སུ་ཞིག་དང་འཕྲད་པར་བྱེད
ཐུག་ཐུག་རིག་རིག་ལ་བྲེལ་བ་ཆེ་མདོག་སྟོན
ཁོར་ཡུག་འདི་གཞུག་ནས་བསྟད་ཅིང་སྔུན་ནས་དྲུད་མེད་ནའང
ཁོ་རང་སྐས་རིམ་མཐོན་པོ་ཞིག་ལ་འབྱོར་འདུག
འཚོགས་ནས་ཐག་གཅོད་མི་ཐུབ་ནའང ་།
འདི་ནི་གཟའ་སྔོན་མའི་སྤྱི་སྡོམ་ཡིན
ད་ནི་གཟའ་རྗེས་མའི་ལས་ཀ་བཀོད་སྒྲིག་བྱེད་སྐད
གཟའ་རེ་རེ་ལ་ཚོགས་འདུ་རེ
ཁོར་ཡུག་འདི་ལ འགྱུར་ལྡོག་གང་ཡང་མི་འདུག་ནའང
སྔར་བཞིན་ཏན་ཏིག་གིས་ཚོགས་འདུ་འཚོགས་ཤིང
སྔར་བཞིན་སྤྱི་སྡོམ་དང་བཀོད་སྒྲིག་བྱེད
མཚན་ཉིད་བསྙད་པར་སྤྲོ་བ།
གཉིས་སློབ་གཅིག་སྒྲུབ་ཟེར
ངས་ཅི་ཡིན་ཆ་མ་འཚལ
གཏན་འབེབས་དོན་ཚན་བརྒྱད་ཟེར
ངས་ད་རུང་མ་གོ
བསམ་བློ་ཞིག་བཏང་ན་གོ་རྟོགས་མེད་པ་རྣམས་ནི
ད་བཟོད་ཆེད་སྤྱོད་མིང་བརྡ་དང་མཚན་ཉིད་བསྙད་པར་སྤྲོ
ཡིད་སེམས་བློང་བློང་པོར་གྱུར་པ།
སློབ་གཙོ་ཡིས དེ་རིང་ནས་བཟུང
རུལ་སུངས་འགོག་རྒོལ་སློབ་གླིང་དུ་བསླེབས་པ་རེད་ཅེས་བཤད
ངའི་སེམས་ལ རུལ་སུངས་སློབ་གླིང་དུ་ལྷགས་པ་རེད་དམ་ཞེས
ཡིད་སེམས་བློང་བློང་པོར་གྱུར
ལས་བཟོ་པ་ཀུན་སྣང་དོགས་མེད་པར་བསྡད་འདུག་ཅིང
སློབ་གཙོ་ཡང་མགོ་འཕང་གཏད་ནས་བསྡད་འདུག
ང་འདར་ཙམ་བྱས་སོང་།
ནར་འགྱངས་མེད་པར་ཚོགས་འདུར་ཞུགས་དགོས
དགོངས་དོན་དག་ཟིན་བྲིས་སུ་གདབ་དགོས
གལ་ཏེ བཀའ་འདི་མ་བརྩིས་ན
སྒྲིག་འཛུགས་དང་སྲིད་གཞུང་ལ
བློ་མ་དཀར་བའི་དན་རྟགས་ཏེ
གོང་རིམ་ལ་ཞུ་གཏུགས་བྱ་ངེས་ཟེར
དུས་འདིར ང་འདར་ཙམ་བྱས་སོང
ང་ཚོའི་རྔུལ་ཁྲག་རྡོག་རོལ་ཏུ་མ་གཏོང་།
ལྟོས་དང འགྱུར་ལྡོག་ཇི་འདྲ་ཐེབས་འདུག
འདི་ནི་ལོ་འདི་འགའི་རིང
ངའི་རྩོལ་བ་དང་འགྲུས་པ་ལས་ཐོན་པ་ཡིན་ཅེས་སྨྲས་འོངས
ཡིན་ཡང དུས་ཚོད་ཀྱི་ཁ་བ་བུ་ཡུག་ཁྲོད
ང་ལ་གྲུབ་འབྲས་མེད་ནའང
ངའི་རྔུལ་ཁྲག་ལ
ཕངས་པ་མེད་པར་རྡོག་པས་མ་བརྫིས་ལགས
མིག་མདུན་གྱི་གནད་དོན་ཐག་གཅོད་རོགས།
འགོ་པ་ཆེ་གེ་མོས
སང་ལོ་གནང་ལོ་ཞིག་ལ
ལས་ག་གེ་མོ་ཞིག་བསྒྲུབ་རྒྱུ་རེད་ཅེས་འུར་ན་ཡང
ངས སྐུད་པ་རིང་ན་ཆད་འགྲོ་བ
སྔ་མོ་ནས་རྟོགས་ཡོད་པས
འགངས་ཆེ་བ་ནི མིག་མདུན་གྱི་གནད་དོན་མ་ཡིན་ནམ
གྲོགས་སྒྲིག་པའི་རང་དབང་སུ་ལའང་ཡོད།
འགྲོ་འདུག་ཉལ་འཆག་ཁྱོད་ཀྱིས་ཁྲུན་ཐག་བཅད
གྲོགས་བསྒྲིགས་པའི་སྐོར་ལའང
ཁྱོད་ཀྱིས་ཐེ་གཏོགས་བྱེད
འོན་ཀྱང ཁྱོད་ཀྱིས་ཤེས་ཡོད་དམ
ཡ་རབས་མ་རབས་ཟེར་བ་ལ
ཚངས་ཐིག་དང་ལྟོས་མེད་ཅིག་ཡོད་པ་མ་རེད
ཡ་རབས་མ་རབས་ནི་སྐུད་པ་ཉིས་རྐྱ་ཞིག་རེད
ངའི་དགའ་ཁ་ནི་ཁྱོད་ཀྱི་འཁྱེར་སོ་དེ་ཡིན་མི་སྲིད་པས
གྲོགས་གང་ཞིག་སྒྲིག་པའི་རང་དབང་སུ་ལའང་ཡོད་པ་རེད
རང་སེམས་ལ་དོགས་པ་མེད་ན་གཤིན་རྗེ་ལ་སྐྲག་དགོས་སམ།
ཚོགས་འདུའི་སྐབས་སུ
ལས་བཟོ་པ་ཁ་ཤས་ཀྱིས
བྲེ་མོའི་གཏམ་འདྲ་བརྗོད་ཀྱིན་འདུག་པས
རྗེས་ཕྱོགས་སུ་གཟབ་པར་འཚལ་ཟེར
ཀྱེ ང་ཡི་འགོ་ཁྲིད་ལགས
གཟབ་དགོས་པ་རང་གི་བྱ་བྱེད་ཡིན་པ་ལས
ང་ཚོའི་ཁ་ཡམས་ཙམ་གྱིས
ཁྱོད་ལ་ཀྲེ་ནག་བསྐུས་ཐུབ་བམ
ང་ལ་ངག་སྡོམ་པའི་རང་དབང་སྤྲོད་ཅིག
ཁ་ལྕེ་མང་པོ་ཞིག་གིས
བསམ་ཚུལ་འཆད་མྱོང
ཁ་ལྕེ་མང་པོ་ཞིག་འཕག་ཙམ་བྱེད་ཀྱིན་འདུག
ཁྱོད་ཀྱིས ང་ལ་བསམ་ཚུལ་ཤོད་དང་མ་ཟེར
ཁྱོད་ཀྱིས དུས་ནམ་ཞིག་ལ
སུ་ཞིག་གི་བསམ་ཚུལ་ལ་བླགས་མྱོང་ངམ
བཤད་དང་མ་བཤད་ལ་ཁྱད་མེད་པས
སྐུ་མཁྱེན ང་ལ་ངག་སྡོམ་པའི་རང་དབང་སྤྲོད་ཅིག
མཇུག་མེད་པའི་ལས་ཀ་དེར་སུན།
ཁ་སང་ནས་བཟུང
སློབ་རའི་རིག་གནས་འཛུགས་སྐྲུན་བྱས
དེ་རིང གྲག་མེད་འགུལ་མེད་དུ་གྱུར
སང་ཉིན ཁྱོད་ཀྱིས་ལས་ཀ་གཞན་ཞིག་གི་མགོ་རྩོམ་སྙམ་མམ
དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས
ང་དངོས་གནས་དེ་ལྟ་བའི་ལས་ཀ་བྱེད་སྟངས་ལ་སུན
ཁྱོད་ཀྱི་ཕྱིར་ཏུ་སློབ་མ་སྡུག་ལ་སྦྱོར་མི་རུང་།
སྙིང་ཉེ་ཉེའི་སློབ་མ་ཚོ
ཕ་ཡུལ་ཕ་མ་བསྐྱུར་ཏེ་འདིར་ཡོང་དོན
ཁྱོད་ཀྱི་བདེ་ལེགས་ཀྱི་ཆེད་དུ་མ་ཡིན་ཏེ
ཁོ་ཚོ་རང་ཉིད་ཀྱི་ཆེད་དུ་ཡིན་པས
ཁྱོད་ཀྱིས་རང་ཉིད་ཀྱི་རེ་འདོད་ཀྱི་ཕྱིར་ཏུ
ཁོ་ཚོའི་དུས་ཚོད་ཕྲོགས་ཏེ
སྡུག་ལ་སྦྱོར་མི་རུང
མི་སྣ་དཔེ་བཟང་ཅན།
ངས་བདམས་མ་མྱོང
ཁོ་ཚོས་ཀྱང་བདམས་མི་འདུག
འོན་ཀྱང སྐད་འགྲགས་ཀྱིས
ག་གེ་མོ་ནི་མི་སྣ་དཔེ་བཟང་ཅན་ལ་བདམས་པ་ཡིན་ཟེར
ཚང་མས་གྲོས་ཁ་བསྡུར་ཙ་ན
ད་ནི་འོང་ལོ་རྗེས་ནས་བུད་འདུག་སྟེ
ག་གེ་མོ་ནི་ང་ཚོའི་རྩིས་གཉེར་པ་རེད
བཙན་གཏམ་གྱིས་སྤ་བཀོང་བར་བྱེད་མི་ཐུབ།
དུས་རྟག་ཏུ སུ་ཞིག
སྒྲིག་ཁྲིམས་འདི་དང་འགལ་ན
སྒྲིག་ཁྲིམས་དེ་ཡིས
རང་དགར་མི་བསྐྱུར་ཁོ་ཐག་ཡིན་ཞེས
བཙན་གཏམ་བཤད་འོངས
ཡིན་ཡང ཚོགས་ཁང་ལས་ཐོན་རྗེས
ལས་གྲོགས་དག་སྔར་དང་ཨ་ན་མ་ན་རེད
ཁྱོད་ཀྱི་ཁ་ཏ།
ང་ཚོ་འགོ་ཁྲིད་ལ་མཚོན་ན
གོང་རིམ་གྱིས་བསྐུར་བའི
ང་ཚོའི་སྐྲག་སྣང་དེ
འོག་རིམ་ལ་བསྐུར་དགོས་ཤིང
གོང་རིམ་གྱིས་ང་ཚོར་སྤྱོ་སྤྱོ་མ་གནང་གོང
ང་ཚོས གདོད་མར
འོག་རིམ་ལ་སྤྱོ་དགོས
ཁྱོད་ཀྱི་བྱེད་ཐབས།
ངས རྒྱལ་ཁབ་དང་རྒྱལ་ཁབ་བར
གསང་མྱུལ་བ་ཡོད་པ་ཤེས་ལ
རྒྱལ་ཁབ་ནང་ཁུལ་དུའང་གསང་མྱུལ་བ་ཡོད་པ་ཤེས
འོན་ཀྱང ཁྱོད་ཀྱིས་ང་ཚོའི་ཉེ་གམ་དུ་གསང་མྱུལ་མངགས་ཏེ
ང་ཚོའི་གཏམ་སྤྱོད་ལ་ལྟ་རྟོག་བྱེད་དུ་བཅུག་ཅིང
ཁྱོད་ཕྱོགས་ཀྱི་གླེང་མོལ་ཡོད་མེད་ལའང
སོ་ལྟ་དང་གཟབ་མཉན་བྱེད་དུ་བཅུག
ང་ཚོའི་ཤེས་རབ་ལ་མཐོང་ཆུང་མ་བྱེད་ཅིག
ཁྱོད་ཀྱིས ཉིན་རྒྱུན
རྒྱལ་བོའི་སྨྲ་བ་ལན་གཅིག་ལྟར
རང་གི་འདོད་པ་ཁོ་ན་བཞིན
ཡིན་མདོག་གིས་ལབ་ཅིང་ཡིན་མདོག་གིས་སྒྲུབ
ང་ཚོས ཁྱོད་ཀྱི་བྱ་བྱེད་དེ་འགྲིག་མི་འདུག་ཅེས
སྙན་ཞུ་བྱས་ནའང
ཁྱོད་ཀྱིས་སྣ་གཉེར་དང་ཁྲེལ་དགོད་བྱེད
ང་ཚོའི་ལྷོད་མེད་ཀྱི་འབད་བརྩོན།
ཁྱོད་ཀྱིས་ཟོལ་བཅོས་ངང
ང་ཚོ་ལ་ཁ་ཡག་དང་ངོ་དགའ་བཤད་ཅིང
མུ་མཐུད་དུ་འབད་པ་བྱོས་ཞེས
ཁྱོད་ཀྱི་འཁོར་འོག་ཏུ་བཙུད་ཐབས་བྱེད་མོད
ང་ཚོས ཧུར་ཐག་དང་འགན་ཁུར་བ་ནི
ཁྱོད་ཀྱི ཁ་ཡག་དང་ངོ་བསྟོད་ཀྱི་ཆེད་དུ་མ་ཡིན་ཏེ
གྲིམ་རིག་རིག་གི་མིག་ཟུང་དེའི་ཕྱིར་རོ
མཐུན་སྒྲིལ།
མཐུན་སྒྲིལ་ནི་འགངས་ཆེ་རབས་ཁྱོད་ཀྱིས་བཤད
ང་ཚོ་ལ་མཐུན་སྒྲིལ་དགོས་ཞེས་ཁྱོད་ཀྱིས་བཤད
དེ་བས ང་ཚོས་རྣམ་དག་གི་ལག་གདང་སྦྲེལ་སྐབས
ཁྱོད་ཀྱིས རྣ་ཅོག་རེ་རེའི་བུ་གར
གཞན་གྱི་ལག་པར་སེམས་ཆུང་བྱོས
གཡང་རོང་དུ་འཕེན་སྲིད་ཅེས
ང་ཚོའི་བར་ལ
ཕྲ་མ་དང་དབྱེན་དཀྲུག་དགོས་དོན་ཅི་ཡིན་ནམ
ངའི་ཐ་ཚིག
ངས སྔར་བཞིན་འགྱུར་མེད་ངང་ང་རང་འཚོས་ཡོད
ང མིག་མངས་འདིའི་འགྲོ་སྟངས་ཤེས་པའི
མི་བུ་རྣམ་དཔྱོད་ཅན་ཡིན་པས
ཁྱོད་ཀྱིས་གཡོ་ཟོལ་དང་ལྐོག་ཇུས་ཀྱིས
ང་རང་བསྐྲུས་པའི
ལས་ལ་མ་འབད་དེ
ངལ་བ་འབྲས་མེད་ཡིན་པས་སོ
ངའི་སྙན་ཞུ།
ལས་དོན་རུ་ཁག་གི་ངོ་སོ་ཐོབ་ཆེད
ཁྱོད་ཀྱིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ཡོད
ང་ཚོས་ལས་ཀའི་གོ་སྒྲིག་མང་པོ་ཞིག་གྲུབ་ཡོད
ང་ཚོས ལས་དོན་རུ་ཁག་གི་ཁ་ཆོད་ཡོད་ནའང
ང་ཚོའི་སློབ་གསོ་སྔར་བཞིན་སོ་ན་གནས་པ་ཅིའི་ཕྱིར
འགོ་ཁྲིད་ཀྱེ ང་ཚོས་ད་ནས་བཟུང
ལྷོད་ལ་བབས་ཏེ་སློབ་ཁྲིད་བྱས་ན་ཆོག་གམ
ངའི་རྒྱང་འབོད།
གྲུ་གཟིངས་འདིར
སྒོ་དང་སྒེའུ་ཁུང་མི་འདུག་པས
སྒོ་དང་སྒེའུ་ཁུང་བཏོད་ཅིག
གྲུ་གཟིངས་འདི་སྨག་རུམ་ཁྲོད་བགྲོད་ཀྱིན་འདུག་པས
ཁ་བཀག་སྟེ་ཉི་ཟེར་ལ་སྒུགས་དང
གྲུ་གཟིངས་འདིའི་ཁ་ཕྱོགས་ཁྱོད་གཅིག་པུས་གཏན་འཁེལ་མ་བྱེད་རོགས
གྲུ་གཟིངས་འདིའི་ནང་དུ
རྒྱང་རིང་གི་འདུན་མ་ལ་ཆ་བཞིན་པའི
མི་མང་པོ་འདུག
ངའི་སློབ་གྲྭའི་ངོ་བོ།
ཐོག་མར་གཙང་སྦྲའི་སློབ་གྲྭ་ཞིག་ཡིན
དེ་ནས་ཏང་གི་སློབ་གྲྭ་ཞིག་ཡིན
དེ་ནས་ལས་དོན་རུ་ཁག་འདྲིད་བྱེད་ཀྱི་སློབ་གྲྭ་ཞིག་ཡིན
དེ་ནས སློབ་མའི་སློབ་གྲྭ་ཞིག་ཡིན
དེ་ནས དུས་ཚོད་ཆུད་ཟོས་སུ་འགྲོ་བའི་སློབ་གྲྭ་ཞིག་ཡིན
ངའི་དགེ་གྲོགས།
དུས་ཚོད་ནི་འཛད་མཐའ་མེད་ཅིང
ཉི་མ་དང་ཟླ་བའི་འཁོར་འགྲོས་ལ་གཅུ་གལ་མེད
འགྲན་རྩོད་དང་གནོན་ཤུགས
དགུན་གྱི་ཁུ་བྱུག་ལྟར་དབེན་པས་ན
མཚན་མོའི་ཝུ་ཆང་དང
ཉིན་མོའི་རྒྱན་སྐུགས་ནི
ཉི་མ་དང་ཟླ་བས་བསྣམས་འོངས་པའི
ཆེས་ཡིད་འོང་གི་ཅ་ག་ཁོ་ནའོ
ངའི་རྟོགས་པ་རྣམ་བརྒྱད།
འདི་རུ་ཆེས་རྩ་བར་གྱུར་བ་ནི་སྒེར་གྱི་ལས་དོན་སྒྲུབ་པ་དེའོ
ཡི་དྭགས་ནི་ཟས་ལ་སྲེད་ཅིང་ངོམས་པ་མེད་པ་དེའོ།
བདེ་སྐྱིད་ཀྱི་གོ་དོན་རྟོགས་པ་ན་བདེ་སྐྱིད་དང་ཁད་ཀྱིས་ཆོད་འགྲོ་བ་དེའོ
ཟླ་ཕོགས་ནི་ལྷོད་ལྷོད་སྐྱིད་སྐྱིད་ཀྱིས་ལེན་དགོས་པ་དེའོ
དཔེ་ཆ་ཀློག་པས་ཅི་ལ་ཡང་རྔོ་མི་ཐོགས་པ་དེའོ
མི་ངན་པར་དབང་ཐོབ་ན་འབུ་གྲོག་མར་སྒ་བསྟོད་པ་དེའོ
རང་ཁ་གསེར་གྱི་སྒོ་མོ་རང་སྲོག་གཅོད་པའི་སྟ་རེ་ཡིན་པ་དེའོ
སྨྲ་སྒོ་བསྡམས་ན་བདེ་བར་འཚོ་ཆོག་པ་དེའོ
རྫ་ཆུའི་རླབས་སྒྲའི་རྩོམ་དབང་གཞན་གྱིས་དགོལ་བར་མི་བྱའོ།།